སྒྲོལ་མ་ལྷ་མོ། ཡུ་རོབ་ཧྤ་རན་སི་ནས།
ངས་བོད་མི་མང་ལ་དགོངས་དག་ཞུ་གི་ཡིན། གང་ཡིན་ཟེར་ན། སྐབས་སྔོན་མའི་སྲིད་སྐྱོང་འོས་འདེམས་སྐབས་སུ་ང་རང་བློ་བཟང་སེང་གེ་ལགས་ཀྱི་འུར་སྒྲོག་དང་ཧམ་བཤད་ལ་ཡིད་ཆེས་བྱས་ཏེ། རྩ་ཆེ་བའི་འོས་ཤོག་གཅིག་པུ་དེ་བློ་བཟང་སེང་གེ་ལགས་ལ་གཡུགས་པ་ཡིན། འདས་པའི་ལོ་ཤས་ནང་གི་བློ་བཟང་སེང་གེ་ལགས་ཀྱི་འཛིན་སྐྱོང་ལམ་ལུགས་དང་བོད་ཕྱི་ནང་གི་བོད་མིའི་སེམས་ནང་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྣང་བརྙན་བཞེངས་སྟངས་དེ་ཏག་ཏག་རྩ་བ་ནས་བསྡད་མ་སོང་བ་མ་ཟད། ལོ་བཞི་ཕྱིན་པའི་ད་ལྟ་ད་དུང་ཡིན་ཡང་༼གཅིག་སྒྲིལ་༽དང་༼གསར་གཏོད༽་༼རང་ཁ་རང་གསོ་༽ཞེས་པའི་སྐད་ཆ་སྙིང་རྗེ་མོ་རྣམས་འུར་སྒྲོག་བསམ་གྱིས་མི་ཁྱབ་པ་ཞུ་བཞིན་དུ། ད་ལྟའི་སྲིད་སྐྱོང་འོས་བསྡུའི་བགྲོ་གླེང་ཁག་ཏུ་མུ་མཐུད་ནས་ཧམ་བཤད་བྱ་རྒྱུ་སྔར་ལས་རྒྱ་ཇེ་ཆེར་སོང་ཏེ། སྐད་ཆ་རྫབས་ཆེན་པོ་གཅིག་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི། ཕྱི་འབྲེལ་སྲིད་ཇུས་དང་ཆོས་རིག དཔལ་འབྱོར།སློབ་གསོ་སོགས་ལ་འདས་པའི་ལོ་ངོ་བཅུ་ཕྲག་མང་པོར་༧གོང་ས་མཆོག་གཙོ་བྱེད་པའི་མི་རབས་རྒན་པ་རྣམས་ཀྱི་བྱས་རྗེས་ནག་བསུབ་གཏོང་རྐྱང་གིས། ཧ་ལམ་མ་སོང་ན་ཁོང་མི་སྒེར་གྱིས་ཞེ་བྲག་བྱས་ཡོད་པའི་ཁ་ཕོད་གནམ་སས་མི་ཁེབས་པ་ཞུ་བཞིན་པ་ཡིས། ངས་རང་གི་རྩ་ཆེ་བའི་འོས་ཤོག་གཅིག་པུ་དེ་བློ་བཟང་སེང་གེ་ལ་སྤྲད་པ་དེ། རང་དབང་ལུང་པར་ཡོད་པའི་བོད་མི་ཞིག་གིས་བོད་ནང་གི་རྒྱ་ཆེའི་མི་མང་གི་འཐུས་ཚབ་ཀྱིས་བསམ་བློ་ནན་ཏན་མ་བཏང་བ་ཡིན་པས། ངས་འདི་ནས་བོད་རིགས་སྤུན་ཟླ་ཚོར་དགོངས་སེལ་ཞུ་རྒྱུ།
དང་པོ། ༧གོང་ས་མཆོག་ལ་དགོངས་སེལ་ཞུ་རྒྱུ།
བོད་མི་མང་ལྐུགས་པ་ནི་ཡིན་རྒྱུ་མ་རེད་དེ། དོན་ངོ་མའི་སྟེང་ནས་ཀླུ་མཁར་བྱམས་ཀྱིས་༧གོང་ས་མཆོག་ལ་དམའ་འབེབས་དང་སྐྱོན་བརྗོད་བྱེད་པ་གསལ་བོ་ཤེས་སོང་མདོག་མདོག་བསྟན་ཏེ་བོད་མི་ཁ་ཤས་ངར་ལངས་ཏེ་ཧ་ལམ་མ་སོང་ན་ཀླུ་མཁར་བྱམས་རྒྱ་ནག་གི་རྒྱུགས་ཁྱི་ཡིན་ཚུལ་བཤད་རེད། ཡིན་ན་ཡང་བློ་བཟང་སེང་གེ་ལགས་ཀྱིས། དུས་རབས་འདིའི་ཁྲོད་དུ་དགུང་ལོ་བརྒྱད་བཅུའི་རིང་ལ་དབུ་སྐྲ་དཀར་པོ་མ་གྱུར་བའི་བར་དུ་ལག་ཟུང་ཐལ་མོ་སྦྱར་ཏེ་༼ང་ཡི་བོད་དང་ང་་ཡི་བོད་མི་༽ཞེས་གདུང་འབོད་དང་དཀའ་སྡུག་འདྲེས་མ་ལོ་དང་ཟླ་བ་བརྒྱུད་དེ། བཙན་བྱོལ་བོད་མི་ཞེས་སེམས་ཆགས་ས་ཞིག་ཕྱོགས་གང་ཅིའི་ཐད་རྡོག་རྡོག་ཅིག་བཟོས་ཡོད་པ་དེ། བློ་བཟང་སེང་གེ་ལགས་ཀྱིས་ལོ་རྒྱུས་ཁྲོད་དུ་ནག་བསུབ་གཏོང་བར་གྲ་སྒྲིག་དང་ཧམ་བཤད་རིམ་པ་བྱེད་བཞིན་པ་འདི་ནི་ཀླུ་མཁར་བྱམས་ལས་ལྷག་པའི་༧གོང་ས་མཆོག་གི་མཛད་རྗེས་ནག་བསུབ་གཏོང་སྟངས་ཡིན་ཡང། བོད་མི་ལྐུགས་པ་མང་པོས་གང་ཡང་མ་ཤེས་མདོག་མདོག་རེད་འདུག
དེ་ལས་ཀྱང་རྫབས་ཆེ་ཤོས་ནི་དབུ་མའི་ལམ་གྱི་འཐབ་རྩོད་ལ་ཁོ་ཉིད་སྲིང་སྐྱོང་བྱེད་པའི་རིང་ལ་གཞི་ནས་ཕོ་བྲང་དཀར་པོ་དང་ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་རྒྱབ་སྐྱོར་ཡོད་པའི་གསལ་བསྒྲགས་བྱེད་ཡོད་བཤད་སོང་། སྐད་ཆ་འདི་ཁོ་ནས་མི་འདི་ཧམ་པ་བཤད་པར་ག་ཚོད་གོམས་ཡོད་པ་གསལ་བོ་བཟོས་ཡོད། དབུ་མའི་ལམ་གྱི་དགོངས་གཞི་འདི་ལ་༧གོང་ས་མཆོག་གིས་བོད་མི་ནང་ཁུལ་དང་། ཡང་ན་རྒྱལ་ཕྱི་ནང་ལ་བཀའ་སློབ་ག་ཚོད་ཙམ་བསྩལ་ཡོད་པ་རེད། གསར་འགོད་པ་དང་འཛམ་གླིང་མི་མང་ག་ཚོས་༧གོང་ས་མཆོག་གིས་སྐུལ་ངལ་འཛེམས་མེད་དུ་གསལ་འགྲེལ་གནང་ཡོད་དམ། ལོ་ངོ་ག་ཚོད་ལ་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཚོ་དང་བོད་མི་མང་གིས་མི་རིགས་གཞན་པར་འགྲེལ་བརྗོད་ག་ཚོད་ཙམ་བྱས་ཡོད་དམ།
བློ་སེང་ལགས། སྐུ་མཁྱེན། སྐྱག་རྫུན་ལབ་ན་མ་འགྲིག་ཀྱང་ཧམ་བཤད་བྱེད་སྐབས་ཏོག་ཙམ་འཚེར་སྣང་ཡོད་པ་གནང་རོགས། ༧གོང་ས་མཆོག་ད་དུང་སྐུ་འཚོ་བཞུགས་རེད། མི་རབས་རྒན་པ་དང་གཞུང་ཞབས་པ་ཚོ་མ་ཤི་བར་གསོན་པོར་ཡོད། གཞུང་འབྲེལ་མིན་པའི་ཚོགས་པ་ཚོ་ད་དུང་མཐོར་མེད། བྱས་རྗེས་ཚང་མ་རང་ཁོ་ནས་ཁྱེར་ན་ཏོག་ཙམ་ངོ་ཚ་དང་འཛེམས་སོན་ཡོད་པ་གནང་རོགས། སྐུ་མཁྱེན། སྐབས་འདིར་ངས་བསྐྱར་དུ་ང་ལྟ་བུའི་ཀླད་མེད་ཁྲག་རྩ་འཕར་བ་ཚོ་ལོ་བཞིའི་གོང་ལ་བློ་བཟང་སེང་གེ་ལ་ཡིད་ཆེས་བྱས་ཏེ་འོས་ཤོག་བླུགས་པར་༧གོང་ས་མཆོག་ལ་དགོངས་སེལ་ཞུ་རྒྱུ།
གཉིས་པ། བོད་གཞིས་བཞུགས་རྒྱ་ཆེའི་མི་མང་ལ་དགོངས་སེལ་ཞུ་རྒྱུ།
བློ་བཟང་སེང་གེ་ལགས་ཀྱིས་འུར་སྒྲོག་དང་ཧམ་བཤད་བྱེད་པ་ཡིས། བོད་ནང་གི་གཞིས་བཞུགས་རྒྱ་ཆེའི་མི་མང་ལ་རྡབ་བསིག་བཏང་སྟེ། ངར་སློང་བ་དང་འུར་བསླངས་པ་ཡིས་བོད་མི་མི་ཉུང་བ་ཞིག་གིས་རང་གི་གཅེས་པའི་སྲོག་མེ་ལ་སྤར་ཡོད། བློ་བཟང་སེང་གེ་ལགས་ཀྱིས་ཧ་ལམ་མ་སོང་ན། མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཉམ་འབྲེལ། ཨ་རིའི་གྲོས་ཚོགས་བཅས་ཀྱིས་རང་ལུས་མེ་ལ་སྤར་མཁན་ཚོར་མཐཽང་ཆེན་དང་བོད་ཀྱི་གནད་དོན་ལ་ཐུགས་ཁུར་གནང་བཞིན་ཡོད་པས་གྲུབ་འབྲས་ཐོན་གི་ཡོད་མདོག་བསྟན་པ་ཡིས། རང་ལུས་སྤར་མཁན་ཇེ་མང་ནས་ཇེ་མང་དུ་སོང་ཡོད། ཡིན་ན་ཡང་དོན་ངོ་མ་བློ་བཟང་སེང་གེ་ལགས་ཀྱིས་རང་ལུས་སྤར་མཁན་བོད་མི་གཅིག་གི་ནང་མི་དང་ཤུལ་སྤུན་ཟླ་ཚོའི་བདེ་འཇགས་དང་གནས་སྟངས་བཅས་ཀྱི་ཐོག་ལ་རྒྱལ་སྤྱིའི་ཚོགས་སྡེ་སུ་ཡང་བོད་དུ་གཏོང་ཐུབ་མེད་པ་རེད། ད་རུང་དུས་ནམ་ཡང་ང་ཚོ་ཚགས་ཚུད་པོ་ཡོད། ང་ཚོ་དོན་འགྲུབ་པོ་ཡོད། ང་ཚོ་གཅིག་སྒྲིལ་ཡོད། ང་ཚོར་ལ་རྒྱ་དགོས་ཞེས་པའི་མཛེས་བཤད་བརྒྱ་སྟོང་བརྒལ་བའི་ཕུགས་སུ་གཞིས་བཞུགས་རྒྱ་ཆེའི་མི་མང་ཤི་ལམ་དུ་དེད་པའི་འུར་བསྒྲགས་ཀྱི་ཆེད་དུ། སྐབས་འདི་ནས་ངས་བསྐྱར་དུ་ལོ་བཞིའི་གོང་ལ་ཀླད་མེད་ཁྲག་རྩ་འཕར་ཏེ་བློ་བཟང་སེང་གེ་འོས་ཤོག་བླུགས་པར་དགོངས་སེལ་ཞུ་རྒྱུ་ཡིན།
གསུམ་པ། ངས་རང་ཉིད་ལ་དགོངས་དག་ཞུ་རྒྱུ་ཡིན།
བློ་བཟང་སེང་གེ་ལགས་ཀྱིས་ལོ་བཞིའི་གོང་ལ་གཅིག་སྒྲིལ་བསྒྲགས་པ་རེད། ལོ་བཞིའི་གོང་ལ་རང་ཁ་རང་གསོ་བསྒྲགས་པ་རེད། ལོ་བཞིའི་གོང་ལ་གསར་གཏོད་བསྒྲགས་པ་རེད། དངོས་ཡོད་ཐོག་རང་ཁ་རང་གསོ་ནི་སྔོན་གྱི་གཞི་རྩའི་རྨང་གཞིའི་དཔལ་འབྱོར་དང་ཚོང་ལས་ལམ་ལུགས་ནང་དུ་ལྷག་ཡོད། ཅི་ཞིག་ལ་རང་ཁ་རང་གསོ་ཟེར། གསར་གཏོད་བསྒྲགས་པ་ནི་བོད་ཀྱི་བཙན་བྱོལ་ལོ་རྒྱུས་ནང་གཅིག་སྒྲིལ་གཏོར་བ་འདི་རེད། སྐུ་དྲག་ཚོའི་ཁྱིམ་རྒྱུད་དང་གཞུང་འབྲེལ་ལས་ཀྱི་སྣེ་མོ་བ་ཚོའི་ངན་བྱུས། གང་ལྟར་རུང་བོད་ཀྱི་སྤྱི་ཚོགས་ཀྱང་སྤྱི་ཚོགས་གཞན་ལྟར་དཀར་འོད་འདྲེས་མ་ཡིན་ཡང་། ཕྱི་དགྲ་གཏོད་དུས་མདུང་རྩེ་མཉམ་གཏོད་བྱས་མྱོང་བ་ལས། ད་ལྟའི་འདི་འདྲ་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་དྲ་ཧ་ལས་པ་བྱུང་མ་མྱོང་། དེ་ཡང་༧གོང་ས་མཆོག་དང་མི་རབས་རྒན་པ་ཚོས་ལོ་རྒྱུས་ཀྱི་ནོར་འཁྲུལ་ལ་བསྐྱར་ཞིབ་དང་ལམ་གསར་མདུན་བསྐྱོད་བྱེད་པའི་བཀའ་དྲིན་གྱིས་རེ་རེ་བྱེད་དེ་རྨང་གཞི་བརྟན་པོ་བསླངས་ཡོད་པ་རྣམས། བློ་བཟང་སེང་གེ་ལགས་ཀྱིས་ལོ་གཅིག་གཉིས་མེད་པར་བཏང་ཡོད།
༼ཆོས་ཕྱོགས་ནས་བོད་པ་ནང་ཁུལ་ཟས་བཅད་ངོ་རྒོལ་བྱུང་བ་ཐོག་མ། གཞུང་ཞབས་དང་མི་མང་གི་བསལ་ཚུལ་འགལ་ཟླ་གྱུར་བ། བཀའ་ཤག་ནང་ཁུལ་དུ་བློ་སེང་ལགས་ཀྱིས་ལས་རོགས་བཀའ་བློན་ཚོར་རྫིག་པོའི་མིང་ཞིག་བཏགས་པ་ལས་དོན་ངོ་མའི་ལས་དོན་རྣམས་ཁོ་མི་སྒེར་གྱི་ཐག་གཅོད་ཕྱག་རོགས་བཀའ་བློན་ཚོའི་བསམ་ཚུལ་དང་ལས་དོན་ནུས་མེད་བཏང་བ། དོལ་རྒྱལ་བ་ཚོའི་ངོ་རྒོལ་གྱི་སྟོབས་ཤུགས་དང་གོ་སྐབས་རྒྱ་སྐྱེད་བཏང་བ། ཆོལ་ཁའི་ནང་དུ་ཁ་འཛིང་དང་ཞེན་འཁོན་ད་སྔ་བྱུང་མྱོང་མེད་པར་བསྐྲུན་པ། ཆུ་བཞི་སྒང་དྲུག་གསར་རྙིང་གང་རུང་ངོ་སྲུང་ཆེད་དུས་དབང་ཆབ་སྲིད་ལ་བསྒྱུར་བའི་ཐད་ནས་གོ་སྒྲིག་ཞུ་མཁན་དང་དད་ལྡན་མང་ཚོགས། ༧གོང་ས་མཆོག་སྒེར་བཅས་ལ་བརྡབ་གསིག་ཚད་ལས་བརྒལ་བ་བསྐྲུན་པ། འཕྲོད་བསྟེན་བཀའ་བློན་དང་ཨ་རིའི་དོན་གཅོད་གཉིས་ཀྱི་གོ་གནས་རང་ཕྱོགས་བདག་འཛིན་བྱེད་པ། གཞོན་ནུའི་དཀའ་རྙོག་དེ་སྔ་བྱུང་མྱོང་མེད་པ་ཞིག་བྱུང་བ། བོད་མི་སྤྱི་ཡོངས་ལ་དབུ་མ་དང་རང་བཙན་གྱི་ལྟ་བ་འཁོན་བྱེད་དུ་བསྐྲུན་པ།༽
དེ་ལས་ཀྱང་གལ་ཆེ་བ་ནི་བློ་སེང་ལགས་ཀྱིས་ལོ་རྒྱུས་སྙིང་རྗེ་མོ་ཞིག་རང་གི་མཚན་ཐོག་ནས་བཟོ་འདོད་པ་ལས་ལོ་རྒྱུས་དེའི་ནང་དུ་བོད་མི་ག་ཚོད་ཤི་བ་དང་བོད་མི་ག་ཚོད་ལ་རྡབ་གསིག་གཏོང་བར་ཉན་འཇོག་བྱེད་བཞིན་མེད་པཌྷ།༽འདི་ནི་བློ་བཟང་སེང་གེ་ལགས་ཀྱིས་གོང་གི་འུར་བསྒྲགས་ཆེན་པོ་གསུམ་གྱི་འོག་ནས་ལོ་རྒྱུས་ཀྱི་ནག་ཉེས་འཁྲབ་སྟངས་དེ་ཡིན། སྐབས་འདིར་ངས་ལོ་བཞིའི་གོང་ལ་ཁྲག་རྩ་འཕར་ཏེ་བློ་སེང་ལ་འོས་ཤོག་བླུགས་ཏེ་རང་ཉིད་ལ་བོད་སྤྱི་ཚོགས་ཡ་ང་བའི་ནང་འཁྲུག་མཐོང་དུ་བཅུག་པར་དགོངས་སེལ་ཞུ།
བཞི་བ། མི་ནག་པོ་ཞིག་དཀར་པོ་བཟོས་པའི་ངའི་བདག་དབང་གི་ནག་ཉེས།
ང་ལ་དམངས་གཙོའི་སྤྱི་ཚོགས་ནང་དུ་འདྲ་མཉམ་དུ་དང་རིན་ཐང་ཆེ་བའི་བདག་དབང་གཅིག་ཡོད། དེ་ནི་ངའི་མགོ་ཁྲིད་ངས་འདེམས་ཐུབ་པའི་འོས་ཤོག་གཅིག་པུ་དེ་ཡིན། ཡིན་ན་ཡང་ངས་རྒྱུ་ནོར་ལྐོག་ཟའི་དོགས་གཞི་ཡོད་པའི་མི་ཞིག་དཀར་པོ་བཟོས་སོང་། ངས་ཆཽལ་ཁའི་ཕྱོགས་ཞེན་དང་ཕྱོགས་ཁོག་སྒྲིག་པར་གོམས་པའི་མི་ཞིག་དཀར་པོ་བཟོས་སོང་། ངས་ཐབས་དང་ཤེས་རབ་ཀྱིས་ཕོངས་ཤིང་རིགས་ཞེན་གཏམ་ཁོ་ནར་བཅོལ་བའི་མི་ཞིག་དཀར་པོ་བཟོས་སོང་། ངས་མེས་པོ་གོང་མ་ཚཽའི་དཀའ་སྡུག་གིས་བསྐྲུན་པའི་ལོ་རྒྱུས་རྨངས་ནས་གཤིག་མཁན་ཞིག་དཀར་པོ་བཟོས་སོང་། ངས་ཆོལ་གསུམ་གོང་བུ་གཅིག་གྱུར་གྱི་བརྟན་བརླིང་བརྗིད་ཆགས་རྨང་ནས་གཤིག་མཁན་ཞིག་དཀར་པོ་བཟོས་སོང་། ང་ལ་ལོ་རྒྱུས་ཀྱི་ནག་ཉེས་ཆེ་སོང་། དེའི་སྟབས་ཀྱིས་ངས་རང་ཉིད་ལ་ཉེས་ཆད་གཅོད་རྒྱུ་ཡིན།
དེ་ནི་ངས་ཐེངས་འདིའི་འོས་འཕེན་བདག་དབང་ས་འོག་ཏུ་བཅུག་ཏེ་རང་གི་བདག་དབང་ནུས་མེད་བཏང་སྟེ་རང་ཉིད་ལ་ཉེས་ཆད་གཅོད་རྒྱུ་ཡིན། ངས་རང་གི་རྩ་བའི་བླ་མ་དང་མེས་པོ་གོང་མ། གཞིས་བཞུགས་རྒྱ་ཆེའི་མི་མང་། སྲོག་དམར་པོ་མེ་ལ་སྤར་མཁན་གྱི་རིགས་རྒྱུད་གཅིག་པ་རྣམས་པ། ཁ་མ་ཎི་ཆོས་སྒྲགས་བསྒྲགས་མཁན་བླ་མ་གྲྭ་བཙུན་གྱི་སྡེ། མདོར་ན་ངས་དུས་རབས་འདིའི་གོད་ཆག་བར་ལྷག་པའི་བོད་ཀྱི་ལོ་རྒྱུས་ལ་དགོངས་སེལ་ཞུ།
སྒྲོལ་མ་ལྷ་མོ་སྐྱབས་སྐྲ་རིང་མ། བློ་ཐུང་མ། སྔོན་མར་གསར་ཁང་རྡོ་རྗེ་དང་ཅོ་རི་གཉིས་ཀྱིས་བློ་སེང་ལ་འོས་མ་བླུག བཀྲས་མཐོང་ལ་བླུག་རོགས་བྱོས་དང་ཡག་བ་འདུག་ཟེར་དུས་་་ཁྱོད་ཚོའི་བོང་བུའི་རྣ་བ་ནང་དུ་གསེར་བླུགས་པ་ལྟར་དཀྲུགས་དཀྲུགས་བྱས་ནས་ཁ་ལ་ཉན་མེད་པ། ད་་་འགྱོད་པ་སྐྱེས་ན་སྡུག་གྱོང་རེད། དེང་སང་སྤེན་ཚེ་དང་བློ་སེང་གཉིས་མ་གཏོགས་གདམ་ཁ་མེད་པ་རེད། སྤེན་ཚེ་གདམ་ན་ལོ་ལྔ་ཡི་རྗེས་སུ་འགྱོད་པ་དེ་ལས་ཆེ་ཞིག་སྐྱེས་དགོས་ཐུག་ངེས་རེད་ད། བཙན་བྱོལ་སྤྱི་ཚོགས་ཁ་འཐོར་དགུ་འཐོར་གཏོང་ངེས་ཡིན་པར་གཞིར་གྲུབ་ཚར་བ་རེད་དོ། མི་བདེན་བསམས་ན་ལོ་ལྔ་ཡི་རྗེས་ལྟད་མོ་མཐོང་ཡོང་།
ཅི་མི་བདེན། ད་སྐད་གྲགས་གནམ་ས་འབིར་བ་ཞིག་བཞག་ཐལ།
ཧཧཧཧཧཧཧཧཧ
དཱ་འོས་བསྡུའི་སྐབས་ཀྱི་ཚོར་བ་དེ་་་་་་་
ཨ་མཆོག་ཀླུ་མཁར་བྱམས་པོ་དང་།
ཨ་མཆོག་འཇམ་དཔལ་ཚུལ་ཁྲིགས་ཀྱིས།
བློ་སེང་བཀའ་ཁྲིར་ལངས་སྐབས་སུ།
རྒྱབ་སྐྱོར་ཀ་བ་ལངས་ལངས་བྱས།།
བོན་རྒྱལ་བསྟན་འཛིན་རབ་རྒྱས་དང།
རྟ་ནག་སྐལ་བཟང་ལུང་རིག་གྱིས།
བློ་སེང་བཀའ་ཁྲིར་ལངས་སྐབས་སུ།
བསྟོད་རྩོམ་ཆར་པ་འབབ་འབབ་བྱས།
མི་ནག་ལུང་རིག་རྒྱལ་པོ་དང་།
དུས་བབ་དོན་འགྲུབ་བཀྲ་ཤིས་ཀྱིས།
བློ་སེང་བཀའ་ཁྲིར་ལངས་སྐབས་སུ།
གསར་འགྱུར་སྙན་ངག་འགོད་འགོད་བྱས།
ཨ་མདོའི་སྐྲ་རིང་བློ་ཐུང་དང་།
སྙན་ངག་ཐར་ཐོར་འབྲི་མཁན་ཚོས།
བློ་སེང་བཀའ་ཁྲིར་ལངས་སྐབས་སུ།
སྙན་ངག་ཆུ་ལོག་རྒྱུགས་རྒྱུགས་བྱས།
རི་དྭགས་རྒྱལ་པོ་སེང་གེ་ཁོ།
ཁྲི་ལ་བཀོད་མཁན་ཨ་མདོ་ཡིན།
ལོ་བཞི་ཕྱེས་ཀ་སོང་མཚམས་སུ།
འགྱོད་པ་སྐྱེས་མཁན་ཨ་མདོ་ཡིན།
བློ་སེང་ཁྲི་ལ་འཁོད་པའི་རྗེས།
འགྱོད་པ་སྐྱེས་ན་སྡུག་གྱོང་རེད།
བསམ་བློ་སྔོན་ནས་བཏང་མྱངས་བས།
ཅོ་རི་ང་ལ་འགྱོད་པ་མེད།
བླུན་པོ་དབུ་སྐྲ་རིང་པོ་ཚོའི།
གོ་ན་རྣ་བའི་དཀྱིལ་ལ་ཞོག
མ་གོ་གླུ་ལ་ཡང་ལེན་མེད།
སྒྲོལ་མ་ལྷ་མོ་ཟེར་བ་ཆབ་བྲག་སྐྲ་རིང་མ་ཨེ་རེད། ད་གཞི་ནས་ངས་སྔོན་མ་བཀྲས་མཐོང་ལ་འོས་བླུགས་པ་ཁ་གྲག་ཡོང་གི་འདུག
རང་ཉིད་ཀྱི་ཐག་བཅད་ནོར་སོང་བར་ངོས་ལེན་གྱིས་དགོངས་སེལ་ཞུས་སྟངས་དེ་ནི་བཟང་སྤྱོད་མཐུན་པས་བསྔགས་སོ། དངོས་ཡོད་གནས་ཚུལ་བཀོད་འདུག་པར་རྒྱབ་སྐྱོར་ཡོད།
རྗེས་འགྱོད་ཐམས་བཅས་ཧོལ་རྒྱུགས་སྐྱོན་།
རྗེས་འགྱོད་ཐམས་བཅས་གཞན་སླུས་སྐྱོན་།
རྗེས་འགྱོད་ཐམས་བཅས་རང་ནོར་སྐྱོན་།
རྗེས་ལ་མ་འགྱོད་རྟགས་དཔྱད་བགྱིས་།
ཧཧཧཧཧཧ
ཨ་མདོའི་ཤེས་ཡོན་པ་ཡིན་ཟེར་མཁན་ཚོ་འདི་ལྟར་ཕོ་མིན་མོ་མིན་མི་མིན་འདྲེ་མིན་དུ་གྱུར་སྐབས། ངས་དཔལ་དོན་གྲུབ་རྒྱལ་དྲན་སོང་། ཞོགས་དུང་དྲན་སོང་། ཨ་ཚོགས་ཀླུ་མཁར་བྱམས་དྲན་སོང་། དགེ་ཆོས་དྲན་སོང་། ཙོང་ཁ་པ་དྲན་སོང་།
ང་ལ་མང་གཙོའི་སྤྱི་ཚོགས་ནང་དུ་འདྲ་མཉམ་དུ་དང་རིན་ཐང་ཆེ་བའི་བདག་དབང་གཅིག་ཡོད་པ་དེ་ནི་ངའི་འོས་ཤོག་གཅིག་པུ་དེ་ཡིན།དེའི་རྐྱེན་གྱི་ངའི་སྒྲོལ་མ་ལྷ་མོ་ལ་རྒྱབ་བསྐྱོར་ཡོད་།
དེ་ཡང་མཉམ་མྱོང་རེད་མཉམ་མྱོང་མང་པོའི་ཁྲོད་ན་གནས་ལུགས་ཀྱི་རང་གཤིས་ངོ་མ་ཕྱི་རུ་མངོན་ཐུབ་མཉམ་མྱོང་མེད་པའི་མི་ཞིག་ལ་མཚོན་ན་ནོར་འཁྲུལ་ནི་རྒྱུན་ལྡན་རེད་ཡིན་ན་ཡང་དགོངས་དག་ཞུ་དགོས་བའི་གནད་འགག་ཞིག་ཏུ་རྩ་བ་ནས་མཐོང་མ་སོང་།
བསམ་གཞིག་དང་ཤེས་རབ་ཀྱིས་མིའི་རྣམ་དཔྱོད་ལ་ཕུལ་དུ་བྱུང་་པའི་ཚེ་སྲོག་ཞིག་སྐྲུན་ཐུབ། གཡམ་རྒྱུག་དང་ཕྱོགས་ཞེན་ལ་ནམ་ཡང་མགོ་མི་སྒུར།
བློ་བཟང་སེང་གེ་ལགས་ཀྱིས་འུར་སྒྲོག་དང་ཧམ་བཤད་བྱེད་པ།
སྲིད་སྐྱོང་ཁ་མཁས་པོ་མི་དགོས། སྲིད་སྐྱོང་འུར་གཏམ་ཅན་མི་དགོས།
སྲིད་སྐྱོང་ཁྲམ་པའི་གདོང་དེ་མི་དགོས། སྲིད་སྐྱོང་ང་རྒྱལ་ཅན་དེ་མི་དགོས།
སྤེན་ཚེ་རྒྱབ་སྐྱོར་བྱེད སྤེན་ཚེ་རྒྱལ་གྱུར་ཅིག
ཀྲུའུ་ཝེན་ཆོན་གྱིས་ཏཱ་ལའི་རུ་ཁག་གིས་ནང་འཁྲུག་རྒྱག་བཞིན་ཡོད་སྐོར་བརྗོད་འདུག
ཕྱི་ཟླ་༣ཚེས་༡ཉིན་རྒྱ་ནག་བོད་ལྗོངས་དྲ་བ་ཟེར་བའི་སྟེང་བཙན་བྱོལ་བོད་མིའི་འོས་བསྡུ་སྐོར་ལ་རྩོམ་ཡིག་ཅིག་སྤེལ་ཏེ་ཉིན་ཤས་ལས་མ་སོང་བའི་རྗེས། ཕྱི་ཚེས་༧ཉིན་གསར་འགྱུར་དྲ་བ་དེའི་སྟེང་སླར་ཡང་འོས་བསྡུ་དང་འབྲེལ་བའི་སྐོར་ནས་ཀྲུའུ་ཝེན་ཆོན་ལ་བཅར་འདྲི་བྱས་པའི་རྩོམ་ཡིག་ཅིག་སྤེལ་འདུག་ཅིང་། འདི་གའི་གསར་ཁང་གིས་རྩོམ་ཡིག་དེའི་ཚིག་དོན་ཇི་མ་ཇི་བཞིན་ཕབ་བསྒྱུར་གྱིས་གཤམ་ཏུ་བཀོད་ཡོད་ལ། བཅར་འདྲི་ཚན་པ་འདིའི་འཕྲོ་རྗེས་ནས་མུ་འགོད་བྱ་ངེས་ཡིན།
<>
“རྒྱ་ནག་བོད་ལྗོངས་དྲ་བས་ཟླ་༣ཚེས་༧ཉིན། རྒྱལ་ཡོངས་ཚོགས་ཆེན་གཉིས་སྟེང་དངོས་སུ་མཉམ་ཞུགས་བྱེད་བཞིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝེན་ཆོན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་སྐབས་བརྗོད་རྒྱུར། ཉེ་ཆར་ཏཱ་ལའི་རུ་ཁག་གི་སྲིད་གཞུང་རྫུན་མའི་སྲིད་སྐྱོང་འོས་བསྡུའི་མཐའ་བསྐོར་ནས་རུ་ཁག་ནང་ཁུལ་དུ་ཐེར་འདོན་གྱི་འཐབ་རྩོད་མུ་མཐུད་འབྱུང་བཞིན་པ་དང་། ནང་འཁྲུག་ནི་བོད་རང་བཙན་ཅི་ལྟར་མངོན་འགྱུར་ཡོང་ཐབས་ཀྱི་འགལ་ཟླ་འབུར་དུ་ཐོན་པ་ཙམ་ལས། ཏཱ་ལའི་རུ་ཁག་རྒྱལ་ཁབ་ལ་ངོ་ལོག་པའི་ཁ་བྲལ་རིང་ལུགས་རུ་ཁག་ཅིག་ཡིན་པའི་ངོ་བོ་འགྱུར་མི་སྲིད། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་། ནུས་ཤུགས་ཡག་པོ་རྒྱུན་འཛིན་ཐུབ་པ་ཙམ་གྱིས་ང་ཚོས་ཏཱ་ལའི་རུ་ཁག་གི་བདག་དབང་སྲ་བརྟན་ངང་བདག་ཏུ་བཟུང་ཐུབ་ལ། ཏཱ་ལའི་རུ་ཁག་གི་ནང་འཁྲུག་ཀྱང་མུ་མཐུད་རྒྱུན་མཐུད་ནས་འགྲོ་ངེས་རེད། ཏཱ་ལ་རུ་ཁག་གི་ནང་འཁྲུག་ནི་བོད་རང་བཙན་ཇི་ལྟར་མངོན་འགྱུར་ཡོང་ཐབས་སྐོར་གྱི་རྩོད་རྙོག་ཙམ་རེད།
གསར་འགོད་པ། ཉེ་ཆར་ཕྱིའི་བརྒྱུད་ལམ་ཁག་མང་པོའི་ནང་དུ་ཡུལ་གྱར་བོད་མིའི་སྲིད་གཞུང་གི་འོས་བསྡུ་ཆེན་མོ་ཟེར་བ་སླེབས་ལ་ཉེ་བ་དང་སྟབས་བསྟུན། ཏཱ་ལའི་རུ་ཁག་གི་ནང་འཁྲུག་ཀྱང་སྟངས་འཛིན་བྱ་ཐབས་མེད་པར་གྱུར་ཏེ། ཕན་ཚུན་སྐྱོན་འཚང་སྔོན་རེས་དང་། རྩ་དགོངས་ཞུ་བ། རང་སྲོག་གཅོད་པ། ད་དུང་ཡོངས་གྲགས་ཐོག་ཏཱ་ལའི་ལྡོག་ཕྱོགས་ནས་སྐད་ཆ་བཤད་མཁན་ཡོད་ཅིང་། ཁ་སང་ནས་བཤད་ན་རྙོག་དྲ་ལུང་པ་གང་ཆགས་སྡོད་ཡོད། ཁྱོད་ཀྱིས་ཐེངས་དེའི་འཐབ་རྩོད་ལ་ཇི་ལྟར་ལྟ་རྒྱུ་ཡིན་ནམ།ཀྲུའུ་ཝེན་ཆོན། ཐེངས་འདིའི་ཏཱ་ལའི་རུ་ཁག་གི་འོས་བསྡུ་ཆེན་མོ་ཞེས་འབོད་པ་ནི་སྒྲིག་འཛུགས་ཀྱི་འགན་ཁུར་མི་སྣ་གསར་པ་འོས་འདེམས་བྱ་རྒྱུ་དེ་ཡིན། འོས་བསྡུ་ཆེན་མོ་དེའི་ཆེད་ཏཱ་ལའི་རུ་ཁག་ནང་ཤོག་ཁག་སོ་སོའི་སྟོབས་ཤུགས་དང་། ཚབ་མཚོན་མི་སྣ་འདྲ་མིན་གྱིས་རང་རང་སར་ནས་ནུས་པ་རེ་འདོན་བཞིན་ཡོད་ཅིང་། ནང་འཁྲུག་བརྒྱབ་སྟེ་དུས་ཚོད་ཤིན་ཏུ་རིང་པོ་འགོར་ཟིན། ནང་འཁྲུག་དེ་དག་ནི་གློ་བུར་དུ་བྱུང་བ་ཞིག་གཏན་ནས་མིན་པ་མ་ཟད་ཐེངས་འདིའི་འོས་བསྡུ་ལ་བརྟེན་ནས་བྱུང་བ་ཞིག་ཀྱང་རྩ་བ་ནས་མིན། ཏཱ་ལའི་རུ་ཁག་ནང་ཁུལ་དུ་ཆབ་སྲིད་ཀྱི་ཤོག་ཁག་མི་འདྲ་བ་དང་། ཆོས་ལུགས་ཀྱི་ཆོས་བརྒྱུད་མི་འདྲ་བ། ཆོལ་ཁ་མི་འདྲ་བའི་སྐུ་ཚབ་རང་བཞིན་གྱི་གཏིང་ཟབ་པའི་འགལ་ཟླ་རྙིང་པ་ཕྱིར་མངོན་པ་ཙམ་ཡིན་ལ། ཏཱ་ལའི་རུ་ཁག་ཁ་བྲལ་རིང་ལུགས་ཀྱི་ལམ་བུའི་ཐོག་ཉིན་བཞིན་འ་ཆད་འུ་ཐུག་གི་གནས་སུ་ལྷུང་བའི་རྣམ་པ་ཕྱིར་མངོན་པ་ཞིག་ཀྱང་རེད། ངས་ཚོད་དཔག་ལྟར་ན་ནང་འཁྲུག་གི་རྩོད་རྙོག་དེའི་རིགས་མུ་མཐུད་འགྲོ་རྒྱུ་ཡིན་པ་མ་ཟད། དངོས་སུ་འོས་བསྡུ་བའི་སྐབས་ཟིང་ཆ་ཆེས་ཆེ་ཤོས་ཀྱི་རྒྱུད་རིམ་ཞིག་ལ་སླེབས་རྒྱུ་ཡིན་ཞིང་། འོས་བསྡུ་ཚར་པའི་རྗེས་སུའང་བརྗོད་གཞི་གཞན་དག་དང་འགྲོགས་ཏེ་འཐབ་རྩོད་མུ་མཐུད་འགྲོ་རྒྱུ་རེད་ལ། འོས་བསྡུའི་གྲུབ་འབྲས་ཐོན་པར་བརྟེན་ནས་ཞི་འཇགས་ཆགས་མི་སྲིད།།” མུ་འགོད། ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།
གངས་ལྗོངས་ཉམས་མི་སྲིད།།
ད་དུང་ང་ཚོ་ཡོད།།
བོད་ལ་སྲིད་སྐྱོང་དགོས།།
སྲིད་སྐྱོང་བློ་སེང་མིན།།
ང་ལ་སྲིད་སྐྱོང་དགོས།།
སྲིད་སྐྱོང་བློ་སེང་མིན།།
སྒྲོལ་མ་ལྷ་མོས་བོད་ཡིག་ལེགས་པར་བྲིས་པས་དགའ། འོན་ཀྱང་སྲིད་དང་བདེན་པ་གཉིས་སོ་སོ་ཡིན་པ་དེ། བོད་དུ་ཁ་ཆེ་ཕ་ལུས་བརྩམས་ཏེ། དེ་ཉིད་ཀྱི་རྣམ་ཐར་དུ།
ཆོས་དང་འཇིག་རྟེན་ཁག་ཁག་སོ་སོ་རེད།
སེམས་དང་ལུས་པོ་རང་རང་སོ་སོ་རེད
་
ཅེས་པ་ཞིག་ལོ་ངོ་བདུན་ཅུའི་སྔོན་དུ་བཀླགས་པ་ཞིག་དྲན།
ཕ་ཆེར་ལོ་ངོ་ཉི་ཤུ་ལྷག་སྔོན་དུ་སྤྱོད་འཇུག་གི་རྒྱ་དཔེ་དང་བོད་དཔེ་གཉིས་གོ་བསྡུར་གྱིས་བཀླགས། བོད་དཔེར་ནོར་ཡོད་ཀུན་རྒྱ་དཔེ་ལྟར་བཅོས། བོད་དཔེར་ཆད་པ་འགའ་རྒྱ་དཔེ་ནས་བསྒྱུར་ཏེ། རྒྱལ་བ་རིན་པོ་ཆེར་ཕུལ་ཀྱང་། དྷ་སའི་གཞུང་གི་ལས་བྱེད་པ་དག་གིས་སྐྱེ་བོ་ཐ་མལ་པ་ཞིག་གིས་སྤྱོད་འཇུག་ལ་ཞུས་དག་བྱས་པ་དེ་ལ་༧་རྒྱལ་བ་རིན་པོ་ཆེས་འགྲིག་འདུག་གསུང་ན། བོད་གཞུང་ཁྲིམས་ལ་གནོད་དོགས་ཀྱིས་བདག་གིས་ཕུལ་པའི་སྤྱོད་འཇུག་ཚིག་རྣམས་འགྱུར་བཅོས་དེ་༧གོང་ས་མཆོག་གིས་གཟིགས་ཡོད་དམ་མེད་དོགས་སོ།
བླ་མ་ལ་གུས་པ་ཁོ་ནས།་༡༩༩༩ལོར་རྒྱལ་བ་རིན་པོ་ཆེའི་མཇལ་ཁ་ཞིག་འབྱུང་རེ་བས་སྐུ་སྒེར་ཡིག་ཚང་དུ་བཅར་བ་ན། སྐུ་ངོ་རྟ་རྭ་བསྟན་འཛིན་ཆོས་ཉིད་ཀྱིས་སྤྱོད་འཇུག་ཚིག་འགྱུར་བཅོས་འགའ་ཞིག་ནི་རྦད་ཡག་པོ་འདུག འགའ་ཞིག་ནི་དེ་འདྲ་ཞིག་རེད། ཅེས་ངས་ནི་གོང་གསལ་གྲོས་ལ་བྱུས་གཏོགས་གང་ཡང་བྱས་མེད་གསུངས། ང་ལ་ནི་སྤྱོད་འཇུག་ཚིག་འགྱུར་བཅོས་ལ་བཀའ་ལན་ལརེ་བ་་གཏན་ནས་མེད། འོན་ཀྱང་མ་ཤི་ཚེ་་རིང་འབྱུང་ན། ༧རྒྱལ་བ་རིན་པོ་ཆེའི་བྱིན་རླབས་ཀྱིས་ལེགས་སྦྱར་བོད་དཔེ་ཨིན་འགྱུར་བཅས་ལེགས་པར་འགྲུབ་པའི་ཡིད་སྨོན་ཞུའོ།
་
མིང་ཚིག་འགའ་ཞིག་ལ་རྟོག་དཔྱོད།
སྒྲོག་ཅེས་པ་སྡོམ་པ་དང་སྒྲོགས་ཞེས་སྐད་བསངས་མཐོན་པོར་སྨྲ་བ།་ ངོ་མ་ཞེས་པ་དངོས་མའི་སྔོན་འཇུག་དག་ཉམས་པར་འབོད་པའི་སྐྱོན། གྱུར་བ་ཞེས་པ་འདས་ཚིག་ལ་ད་ཡང་འཇུག་ཡོད་པ་ན། གྱུར་པ་ཞེས་དགོས། རོགས་ཞེས་པ་གྲོགས་ཟུར་ཆག་ཡིན་པས་གྲོགས་ཞེས་ཟུར་ཆག་མེད་པར་གོམས་དགོས་སོ།
སྤེན་ཚེ་དང་སྤེན་ཚེའི་རྒྱབ་སྐྱོར་བ་ཚོས་ཉོན་ཨ།
དེ་རིང་ཅོ་རིས་འདི་ནས་ཐབས་ཇུས་ཤིག་བཤད། ཐབས་ཇུས་འདིས་སྤེན་ཚེ་ལ་འོས་གྲངས་ཉིས་སྟོང་སུམ་སྟོང་ཡར་འཕར་ངེས་ཡིན་ལ་བློ་སེང་གི་འོས་གྲངས་ཉིས་སྟོང་སུམ་སྟོང་མར་ཆག་ངེས་རེད་བསམས་ཀྱི་འདུག ངས་ད་ལྟའི་བར་དུ་སྒུག་ཀྱང་ཐབས་ཇུས་འདིར་སྤེན་ཚེས་ཕྱོགས་གཏོགས་ཀྱིས་བེད་སྤྱོད་བཏང་ཤེས་མ་སོང་། ད་ནི་འོས་བསྡུ་སླེབས་པར་ཉིན་དགུ་ཙམ་འདུག མགྱོགས་པོ་ཐབས་ཇུས་འདིར་བེད་སྤྱོད་ཐུབ་ན་སྤེན་ཚེའི་འོས་ཡར་འཕར་ངེས་རེད།
ཐབས་ཇུས་འདིའི་མིང་ལ་བློ་སེང་གི་འོས་ཤོག་བསླུས་པའི་རྫུན་རྐུབ་ཟེར་ནའང་འགྲིག ༢༠༡༡་ལོར་བློ་སེང་གིས་བཀའ་བློན་ཁྲི་པའི་འོས་ཤོག་བསླུས་པའི་ཐབས་ཇུས་གཙོ་བོ་བཞི་བཤད་མྱངས་ཡོད།
༡་་་་བློ་སེང་གིས་ཁོ་རང་ལ་བཀའ་བློན་ཁྲི་པའི་འོས་ཐོབ་ན་ལྷོ་ཕྱོགས་གཞི་ཆགས་ཁག་ཏུ་གླང་ཆེན་བཀག་ཡ་ཞིང་ར་རྒྱབ་ཀྱི་ཡིན་ཟེར་ནས་བཤད་ཡོད། གླང་ཆེན་བཀག་རྐྱེན་ཞིང་ར་བརྒྱབ་འདུག་གམ་མི་འདུག ར་མ་ཞིག་བཀག་ཐུབ་པའི་ཞིང་ར་ཞིག་ཅང་བརྒྱབ་ཡོད་མདོག་མི་འདུག རྫུན་མིན་ན་ཅི་རེད། མགོ་སྐོར་མིན་ན་ཅི་རེད།
༢་་་་བློ་སེང་གིས་ཁོ་རང་ལ་བཀའ་བློ་ཁྲི་པའི་འོས་ཐོབ་ན་གཞི་ཆགས་ཁག་གི་ནང་དུ་སུམ་མདོ་ཁག་ལ་ཚོང་ཁང་འཛུགས་ཀྱི་ཡིན་ཞེས་བཤད་ཡོད། བཙུགས་འདུག་གམ་མི་འདུག རྫུན་དང་མགོ་སྐོར་རེད་དམ་མ་རེད།
༣་་་་བློ་སེང་གིས་གཞི་ཆགས་ཁག་གི་གཞོན་སྐྱེས་ལས་མེད་པ་རྣམས་ཀྱི་ལས་ཀ་རེག་ཆེད་དུ་Call centerའཛུགས་ནས་གཞོན་སྐྱེས་མེད་རྣམས་ལ་ལས་ཀ་རེག་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད་ཡོད། Call center བཙུགས་འདུག་གམ་མི་འདུག གཞོན་སྐྱེས་ག་ཚོད་ལ་ལས་ཀ་རེག་འདུག་གམ། རྫུན་དང་མགོ་སྐོར་རེད་དམ་མ་རེད།
༤་་་་བློ་སེང་གིས་གཞི་ཆགས་ཁག་གི་ས་ཆ་མ་ཤོར་བའི་ཆེད་དུ་ཤིང་སྡོང་འཛུགས་ཀྱི་ཡིན་ལབ་པ་རེད། ཤིང་སྡོང་ག་ཚོད་བཙུགས་འདུག་གམ། ཤིང་སྡོང་དག་ལ་ཤིང་འབྲས་བཏགས་འདུག་གམ་མི་འདུག
བློ་སེང་གིས་ཐབས་ཇུས་བཞི་པོ་འདི་དག་ལ་བརྟེན་ནས་འོས་གྲངས་མང་པོ་བསླུས་ཡོད། གཞི་ཆགས་ཁག་གི་གཞི་མི་ཉམ་ཆུང་མང་པོ་ལ་མགོ་སྐོར་ཐད་ཡོད། གླང་ཆེན་གྱིས་དཀའ་ངལ་བཟོ་བཞིན་ཡོད་པའི་ཞིང་པ་དང་གཅིག སུམ་མདོ་ཁག་ཏུ་ཚོང་ཁང་བྱུང་ན་བསམས་མཁན་གྱི་གཞི་ཆགས་པ་ཚོ་དང་གཉིས། ཕྱི་རྒྱལ་ལ་འགྲོ་མ་ཐུབ་མཁན་གྱི་གཞོན་སྐྱེས་ལས་མེད་དང་གསུམ། ས་ཆ་རྒྱ་གར་བ་ལ་ཤོར་བའི་དཀའ་ངལ་ཅན་གྱི་མི་དམངས་དང་བཞི། འདི་དག་གྲངས་ཀ་ཉུང་ཉུང་མ་རེད། མི་འབོར་ལྔ་སྟོང་དང་དྲུག་སྟོང་ལྷག་རེད། དེ་དག་གི་ལག་ནས་འོས་ཤོག་བསླུ་ཐུབ་ན་རྒྱལ་ཁ་ཆེན་པོ་གཅིག་ཐོབ་པ་རེད།
བློ་སེང་གི་སྐད་ཆ་འདི་དག་བཤད་ས་ཀུན་གླེང་ནང་དུ་ཡིན་ས་ཡོད། གལ་སྲིད་སྤེན་ཚེ་དང་སྤེན་ཚེའི་རྒྱབ་སྐྱོར་བ་ཚོས་ཐབས་ཇུས་འདིར་བེད་སྤྱོད་བྱས་པ་ཡིན་ན་སྤེན་ཚེ་དང་སྤེན་ཚེའི་རྒྱབ་སྐྱོར་བ་མི་ཁྲི་གཅིག་ལྷག་ཡོད་པའི་ནང་དུ་ཅོ་རི་ལྟ་བུའི་རྣམ་དཔྱོད་ཅན་གཅིག་ཀྱང་མེད་པའི་དཔུང་རྟགས་གསལ་སྟོན་བྱས་པར་ངོས་འཛིན་གྱི་ཡིན། ཁྱོད་ཚོ་ལ་ངོ་ཚ་མེད་ན་སྐད་ཆ་འདི་དག་བེད་སྤྱོད་བྱོས།་་་་་ཧཧཧ་ཀུ་རེ་ཡིན་ད། ང་ཡང་རྩེད་མོ་ཆུང་ཆུང་ཞིག་ལ་རོལ་འདོད་འདུག་པས་ཡིན་ནོ།
ཅོ་རི་ཀླད་དམར་འདིས་སྐྱིད་པོ་ཟིག་བཤད་འདུག ཡིན་ནའང་། སེང་གེའི་ཧམ་པ་མི་ཟ་འགྲོ་ཡི་རེད་དོ།
སེང་གེའི་ཧམ་པས་མི་ཟ་འགྲོ་ཡི་རེད།
ཅོ་རི། ནག་དེ་འདྲ་ཞིག་གི་ཆག་འཇིག་ཙམ་ཡིན་རྒྱུ་ན། བློ་སེང་ལ་འོས་ད་དུང་ཡིན་ཡང་བབ་ན་འགྲིག་པ་ཞིག་རེད། ཡིན་ན་ལ། སྤན་ཚེ་རྒྱབ་སྐྱོར་བ་ཚོས། ནག་ཉེས་དེ་ཙམ་ཆུང་ཆུང་ལ་བཟོད་པ་བྱེད་ཐུབ། དགྱ་བོད་དང་ཕྱི་བོད་བར་ན་རུལ་འགྲོ་བཞིན་པའི་ས་དྲུག་གི་བདེ་སྡུག་གནད་མ་ཆོག་པ་དེ་རེད། ཨ་ཕོ། དེ་ལ་ཁ་ཕྱོགས་ནས་རྒྱལ་ཁ་མ་ལོན་ན། ཁྱེད་ཀྱིས་བཤད་བཞིན་པའི་བུ་གུའི་སྐད་ཆ་ལ་ཡ་བྱས་ན་ཨུ་ཙམ་དང་། ཡ་མ་བྱས་ན་ཡང་ཨོ་ཙམ་རེད། ཧ་ཧ་ཧ།
གཞི་ཆགས་ཁག་གི་གཞི་མི་ཉམ་ཐག་དེ་དག་ལ་ཆེན་པོ་ཆེན་པོ་ཞིག་བཤད་ནའང་ཅང་གོ་ཡི་མ་རེད། སྐད་ཡིག་རང་སྐྱ་ཐུབ་པ་མེད་མཁན་མང་པོ་རེད། བོད་ཡིག་གི་ཐོག་ནས་རང་སྐྱ་མ་ཐུབ། ཨེན་ཡིག་གི་ཐོག་ནས་རང་སྐྱ་མ་ཐུབ། ཧན་ཡིག་གི་ཐོག་ནས་ཀྱང་རང་སྐྱ་མ་ཐུབ། དབུ་མའི་ལམ་ཞེས་པའི་ཚིག་འདི་ཡང་སྐད་ཡིག་རང་སྐྱ་ཐུབ་པ་མེད་པའི་མི་རྣམས་ལ་སཾསྐྲིཏའི་སྐད་ལྟ་བུ་ཆགས་བསྡད་ཡོད་ལེ་རེད།
གདུལ་བྱའི་བློ་ལས་དཔག་པའི་སྐད་ཆ་བཤད་དགོས་པ་ལས་བློ་ཡུལ་དུ་མི་ཤོང་བའི་སྐད་ཆ་ལ་འབྲས་བུ་ཡོང་མི་སྲིད་པ་རེད་ད། བུ་གུ་ལྟ་བུའི་གདུལ་བྱ་ལ་བུ་གུའི་སྐད་ཆ་འདྲ་པོ་བཤད་ནས་བཀུག་དགོས་པ་ལས་རྒྱ་གཞུང་ཚད་མ་འགྲེལ་གྱི་ཚིག་ལྟ་བུ་བཤད་ནས་བཀུག་ཐབས་མེད་པ་དེར་སྤེན་ཚེ་འཁོར་བཅས་ཀྱིས་མ་ཤེས་ན་འོས་ཤོར་ཚར་བ་རེད། བློ་སེང་སྤྱང་པོ་རེད། བུ་གུའི་མདུན་དུ་བུ་གུའི་སྐད་ཆ་བཤད། མཁས་པའི་བདུན་དུ་མཁས་པའི་སྐད་ཆ་བཤད་ནས་མགོ་སྐོར་གྱི་རེད་དོ་་་་་་ཧཧཧ
འདི་ལོའི་འོས་བསྡུ་ནི་ཁམས་པ་དང་ཨ་མདོའི་བར་གྱི་འོས་བསྡུ་རེད་འདུག དེ་ཐམས་ཅད་བདེ་ཆོས་ཀྱིས་བཟོས་པ་འདྲ་ཞིག་མཐོང་གི་འདུག ད་འདི་ན་མཆན་འདེབ་མཁན་དེ་ཚོའང་ཁམས་པ་དང་ཨ་མདོའི་མི་སུ་ཡིན་ཤེས་ཡོང་གི་འདུག དབུས་གཙང་དང་མངའ་རིས་ནི་སྔར་བོད་སྐུ་དྲག་གི་སྐབས་སུ་མི་དམངས་ལ་སྡུག་སྦྱོང་མནར་གཅོད་བཏང་བཏང་ནས་ད་ལས་འབྲས་ཟེར་ནའང་འདྲ་ཁོང་ཚོར་རང་རྐྱ་ཐུབ་པའི་མི་བུ་འོས་ཆོས་སུ་འོས་པ་ཞིག་ལྷག་མེད་པ་འདྲ། འུ་ཐུག་ནས་སྲིད་སྐྱོང་གི་འོས་མི་ཨ་མདོ་བ་ཞིག་བཏོན་པ་རེད། རྗེས་མར་ཁོ་ཚོས་དབུས་གཙང་སྤྱི་འཐུས་ཀྱི་འོས་མི་ཡང་ཆོལ་ཁ་གཞན་གཉིས་ནས་གཡར་པོ་ཞུ་གི་རེད་ཟེར་ནས་ལབ་གླེང་མང་པོ་འདུག་བདེན་མིན་མི་ཤེས།
དབུས་གཙང་ཚོགས་གཙོ་ཟླ་བ་ཚེ་རིང་གིས་དབུས་གཙང་བ་ལ་མ་འོངས་མདུན་ལམ་སྡུག་སྐྱ་ཞིག་སྟོན་སོང་། ཨ་མདོ་བའི་རྒྱབ་ལངས་བྱས་མདོག་མདོག་བྱས་པ་རེད། བཙན་བྱོལ་ནང་དུ་ཨ་མདོའི་མི་འབོར་བཞི་སྟོང་ལྔ་སྟོང་ཙམ་རེད། ཁམས་པའི་མི་འབོར་ཁྲི་བཞི་ལྔ་རེད། ད་རིང་ཨ་མདོ་བའི་སྲིད་སྐྱོང་འོས་མི་ལངས་དུས་དབུས་གཙང་པས་རྒྱབ་སྐྱོར་བྱས་ཀྱི་ཡོད་མདོག་མདོག་རེད་་་རྗེས་སུ་དབུ་གཙང་བ་འོས་མི་ལངས་དུས་ཨ་མདོ་བས་ཕར་རྒྱབ་སྐྱོར་བྱེད་མདོག་མདོག་བྱེད་དགོས་ངེས་རེད། གྲངས་ཉུང་ཨ་མདོ་བ་དང་དཔུང་སྒྲིག་ནས་དམངས་གཙོའི་སྤྱི་ཚོགས་ནང་དུ་འོས་བསྡུའི་རྒྱལ་ཁ་འཐོབ་ཀྱི་ཁག་པོ་རེད།དབུས་གཙང་བའི་མདུན་ལམ་འདི་འདྲ་ཞིག་ཁྲིད་མཁན་ཟླ་ཚེ་རེད།
སྟོད་ཀྱི་མངའ་རིས་སྐོར་གསུམ་དང་སྨད་ཀྱི་མདོ་ཁམས་སྒང་དྲུག་གཉིས་སྔར་ཡང་གཅིག་རྒྱབ་གཅིག་ལངས་རེད་ལ་མ་འོངས་པ་ཡང་མུ་མཐུད་ངེས་རེད། ཁམས་འབྲོག་གཉིས་སྡུག་གི་མུན་པའི་དཀྱུས་ནས་མཉམ་འབྲེལ་ཆགས་སོང་བ་རེད།་་་ཧཧ དབུས་གཙང་དབུས་གཙང་ཟེར་ནས་ག་ཚོད་འཕག་ནའང་དབུས་དང་གཙང་གཉིས་ཀྱི་མི་འབོར་མང་པོ་ཅང་མ་རེད། གྲངས་ཉུང་འདྲ་པོ་རེད།་་་ཧཧ
བོད་ལོ་རྒྱུས་ཆེན་མོའི་རྒྱལ་ཁབ་ཀྱི་་་ལྷ་ལྕམ་སྐུ་ཞབས་་་First Lady་་་དབུས་གཙང་བ་རེད་ཟེར་བ་ཞིག་ཐོས། རྒྱལ་ཁབ་གཞན་གྱི་ལྷ་ལྕམ་སྐུ་ཞབས་དེ་ཚོར་བརྩི་མཐོང་ཆེན་པོ་འཇོག་སྲོལ་ཡོད་ས་གདའ། ཡིན་ནའང་ང་ཚོའི་ལྷ་ལྕམ་སྐུ་ཞབས་ནི་གཞུང་འབྲེལ་མཛད་སྒོ་སོགས་སུ་མཐོང་ཡུལ་དུ་རྩ་བ་ནས་ཕེབས་ཀྱི་མི་འདུག་པས་དེ་འདྲ་ག་རེ་ཡིན་ནམ་ལགས། ཡང་མིན་ན་དཔེ་རྣམ་པ་མཛེས་པོ་ཡོད་ས་རེད། དངོས་གནས་བྱས་ན་སྲིད་སྐྱོང་མཆོག་གི་ཕྱག་ཤུགས་དྲག་ཚ་པོ་དེས་ལྷ་ལྕམ་སྐུ་ཞགས་ཀྱི་ཕྱག་འཇམ་ལ་མཉེན་པ་དེ་འཇུས་ནས་ཡར་མར་ཏོག་ཙམ་ཕེབས་གནང་ན་ཡག་པོ་འདུག་བ། ལྷ་ལྕམ་སྐུ་ཞབས་ལའང་བོད་ཆས་ཡག་པོ་ཞིག་བཀོན་ནས་ཕོ་བརྒྱ་སེམས་པ་ཤོར་ས་དང་མོ་བརྒྱ་སྙིང་རླུང་ལངས་ས་ཞིག་བཟོས་ན་ཡག་བ་མ་རེད་དམ། དཔེར་ན་འབྲུག་པའི་རྒྱལ་ལྕམ་གཉིས་ཀྱི་ག་འདྲ་གནང་གི་མིན་འདུག་གམ། རྒྱལ་ཁམས་ཀྱིས་མཐོང་ས་ལ་་་ཀིས་་་ཀྱང་སྤྲོར་རེས་བྱེད་ཀྱི་འདུག དེ་འདྲ་གནང་ན་ཕོ་མོའི་མཐུན་ལམ་ལའང་ཕན་ངེས་རེད། ཕོ་མོ་མཐུན་ལམ་ཡག་པོ་བྱུང་སོང་ན་ཕྲུག་གུ་ཡང་མང་པོ་བཟོ་ཆོག་པ་རེད་བ། མ་རེད་དམ་ལགས། །
སྟོད་ཀྱི་མངའ་རིས་སྐོར་གསུམ. བར་དབུས་གཙང་རུ་བཞི། སྨད་ཀྱི་མདོ་ཁམས་སྒང་དྲུག་ཅེས་རྫིང་དང་གཡུར་བ་དང་ཞིང་གི་ཚུལ་དུ་མཆིས་ཞེས་བཀྲ་ཤིས་ལྷུན་པོའི་དགེ་བཤེས། དཀའ་ཆེན་པདྨའི་ཞབས་ཀྱིས་གསུངས་པ་བཀླགས་ཤིང་ཐོས།
རྒྱ་གུང་ཁྲན་ལྟ་བུར་ཆ་མཚོན་ན། ཆབ་སྲིད་ཀྱི་ “འོས་བསྡུ” ལ་ཞེད་འགྲོ་གི་འདུག ཡིན་ནའང་ང་ཚོ་དེ་འདྲ་མ་རེད།
ད་སྐབས་འོས་བསྡུའི་བརྒྱུད་རིམ་ཁྲོད་དུ་ང་ཚོའི་སྒྲིག་འཛུགས་ཀྱི་འཐུས་ཤོར་དང་རྙོག་དྲ་ག་རེ་ཡོད་ནའང་དེ་ཐེར་འདོན་དང་སྦྱང་བཤད། བགྲོ་གླེང་བཅས་བྱེད་པའི་སྒོ་ནས་བཟང་ཐག་ངན་ཐག་ཆོད་པ་ཞིག་གི་ལམ་ཁ་ལ་ཕྱོགས་བཞིན་པ་འདིར་སྤོབས་པ་སྐྱེས་གི་འདུག
༢༠༡༡ ལོར་ཆ་མཚོན་ན། བློ་སེང་གིས་ “པཱ་སི་སེར་པོའི་” དར་ཆ་དགུང་ལ་འཕྱར་ཏེ། ཁོང་ནི་བཀྲས་མཐོང་བསྟན་རྣམ་དང་མི་འདྲ་བར་ཨ་རིའི་མི་སེར་གྱི་ཐོབ་ཐང་ཞུས་མེད་པར། རྒྱ་གར་དང་བལ་ཡུལ། འབྲུག་བཅས་སུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་སྤྱིའི་ཁེ་གྱོང་དང་སྐྱིད་སྡུག་མཉམ་མྱོང་ཡིན་པའི་རྣམ་པ་སྟོན་པའི་ཐོག་ནས་མང་ཚོགས་དང་བར་ཐག་ཇེ་ཉེ་དང་སེམས་ཐག་ཇེ་ཉེར་བཏང་ཡོད། དེ་ནི་ཆབ་སྲིད་པ་ཞིག་གིས་རང་ཉིད་ནི་མགོ་བདེ་དྲན་འཕྲུལ་དང་སྐབས་འཚོལ་པ་མིན་པའི་ཡ་རབས་བཟང་སྤྱོད་དང་དྲང་བདེན། རྒྱལ་ཞེན་དང་ལྷག་བསམ་ཆེ་མདོག་སྟོན་པའི་ “སེམས་ཤུགས” ཀྱི་སྐད་ཆ་ཙམ་རེད།
ཡིན་ནའང་། ད་རེས་ནི་མཛུབ་མོ་རི་སྟོན་ཙམ་མིན་པར། སྐུ་པར་གྱི་སྐོར་ནས་ “མར་ཕབ་ཡར་འཇོག་” དང་ དུས་དབང་ཕྱིར་འགྱངས་ཀྱི་སྐོར་ནས་ “ཡར་ཞུ་མར་ཕེབས”ཞེས། ས་ཆ་དང་ཚེས་གྲངས་བྱེ་བྲག་ཏུ་བཀར་ནས་འཛིན་སྐྱོང་རང་གི་ཐོག་ལ་རྩོད་གླེང་བྱེད་བཞིན་པ་འདི་ལྟ་བུ་ནི་ཡག་རྟགས་ཤིག་རེད་བསམ།
སྐྱོན་དང་རྙོག་དྲ་བཀབ་ནས་མ་ཡིན་ཡིན་མདོག་སྟོན་པ་ནི་རྒྱ་གུང་ཁྲན་གྱི་སྤྱོད་པ་རེད། དེ་འཛམ་གླིང་མི་དམངས་ཀྱིས་ཤེས་པའི་གནས་ཚུལ་ཞིག་རེད། ང་ཚོས་ “རང་སྐྱོན་རང་འགེབས་” བྱས་ཏེ། འཛམ་གླིང་ཐོག་བོད་ལས་ལྷག་པའི་ཕུལ་བྱུང་གི་མི་རིགས་དང་རིག་གཞུང་ཞིག་མེད་པའི་ཟློས་གར་དེ་འཁྲབ་མཚམས་བཞག་སྟེ། སོ་སོའི་དཀའ་ངལ་དང་རྙོག་དྲ་ལ་ལག་པ་འཆང་ན་ཕུགས་སུ་དེས་ཕན་རྒྱུ་རེད་འདོད།
མདོར་ན། ད་ལྟ་འགྲོ་བཞིན་པའི་འོས་བསྡུའི་ལས་རིམ་འདི་ལ་སྤྱིའི་ཆ་ནས་སྤོབས་པ་སྐྱེས་དགོས་པ་ཞིག་འདུག་ཅེས་ཞུ་འདོད་བྱུང་།
“རྒྱལ་ཞེན” དང་ “ལྷག་བསམ”
“རྒྱལ་ཞེན” དང་ “ལྷག་བསམ” ཆེ་བའི་ཆབ་སྲིད་བཙོན་པ་སྤྱི་དང་། ནང་སྒོས་སུ་བོད་རྒྱལ་ཁབ་ཀྱི་བདེ་སྡུག་གི་ཆེད་དུ་རང་སྲོག་བློས་བཏང་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་དང་གུས་འདུད་ཞུ་རྒྱུ་ཡིན། གསུམ་བཅུའི་དུས་དྲན་ཉིན་མོར།