གཅིག རྒྱུས་སྟོན་པ།
༡༽ ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་རྡོ་རྗེ་དབང་ཕྱུག
༢༽ བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ།
༣༽ བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་རིགས་གཅིག་རྐང་འཛིན་པ་ཨ་འབྲུག་དཀོན་མཆོག
༤༽ སྲོང་བཙན་ལོ་རྒྱུས་ཞིབ་འཇུག་པ་སྨན་ཤེར་བློ་གྲོས།
གཉིས། དམིགས་ཡུལ།
༼བཀའ་བློན་ཁྲི་པ་༽ཞེས་པའི་ཚགས་པར་འདི་འདོན་དགོས་དོན་ནི། བཙན་བྱོལ་བོད་མིས་རང་དབང་དང་མང་གཙོའི་སྒོ་ནས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་གསར་དུ་འོས་འདེམས་བྱེད་རན་ལ་ཉེ་བའི་སྐབས་འདིར། བཀའ་ཁྲིའི་སྐོར་ལ་འགན་ལེན་དང་དོ་སྣང་བྱེད་སའི་ཕྱོགས་བསྡུས་རང་བཞིན་ཅན་གྱི་བརྒྱུད་ལམ་ཁག་ཧ་ཅང་ཉུང་བས། འདི་ག་ནས་ཤེས་ཡོན་ཅན་དང་མི་མང་བྱིངས་ཀྱི་ནང་ཕན་ཚུན་དགོངས་ཚུལ་བརྗེ་རེས་བྱེད་སའི་གླེང་སྟེགས་ཤིག་ཏུ་འགྱུར་རེའི་འཕེན་པ་རྣམ་དག་དང༌། མཁྱེན་ལྡན་ལམ་སྟོན་པ་དང་ཤེས་ཡོན་ཅན་རྣམས་ཀྱི་དགོངས་ཚུལ་དང༌། མི་མང་ཡོངས་ཀྱི་རེ་འདུན་དཀྱུས་གཅིག་ཏུ་གསལ་བའི་འབྲེལ་ཟམ་ཞིག་ཏུ་འགྱུར་རྒྱུ། ད་དུང་བཙན་བྱོལ་བོད་མིའི་མང་གཙོའི་ནུས་སྟོབས་གོང་འཕེལ་དང་མི་མང་གི་གོ་རྟོགས་དང་འགན་ལེན་གྱི་ནུས་ཤུགས་རྒྱ་ཆེ་རུ་དང་གཏིང་ཇེ་ཟབ་ཏུ་འགྲོ་ཐབས་སུ་དམིགས་པ་ཞིག་ཡིན།
གསུམ། ནང་དོན་མཚམས་སྦྱོར།
ཚགས་པར་འདིའི་ནང་དོན་ནི།
༡ བཀའ་བློན་ཁྲི་པའི་སྐོར་གྱི་ལམ་སྟོན་བཀའ་སློབ་དང་རྒྱུན་ཤེས་ཀྱི་སྐོར་གང་ཡོད་མུ་འགོད་བྱ་རྒྱུ།
༢ མཁྱེན་ཡོན་ལྡན་པ་གང་མང་ཞིག་ལ་ ༢༠༡༡ ལོའི་བཀའ་ཁྲིའི་སྐོར་ལ་བཀའ་འདྲི་ཞུ་རྒྱུ། ༣ བཀའ་བློན་ཁྲི་པའི་སྐོར་གྱི་ཆེད་རྩོམ་དང་བསམ་ཚུལ་འགོད་རྒྱུ།
༤ ཚོགས་སྡེ་ཁག་དང་སྒེར་པ་ཚང་མར་བཀའ་ཁྲིའི་འོས་ཆོས་དམིགས་བསལ་གྱིས་གསལ་འདོན་བྱ་སའི་ས་མིག་ཡོད་པ།
༥ བཀའ་ཁྲི་གསར་པའི་ཁྱད་ཡོན་གང་འདྲ་ཞིག་ཚང་དགོས་པ། ཁོང་གིས་མ་འོངས་པའི་འཆར་གཞི་སློང་ཐབས་དང་ལས་འགན་ཇི་ལྟར་འཁྱེར་དགོས་མིན་སོགས་ཀྱིས་མཚོན་པའི་བརྗོད་གཞི་སྣ་ཚོགས་ཤིག་ཡོངས་ཁྱབ་སྤེལ་རྒྱུ།
༦ རྩོམ་སྒྲིག་པའི་གཏམ་དང་གླ་ཡོད་གསལ་བསྒྲགས་བྱ་ས་ཡོད་པ་བཅས་ཡིན།
བཞི། འགྲེམས་སྤེལ་དུས་ཚོད།
༢༠༡༠ ལོ་ཚེས་པ་དང་མཉམ་དུ་འགྲེམས་སྤེལ་བྱེད་རྒྱུ་ཡིན་ལ། ཟླ་བ་རེར་ཐེངས་གཅིག་རེ་འདོན་རྒྱུའི་འཆར་གཞི་ཡོད་མོད། འོན་ཀྱང་ང་ཚོའི་འཆར་འགོད་དུས་ཐོག་ཏུ་མངོན་འགྱུར་ཡོང་མིན་ནི་གཙོ་བོ་མཁྱེན་ལྡན་རྩོམ་པ་པོ་རྣམས་ཀྱིས་གཞོགས་འདེགས་དང༌། བཀུར་འོས་མི་མང་བྱིངས་ཀྱིས་དོ་སྣང་ཆེན་པོ་བྱེད་མིན་ལ་རག་ལས་པ་ཞིག་ཡིན་ཞིང༌། བཀའ་བློན་ཁྲི་པ་གསར་དུ་འདེམས་ཐོན་བྱུང་མ་ཐག་ནས་ང་ཚོས་ཚགས་པར་འདི་འདོན་མཚམས་འཇོག་རྒྱུ་ཡིན་པས། དེ་དོན་དགོངས་ཆུབ་ཡོང་བར་ཞུ་རྒྱུ།
ལྔ༌། འགྲེམས་སྤེལ་བྱེད་ཕྱོགས།
སྐྱབས་བཅོལ་བོད་མི་འཚོ་སྡོད་བྱེད་སའི་རྒྱལ་ཁབ་བཅུ་བཞི་དང༌། ལྷག་པར་རྒྱ་གར་ས་གནས་ཁག་ཉི་ཤུའི་ནང་དུ་འགྲེམས་སྤེལ་བའི་ཞབས་ཕྱི་ཞུ་མཁན་གྲ་སྒྲིག་བྱས་ཡོད་ལ། དེ་བཞིན་བོད་ནང་གཙོ་བོར་དམིགས་ཏེ་ཧི་གཟུགས་ཟིན་བྲིས་ནང་དུའང་འགོད་རྒྱུ་བཅས་ཡིན།
དྲུག ཐུགས་སྣང་བཞེས་ཕྱོགས།
བཀའ་ཁྲིའི་སྐོར་ལ་མཁྱེན་ལྡན་པ་སུ་ཞིག་ལ་དགོངས་ཚུལ་དང་བཅར་འདྲི་ཞུ་དུས་སྐབས་ཐོག་དང་ལེན་ཡོང་བ་དང༌། ཤེས་ལྡན་རྩོམ་པ་པོ་རྣམས་ཀྱིས་མ་སྐུལ་རང་རྟོགས་ཀྱིས་བཀའ་ཁྲིའི་སྐོར་ལ་གནད་འཁེལ་འགན་ལེན་ལྡན་པའི་ཆེད་རྩོམ་སྣ་མང་ཞིག་སྤེལ་གནང་ཡོང་རྒྱུ། དེ་མཚུངས་ང་ཚོས་དམིགས་བཀར་གྱིས་བཀའ་ཁྲིའི་སྐོར་གྱི་རྩོམ་པ་པོ་སུ་ཞིག་ལ་ཆེད་རྩོམ་འབྲི་སྐུལ་བྱེད་སྐབས་དུས་ཐོག་རྒྱབ་སྐྱོར་གནང་རྒྱུ་དང༌། དེ་བཞིན་བོད་མི་སྤྱི་ཡོངས་ཀྱིས་བཀའ་ཁྲི་གསར་པའི་འོས་འདེམས་སྐོར་ལ་དོ་སྣང་དང་འགན་ལེན་ཕན་ནུས་ཐོན་པ་ཞིག་ངེས་པར་དུ་བྱ་རྒྱུ། གཞན་ཡང་ང་ཚོས་རྩོམ་སྒྲིག་བྱེད་སྟངས་ཀྱིས་མཚོན་པའི་ནོར་སྐྱོན་ནམ་ཤོར་ལ་ཐད་ཀར་ཡོ་བསྲང་ལམ་སྟོན་གནང་རྒྱུ་དང༌། ཐེངས་འདིའི་ལས་གཞིའི་མཐུན་རྐྱེན་ཕྱོགས་ལ་ལྷག་བསམ་ཡངས་པ་སུ་ཞིག་གིས་རྒྱབ་སྐྱོར་གནང་ན་ཚགས་པར་ནང་གི་ཐུགས་རྗེ་ཆེ་ཞུ་བའི་ལེ་ཚན་དུ་འགོད་རྒྱུ་ཡིན་པ་བཅས་སོ།།
བདུན། གོ་སྒྲིག་དང་རྩོམ་སྒྲིག་པ།
༢༠༠༨ ལོའི༼སྒྲོན་མེ་༽ཞེས་པའི་ཆེད་དེབ་དཔེ་ཚོགས་ཀྱི་རྩོམ་སྒྲིག་པ། ༢༠༠༩ ལོར་༼སྒྲོན་མེ་ཆེད་རྩོམ་འགྲན་བསྡུར་༽ཞེས་པའི་གོ་སྒྲིག་དང་འགྲན་རྩོམ་ཕྱོགས་བསྒྲིགས་༼ཤེས་རྟོགས་དང་ལག་ལེན་༽ཞེས་པའི་ཆེད་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་དཔལ་ཤེར་བློ་བསྟན། ལག་བསྟར་རྩོམ་སྒྲིག་པ་རྨེའུ་དཀོན་རྒྱམ་དང་འབྲོག་པ་གསུམ་ཡིན།
བརྒྱད། འབྲེལ་གཏུགས་བྱེད་ཡུལ།
བཀུར་འོས་རྩོམ་པ་པོ་དང་དོ་སྣང་ཅན་རྣམས་ཀྱིས་བཀའ་ཁྲིའི་སྐོར་གྱི་རྩོམ་ཡིག་དང་བཅར་འདྲི། དྲི་བ་དང་འོས་མིའི་ཁྱད་ཆོས་སོགས་འདི་གར་གློག་ཀླད་ནང་དུ་བཅུགས་ནས་གཤམ་གསལ་མྱུར་འཕྲིན་ཁ་བྱང་གང་རུང་ཐོག་ཏུ་བསྐུར་ཐུབ་ན། ང་ཚོའི་ལས་དོན་ལ་ཕན་ནུས་ཆེན་པོ་ཡོད་པས། དེ་ལྟར་ཡོང་བའི་རེ་སྐུལ་ཡང་ནན་གྱིས་ཞུ།
རྨེའུ་དཀོན་རྒྱམ།
0091-981635676
འབྲོག་པ།
0091-9816612889
མྱུར་འཕྲིན་ཁ་བྱང༌།
lamp_editor@yahoo.com/jam2005yang@yahoo.com
འབྲེལ་གཏུགས་བྱ་ཡུལ་གྱི་ཁ་བྱང༌།
Jam yang kunchok House NO. 120D.K. Road Dharamsha INDIA
ཐོག་མར་ཁྱེད་ཅག་གིས་འཆར་གཞི་ལམ་ལྷོང་དུ་འགྱུར་བའི་སྨོན་འདུན་ཞུ། ཁྱེད་རྣམས་ཀྱི་འཆར་གཞི་ལྟར། མཁས་དབང་དང་། ལྷག་པར་དུ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མྱོང་བའི་མི་སྣ་ཁག་གི་དགོངས་ཚུལ་རྒྱ་མི་ཆུང་བ་ཞིག་སླེབས་ཐབས་ལ་འབད་བརྩོན་ཡོང་བ་ཞུ། མཐར་བཀའ་བློན་ཁྲི་པའི་ཚགས་ཤོག་ལམ་ལྷོང་དུ་སོང་ནས་བཀའ་བློན་ཁྲི་པ་ཡག་པོ་ཞིག་སླེབས་པར་ཤོག དཀོན་མཆོག་གི་ཐུགས་རྗེས་གཟིགས། ལྷ་ཆོས་སྐྱོང་སྲུང་མས་འཕྲིན་ལས་རྩལ་དུ་གསོལ།
༄༅།། དེ་དངོས་གནས་ཡག་པོ་འདུག་ལ། རང་རིགས་ལ་ད་ལྟའི་ཆར་དགོས་གནདཀྱང་དེ་བས་ཆེ། ཡིན་ན་ཡང་དེ་དངོས་སུ་ལག་བསྟར་ཡོང་མིན་མི་ཤེས།
བྱ་བ་ཞིག་མགོ་བརྩམས་རྒྱུ་དེ་ནི་དེ་འདྲའི་དཀའ་མོ་ཞིག་མིན་ཟེར་ན་ཆོག རེད་དེ། མཇུག་སྐྱོང་རྒྱུ་དེ་ནི་དངོས་ནས་ཧ་ལས་པའི་དཀའ་ལས་ཁག་པོ་ཞིག་ཆགས་ཡོད་པ་རེད། དེ་ཡིན་དུས་ཁྱེད་ཅག་གིས་སེམས་ཤུགས་བསྐྱེད་པ་གཞིར་བཟུང་གིས་རྒྱ་ཆེ་མང་ཚོགས་ཀྱིས་ཀྱང་དགའ་བསུ་དང་བཅས་དེ་དོན་སྣང་ཡོད་པ་ཀློག་བདེ་བ། ས་གནས་ས་ཐོག་དུ་དུས་ཚོད་ལྟར་འབྱོར་ཐུབ་པ། ཕྱོགས་རུས་སོགས་ཀྱི་དབང་དུ་མ་སོང་བ་ཞིག་ཡོང་རྒྱུར་བདག་གིས་ཕྱི་ཡུལ་ཞིག་ནས་སྙིང་གར་ཐལ་མོ་སྤྱར་ནས་ཁྱེད་ཅག་གི་ལས་དོན་འདི་ལམ་ལྷོང་དང་ལེགས་འགྲུབ་ཡོང་བར་་འཚམ་འདྲི་ཡོད། རེད་དེ། མི་འཇོན་པོ་རེ་ཡོད་ན། བོད་ནང་ཟེར་བའི་ཚགས་པར་ཞིག་འདོན་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག དེའི་ནང་དོན་ནི་བོད་ནང་གི་བོད་མི་སྐྱེ་བོ་ཡོད་ཚད་སུ་ཞིག་གིས་གནས་ཚུལ་གང་ནས་ཐོས་པ་དེ་དག་ཉིན་རེ་ཟེར་ན་དཀའ་ཡང་། ཟླ་རེ་ཐེངས་གཉིས་རེ་ཙམ་ལ་དཔར་བསྐྲུན་བྱེད་མཁན་ཞིག་བྱུང་བ་ཡིན་ན་ནི། དངོས་ནས་གཞིས་ལུས་མི་མང་གི་སེམས་ཤུགས་སྔར་ལས་ཀྱང་ཇེ་བརྟན་དུ་འགྲོ་བར་ཕན་ཐོག་པར་སྙམ་མོ། འདི་ནི་ཕལ་ཆེར་ཁྱེད་ཅག་གི་འདོན་འཆར་ཡོད་པའི་ཚགས་ཤོག་དེ་དང་འབྲེལ་བ་མེད་པ་ལྟ་བུ་ཞིག་བཤད་སོང་བ་ལྟ་བུ་འདུག་ན་དགོངས་དག་ཞུ། ཁོམ་པ་བྱུང་། དུས་ཚོད་ཀྱི་འདང་། རོགས་སྐྱོར་ཐོབ། མི་ཡིས་འདང་བ་ཡིན་ན་བསམ་གཞིགས་ཤིག་གནང་བར་འཚལ། བོད་བྱེས་སུ་ཡོད་མཁན་སྤུན་ཟླ་ཚང་མས།
དངོས་གནས་ཡག་པོ་འདུག རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད་ལ། ལྷག་པར་དུ་ལས་དོན་ལམ་འགྲོ་ཡོང་བའི་སྨོན་འདུན་ཡང་ཡང་ཞུ་བ་ཆབས་ཅིག འདི་ལྟ་བུའི་ལས་དོན་ལ་ཕྱོགས་སུ་ཤེས་ལྡན་པའི་གཙོས་མི་མང་སྤྱི་ཡོངས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་ཕན་ནུས་ཐོགས་པར་བྱེད་རྒྱུའི་རེ་སྐུལ་ཡང་ཞུ།
ཤེས་རྟོགས་དང་ལག་ལེན་གྱི་འཆར་གཞི་འདང་ཐུབ་པའི་སྤོབས་པ་དང་སྤྱི་སེམས་ཡོད་པ་ཆེས་ངོ་མཚར་བའི་གནས་སུ་མཆིས་སོ།།
ཁྱེད་ཚོས་འདི་ལྟར་སྤྱི་ཕན་གྱི་ཕྱག་ལས་གནང་བར་རྗེས་སུ་ཡི་རང་ཡོད། ང་ཚོའི་སྤྱི་ཚོགས་ཁྲོད་ཆབ་སྲིད་དང་། ལྷག་པར་བཀའ་ཁྲི་གསར་བ་འོས་འདེམས་ཀྱི་གོ་རྟོགས་ངེས་པར་དུ་སྤེལ་དགོས་འདུག།
རྒྱབ་སྐྱོར་ཡོད། དེའི་ཆེད་རྩོམ་ཡིག་རེ་ཡང་བྲིས་ནས་གཏོང་འདོད་ཡོད།
དེ་ཙམ་ཡིན།
དེ་ངོས་དྲང་ནས་ཡག་པོ་འདུག་། བསམ་ཚུལ་ཆུང་ཆུང་ཞིག་ཞུ་རྒྱུ་ཡོད་། ངོས་ཟུར་ཞིག་དུ་ཞལ་འདེབ་ཀྱི་ས་ཆ་ཞིག་ཡོད་ན་ག་འདྲ་འདུག་།
འདི་ལྟ་བུའི་ལས་དོན་སྒྲུབ་འདུན་གྱི་སྤོབས་པ་དང་ལྷག་བསམ་ལ་ངོས་འཛིན་ཡང་དག་ཅིག་རང་ཤུགས་ཀྱིས་ཡོང་གི ད་དུང་《སྒྲོན་མེ》ཞེས་པའི་ཆེད་དེབ་དཔེ་ཚོགས་དེ་ཡང་བཙན་བཙན་བྱོལ་སྤྱི་ཚོགས་ནང་གི་ཕུལ་བྱུང་གི་དཔེ་དེབ་ཀྱི་གྲས་སུ་བརྩི་ཆོག་ཆོག་ཅིག་ཡོད་པ་ང་རང་ཀློག་པ་པོ་ལ་བྱུང་བའི་མྱོང་ཚོར་རྣལ་མ་ཡིན་ལ། ལྷག་པར་དུ་རྨེའུ་དཀོན་རྒྱམ་ཟེར་བ་ཉེ་སྔོན་རྩོམ་པ་པོ་མཐུན་ཚོགས་ཀྱི་དམིགས་བསལ་རྩོམ་རིག་བགྲོ་གླེང་སྐབས་གཏིང་ཟབ་ཅིང་བསམ་གཞིགས་བྱ་རིན་ཡོད་པའི་དྲི་བ་སྣ་ཚོགས་ཤིག་འདོན་མཁན་དེ་ཨེ་སྙམ། གལ་སྲིད་ཡིན་ནི་ད་དུང་ལོ་ན་ཆུང་ཞིང་སློབ་སྦྱོང་གི་རྨང་རྐང་གང་འཚམ་མཐུག་པོ་ཡོད་པའི་སྣང་བ་འཆར་སྟེར་སོང་བས་རྗེས་ཕྱོགས་ཀྱང་བོད་དང་བོད་ཀྱི་རིག་གཞུང་གི་ཕྱོགས་སུ་འབད་བརྩོན་གནང་བར་རེ་སྐུལ་ཡང་ཞུ།
གང་ལྟར་ང་ཚོ་ཚང་མས་ཁོང་རྣམ་པའི་ལས་དོན་ཕྱོགས་སུ་རྒྱབ་སྐྱོར་དོན་དང་ལྡན་པ་ཞིག་བྱ་དགོས་པ་ཚང་མར་བབ་པའི་ལས་འགན་ཞིག་རེད་ལ། ཁྱེད་ཅག་གི་བཀའ་བློན་ཁྲི་པ་ཞེས་པའི་ཚགས་པར་འདིའི་ནང་དུ་མི་མང་གི་འཐུས་ཚབ་སྤྱི་འཐུས་ཀྱི་ས་མིག་ཅིག་ག་འདྲ་འདུག་གམ། དེ་ལྟར་ཁ་གསལ་གཏིང་གསལ་གྱིས་སྒོ་ནས་མི་མང་གི་གོ་རྟོགས་དང་འགན་ལེན་བྱེད་ཕྱོགས་ལ་ཕན་པའི་ལས་དོན་འདི་བུའི་རིགས་ང་ཚོའི་སྤྱི་ཚོགས་ནང་ངེས་པར་དུ་དགོས་པ་མ་ཟད་གསར་གཏོད་ཀྱི་རིགས་ཀྱང་ལྷག་པར་མཁོ་བ་འདུག
ཁྱེད་ཚོའི་ངོས་ནས་ད་ལོར་གོ་སྒྲིག་དང་རྩོམ་སྒྲིག་བྱས་པའི་ཤེས་རྟོགས་དང་ལག་ལེན་ཞེས་པའི་འགྲན་རྩོམ་ཕྱོགས་བསྒྲིགས་ཤིག་ཡོད་པར་བསྟན་འདུག་སྟབས་དེའི་ནང་དོན་མཚམས་སྦྱོར་ཞིག་བྱེད་ཨེ་བྷཐུབ།
ལྷད་མེད་ཀྱིས་རྒྱབ་སྐྱོར་ཡོད་ལ། མ་འོངས་པར་ཡིན་ནའང། འདི་ལྟའི་ལས་དོན་རྩོམ་རྒྱུ་ལའང་རེ་སྐུལ་ཡང་ཡང་ཞུ།
རྒྱབ་སྐྱོར་མེད། རྒྱ་གར་ལ་ཨ་མདོ་བ་མ་གཏོགས་མི་མེད་པ་རེད་དམ། འདིས་ཡག་པོ་ཞིག་བཟོ་འི་རེད། མི་འདི་ཚོ་ཕྱོགས་རེས་ཅན་རྐྱང་རྐྱང་རེད།