སྒོམ་སྡེ་ལྷ་རམས་པ།
“བོད་རྒྱལ་ལོ”Tibetan Royal Yearsཟེར་བ་ནི། བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་རྒྱལ་ པོའི་ཁྲི་ལ་འཁོད་པའི་ལོ་དེ་ནས་འགོ་གཟུང་དགོས་པ་རེད། གཉའ་ཁྲི་བཙན་པོ་རྒྱལ་ཁྲིར་ཕེབས་ པའི་ལོ་ནི། ཕྱི་ལོའི་སྔོན་གྱི་ལོ་༡༢༧ལ་ཡིན་ཞིང་། བོད་རྒྱལ་ལོ་བརྩི་ཚུལ་ནི། ཕྱི་ལོའི་ལོ་རབས་ གང་ཡིན་གྱི་སྟེང་དུ་ལོ་༡༢༧ བསྣན་ན། “བོད་རྒྱལ་ལོ”ཟེར་བ་དེ་ཆགས་འགྲོ་བ་རེད། དཔེར་ན་ ཕྱི་ལོ་༢༠༡༠ཡིན་ན། ༢༠༡༠+༡༢༧=༢༡༣༧ ཆགས་ཀྱི་རེད། དེས་ན་ཕྱི་ལོ་༢༠༡༠ལོར་“བོད་ རྒྱལ་ལོ་༢༡༣༧”ཡིན་པ་ལྟ་བུའོ། །
སྟོན་པ་འདས་ལོ་ནི། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ལོ་དེ་ནས་ བརྩི་དགོས། སྟོན་པ་མྱ་ངན་ལས་འདས་པའི་ལོ་ནི་ཕྱི་ལོའི་སྔོན་གྱི་(༥༤༤)ལ་རེད། སྟོན་པའི་ འདས་ལོ་བརྩི་ཚུལ་ནི། གོང་དུ་“བོད་རྒྱལ་ལོ”བརྩི་སྟངས་དང་མཚུངས་པ་རེད། ཕྱི་ལོའི་ལོ་ རབས་གང་ཡིན་གྱི་སྟེང་དུ་སྟོན་པ་འདས་ལོ་༥༤༤བསྣན་དགོས། དཔེར་ན། ༢༠༡༠+༥༤༤=༢༥༥༤ཡིན་པ་ལྟ་བུའོ། །མདོར་ན་ཕྱི་ལོའི་སྟེང་དུ་ལོ་༡༢༧བསྣན་ན། བོད་ རྒྱལ་ལོ་དང་། ཕྱི་ལོའི་སྟེང་དུ་༥༤༤བསྣན་ན། སྟོན་པ་འདས་ལོར་གྱུར་པ་ཡིན་ནོ། ། ཆེས་བློ་ཕམ་དགོས་པ་དང་ངོ་ཚ་དགོས་པ་ཞིག་ལ། བོད་པའི་ཚིག་མཛོད་༼བོད་རྒྱ་ཚིག་མཛོད་ ཆེན་མོ་དང་། དག་གསར། དུང་དཀར་ཚིག་མཛོད༽སོགས་ཚིག་མཛོད་གྲགས་ཆེ་བ་གཅིག་གི་ ནང་དུའང་“བོད་རྒྱལ་ལོའི”འགྲེལ་བཤད་དང་། “སྟོན་པ་འདས་ལོའི”འགྲེལ་བཤད་ཟུར་ཙམ་ ཡང་མི་གསལ་བ་དེ་ནི་ཧ་ཅང་གི་ཐབས་སྐྱོ་པོ་རེད།
དྲ་གྲོགས་ལགས། འདོམས་བདེ་པོའི་ངང་བློ་སྐྱེད་ཞིག་སྤྲད་སོང་ད།
སང་ཉིན་ནས་ཉོག་དྲའི་སྒམ་ཆུང་ཁ་ཕྱེ་འོང།
གྲ་བསྒྲིགས་ཨང་གསལ་དགོས་རེད་ད།
ཀི་རེ་ཡིན་ཡག་པོ་བྱུང།
བོད་རྒྱལ་ལོ་ཟེར་བ་འདི་བཙན་བྱོལ་བའི་ནང་བཟོས་པའི་ཐ་སྙད་ཅིག་རེད། ང་ལྷ་རམས་པ་ལ་དྲི་བ་ཞིག་ཡོད། གཉའ་ཁྲི་བཙན་པོ་ཁྲིར་ཕེབས་པའི་ལོ་ཚུགས་ལ་་མི་མཐུན་པ་མང་པོ་ཞིག་ཡོད་པའི་ནང་གི་ཉུང་ཤས་དེ་བོད་རྒྱལ་ལོ་བྱས་པའི་རྒྱུ་མཚན་ཅི་རེད་དམ།
སྒོམ་སྡེ་ལྷ་རམས་པལགས།
༡༽ དེང་སང་ཕྱི་ལོ་་་་་འབྲི་མཁན་དང་སྤྱི་ལོ་་་་་་་འབྲི་མཁན་གཉིས་ཀ་འདུག ཁུངས་དག་ཤོས་གང་རེད།
༢༽ བོད་རྒྱལ་གཉའ་ཁྲི་བཙན་པོ་ཁྲི་ལ་འཁོད་ལོ་འདི་བཞིན་ཡིན་པའི་ཁུངས་སྐྱེལ་གང་ན་ཡོད་རེད།
༣༽ ང་ཚོ་བོད་པས་སྟོན་པའི་འདས་ལོ་འདི་བཞིན་ཁས་བླང་ན་ཕུག་ལུགས་སོགས་དང་འགལ་ལམ་མི་འགལ། འགལ་ན་ཁུངས་དག་ཤོས་སམ་དངོས་ཡོད་ལོ་རྒྱུས་གང་རེད།
སྟོན་པ་འདས་ལོ་ཟེར་བའི་བརྩི་ཚུལ་འདོད་ཚུལ་འདི་ཚོ་རྟ་མོག་མོག་གི་སྤུ་འདྲ་བ་ཞིག་རེད། ཁྱོད་ང་ཚོ་འདྲ་བ་རེས་ཅིག་ཐག་ཆོད་མི་ཡོང་།
ཁྱེད་ཚང་གི་རྡོ་རྗེ་འཆངས་དང་ངེད་ཚང་གི་པན་ཌི་ཏ་གང་རུང་གིས་ནོར་ཡོད་པ་སུས་ཁས་ལེན་རོགས་བྱེད་ཀྱི་མ་རེད།
རྒན་སྒོམ་སྡེ་བ་ལགས། ཡུན་རིང་དྲ་ཐོག་ཏུ་མ་ཕེབས་པས་ཅུང་ཙམ་དྲན་སོང་ཞུ་ལ། དེ་རིང་ཡང་འུ་གཉིས་ལ་གླེང་མོལ་ཐུང་ངུ་ཞིག་ཡོད་པ་འདྲ་བར་མཐོང་ནས་བདག་གིས་རྨོངས་འཆར་འདི་ཕུལ་བ་ལགས།
རྒན་སྒོམ་སྡེ་བ་ལགས། དེང་གི་ལོ་རྒྱུས་སྨྲ་བའི་དབང་བོ་དུང་དཀར་བ་སོགས་ཀྱིས་བོད་ཀྱི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙན་པོས་སྲིད་དབང་བཟུང་ལོ་ནི་སྤྱི་ལོའི་སྔོན་གྱི་ལོ་༩༡༩ ཡིན་པར་སྨྲ་ལ། དེ་ལྟར་ན་གཉའ་ཁྲི་བཙན་པོ་འཁྲུངས་ནས་ལོ་ངོ་ཉིས་སྟོང་བཞི་བརྒྱ་ཙམ་ལ་འབབ་པར་སྨྲ། དེ་ལྟར་ཡིན་པར་ཆ་བཞག་ན་ཁྱོད་ཀྱི་སྟོན་པ་འདས་ལོ་དེ་དང་གཉའ་ཁྲིའི་བར་ལ་ལོ་བརྒྱ་ལྷག་ལས་མི་ཆད་ནའང་ལོ་ངོ་མང་བོའི་ཧེ་བག་ཤོར་འགྲོ་བ་དང་། གཞན་དུ་ན། སྟོན་པ་འདས་ནས་ཟེར་བའི་ཉིད་ཀྱི་བརྩི་ཚུལ་དེ་ཡང་ཧ་ཅང་གི་བྱེ་བྲག་པ་ཞིག་ཡིན་ན་མ་གཏོགས་མཐུན་པའི་ཕྱོགས་ཙམ་ཡང་མེད་པ་ནི་མངོན་གསུམ་ཡིན། རྒན་སྒོམ་སྡེ་བ་ལགས། དུང་དཀར་རིན་པོ་ཆེའི་གསུང་ཚུལ་འདིའི་སྟེང་ནས་གཉའ་ཁྲི་ནས་ད་བར་གྱི་ལོ་ཚིགས་ཀྱི་སྤྱི་ཁོག་ཅིག་བསྒྲིག་པ་ཡིན་ན་བདེན་བདེན་འདྲ་བ་ཞིག་ཡོང་ཐུབ་ཀྱི་འདུག་ན། རྒན་ལགས་ཀྱིས་ཁུངས་གང་དང་དེར་ཐོབ་པའི་གདེང་ཚོད་ཀྱི་ཆ་ག་རེ་ཡོད་མིན་ལ་གསལ་བཤད་ཅིག་ཡོད་ན་དགོས་ཕན་ཤིན་ཏུ་ཆེ་ཞུ་རྒྱུ་དང་། དེ་མིན་རང་རེའི་ལོ་རྒྱུས་ཀྱི་ལོ་ཚིགས་ལ་རང་ལུགས་ཀྱི་ཕུར་བ་རེ་རེས་བསྣན་ནས་ཡོང་ཡོད་སྟབས། འདི་ལ་ཨུ་ཚུགས་དང་རྨོངས་འཐོམས། དོན་དངོས་ཕྱིར་ཟློག་པའི་ངང་ཚུལ་རེ་རེ་ཡོད་སྟབས། ཐག་ཆོད་པོ་གང་ཡང་མེད། རྒྱུ་མཚན་དེ་ལ་བརྟེན་ནས་དགེ་ཆོས་ཀྱིས་མིག་གིས་བལྟ་བ་དང་ལག་པས་མྱངས་ནས་བཤད་དགོས་པའི་ལྟ་ཚུལ་བཏོན་པ་རེད། ང་ཚོས་རང་ལུགས་ཟེར་བའི་ལྕགས་ནག་གི་ཕུར་བུ་ཞིག་དང་རྨོངས་འཐོམས་ཞེས་པའི་སྲ་མཁྲེགས་ཀྱི་ཨུ་ཚུགས་ཤིག་ལ་རྒྱབ་རྟེན་བཅོལ་ནས་བཤད་ཀྱི་ཡོད་སྟབས། ཧ་ཅང་གཟབ་དགོས། དེ་ནི་དེང་རབས་ཀྱི་ལོ་རྒྱུས་སྨྲ་བའི་ཁྱད་ཆོས་ཤིག་ཀྱང་ཡིན་པ་འདྲ། དེ་ཙམ་བྱ། རྗེས་མར་མཇལ།
ཁྱེད་ཚང་གི་རྡོ་རྗེ་འཆངས་དང་ངེད་ཚང་གི་པན་ཌི་ཏ་གང་རུང་གིས་ནོར་ཡོད་པ་སུས་ཁས་ལེན་རོགས་བྱེད་ཀྱི་མ་རེད། ཅེས་པའི་སྤོབས་པ་མཐའ་ཡས་ལགས་ཀྱི་སྐད་ཆར་ཉན་རྒྱུ་ཤིན་ཏུ་འདུག
བོད་ལོ་དང་། ཕྱི་ལོ་ལས། བོད་ལོ་དང་སྤྱི་ལོ་ཞེས་ཡག་ག་འདུག གང་ཡིན་ཟེར་ན། བོད་ལོ་སྒེར་དང་། སྤྱི་ལོ་སྤྱི་པའི་ལོ་ཡིན་པས་སོ།
ཕྱི་ལོ་ནི། ལོ་རྗེས་མའམ། སང་ཕོད་དང་ནོར་ཉེན་ཆེ་བས། སྤྱི་ལོའི་ཚིག་ཉིད་བཟང་ངོ་།
ཕྱི་ལོ་ནི་ཕྱི་རྒྱལ་བའི་རྩི་ཚུལ་གྱི་ལོ་དང་། སྤྱི་ལོ་ནི་ཐུན་མོང་དུ་རྩི་བའི་ལོ་སྟེ་རྒྱ་སྐད་དུ་公元ཞེས་པ་ལས་བསྒྱུར་བ་རེད།
སྒོམ་སྡེ་ལྷ་རམས་པ་ལགས། བོད་རྒྱ་ཚིག་མཛོད་ ཆེན་མོ་དང་། དག་གསར། དུང་དཀར་ཚིག་མཛོད་འདི་དག་གི་ནང་དུ་བོད་རྒྱལ་ལོའི་སྐོར་གྱི་འགྲེལ་བཤད་མེད་པ་དེ་ནི་ཆབ་སྲིད་ཀྱི་གནོན་ཤུགས་འོག་ནས་ཕྱོགས་སྒྲིག་བྱས་པའི་དེབ་ཤ་སྟག་ཡིན་པས་རེད། དེ་ནི་ང་ཚོ་བློ་ཕམ་དགོས་པའི་དམིགས་བསལ་གྱི་དོན་དག་གང་ཡང་མིན་པར་འདོད། གཙོ་བོ་དེ་ནི་བོད་བྱེས་སུ་དཔར་སྐྲུན་བྱེད་བཞིན་པ་དེ་དག་གི་ནང་དུ་བོད་རྒྱལ་ལོའི་འགྲེལ་བཤད་དང་སྟོན་པའི་འཁྲུངས་ལོའི་འགྲེལ་བཤད་ཡོད་མེད་དེ་ནི་དངོས་ནས་གལ་ཆེན་པོ་རེད།
ཡང་སྒོམ་སྡེས་བཅའ་ཁྲིམས་གཏན་འབེབས་བྱེད་ཀྱིན་འདུག་ག། དུང་དཀར་སོགས་ཀྱིས་ལུགས་འདྲ་མིན་གཟིགས་ནས་བཏང་སྙོམས་སུ་བོར་བ་ཡིན་གྱི་རེད། མ་མཐོང་ནས་བོར་བ་ཞིག་ཨེ་ཡིན་ན།
བོད་རྒྱལ་ལོ་ཟེར་བ་འདི་བཙན་བྱོལ་བའི་ནང་བཟོས་པའི་ཐ་སྙད་ཅིག་རེད། ང་ལྷ་རམས་པ་ལ་དྲི་བ་ཞིག་ཡོད། གཉའ་ཁྲི་བཙན་པོ་ཁྲིར་ཕེབས་པའི་ལོ་ཚུགས་ལ་་མི་མཐུན་པ་མང་པོ་ཞིག་ཡོད་པའི་ནང་གི་ཉུང་ཤས་དེ་བོད་རྒྱལ་ལོ་བྱས་པའི་རྒྱུ་མཚན་ཅི་རེད་དམ།
ཆུང་དུས་ཤིག་ལ་སྐུ་འབུམ་ནས་ཐོན་པའི་བོད་ཀྱི་ལོ་ཐོ་ཞིག་ནས་བོད་རྒྱལ་ལོ་ཞེས་པའི་ཚིག་འདི་མཐོང་བས་་འདིའི་དོན་ཅི་ཡིན་རང་གིས་ཀྱང་མ་ཤེས་གཞན་ལའང་་འདྲི་ས་མ་རག་པར་ལུས། ཕྱིས་སུ་རྒྱ་གར་ལ་སླེབས་རྗེས་སྲིད་དོན་རྒྱལ་རབས་མ་ཀློག་གི་བར་དུ་དོན་དག་གསལ་བོ་ཞིག་ངོ་མ་འཕྲོད་པའི་དཀའ་ངལ་དེ་ང་ལའང་བྱུང་མྱོང་།
ཡིན་ན་ཡང་། བོད་རྒྱལ་ལོ་ནི་བོད་རྒྱལ་གཉའ་ཁྲི་བཙན་པོ་ཁྲི་ལ་འཁོད་པའི་ལོ་དེ་ནས་འགོ་ཚུགས་པ་རྩོད་མེད་དང་། བོད་རྒྱལ་ལོའི་་ཚིག་འདི་བོད་ཀྱི་ཚིག་མཛོད་སོགས་སུ་མེད་ན་ཡང་བོད་ནང་གི་བོད་ཀྱི་ལི་ཐོ་སོགས་ན་གསལ་བོར་འཁོད་ཡོད།
ཚིག་དེ་བོད་ནང་ན་གཏན་ནས་མེད་པའི་བཙན་བྱོལ་ནང་གི་ཚིག་ཅིག་ཀྱང་མ་རེད།
ཕྱི་ལོ་ཟེར་བ་དེ་་་་་ཕྱི་རོལ་པའམ་ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པའི་འདས་ལོ་ནས་བརྩིས་པས་ན་ཕྱི་ལོ་ཡིན་ནམ་སྙམ། ཕྱི་རྒྱལ་གྱི་ལོ་ཡིན་གྱི་མ་རེད།
སྤྱི་ལོ་ནི་འཛམ་གླིང་སྤྱིའི་ལུགས་ཡིན་པས་སྤྱི་ལོ་དང་བོད་པ་སྒེར་གྱི་ལོ་བརྩི་སྟངས་ཡིན་པས་བོད་ལོ་བཏགས་པ་རེད།
བོད་རྒྱལ་ལོ་ཟེར་བ་དེ་རྒྱལ་མོ་འབྲུག་པས་བྲིས་པའི་ལོ་རྒྱུས་ཀྱི་ནང་དུ་བྲིས་འདུག་བསམ། དེབ་དེ་ཁྱེད་ཅག་ལ་ཡོད་ན་གཟིགས་རོགས།
ཕྱི་ལོ་ཟེར་བ་འདི་ཕྱི་རོལ་པ་ཡེ་ཤུ་མ་ཤི་ཀ་ཡི་འདས་ལོ་ནས་འགོ་ཚུགས་པས་དེ་ལྟར་བཏགས། དེས་ཟླས་དྲངས་ནས་ནང་ལོ་ཟེར་བའི་ཐ་སྙད་ཞིག་ཀྱང་ཡོད་མ་རེད་བས།
སྒོམ་སྡེའི་༼ཆེས་བློ་ཕམ་དགོས་པ་དང་ངོ་ཚ་དགོས་པ་ཞིག་ལ། བོད་པའི་ཚིག་མཛོད་༼བོད་རྒྱ་ཚིག་མཛོད་ ཆེན་མོ་དང་། དག་གསར། དུང་དཀར་ཚིག་མཛོད༽སོགས་ཚིག་མཛོད་གྲགས་ཆེ་བ་གཅིག་གི་ ནང་དུའང་“བོད་རྒྱལ་ལོའི”འགྲེལ་བཤད་དང་། “སྟོན་པ་འདས་ལོའི”འགྲེལ་བཤད་ཟུར་ཙམ་ ཡང་མི་གསལ་བ་དེ་ནི་ཧ་ཅང་གི་ཐབས་སྐྱོ་པོ་རེད།༽ གསུང་པའི་དགོས་པའི་རྒྱུ་མཚན་དེ་ ད་ལྟའི་སྐབས་སུ་ཤེས་ཡོན་ཅན་དང་ལ་རྒྱ་ཅན་ཚོའི་དབུ་ཁྲིད་ནས་རྡོག་རྩ་གཅིག་སྒྲིལ་བྱེད་ནས་རྒྱ་ནག་གཞུང་ངོ་རྒོལ་རབ་དང་རིམ་བྱེད་ཡོང་དུས་མི་བཟོད་པ་ཡིན་པ་འདྲ་ གཞན་ཉེ་སྔོན་ནས་ཟིན་བྲིས་པ་ཚང་མའི་ གདུང་སེམས་མཉམས་སྐྱོད་གི་རྩོམ་དང་མཆན་ཚོ་ལ་གཟིགས་དང་སྒོམ་སྡེའི་མཆན་དང་རྩོམ་མི་འདུག་ ཁོང་ད་བར་དུ་ཐུགས་སྤྲོ་གཏང་ནས་སྡད་ཡོད་འདྲ་ ད་ཡང་སྒོམ་སྡེའི་སྒོམ་ཆུང་ཁ་ཕྱེ་གི་ཡོད་པ་འདྲ།།
གནམ་ལྕགས་ལགས། དུང་དཀར་ཚང་གིས་གཉའ་ཁྲིའི་སྲིད་ལོ་དེ་སྤྱི་ལོའི་སྔོན་གྱི་༩༡༩ཡིན་པར་གསུངས་ཡོད་ཚེ་ད་ལྟ་བོད་རྒྱལ་ལོ་༢༩༢༩ཡིན་པ་མ་གཏོགས་ཉིས་སྟོང་བཞི་བརྒྱ་ཞིག་ནས་སྡོད་ཐབས་ག་ལ་ཡོད། ཨ་ལེ་གཟབ་ཙམ་གནོངས་དང་།
བོན་མང་དྲ་ཚིགས། བོན་བརྒྱ་དགེ་ལེགས་རྣམ་རྒྱལ་གྱི་གསུང་ལས་བཤུས།
བོད་ཀྱི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙད་པོ་ལ། བོན་པོའི་ལུགས་སུ་འཁྲུངས་ལོ་བཞེད་པ་གཅིག་ལས་མེད་དེ། སྤྱི་ལོའི་སྔོན་ཡར་བརྩིས་པའི་ཆིག་སྟོང་ཆིག་བརྒྱ་སོ་དྲུག༼༡༡༣༦༽ཤིང་བྱི་ལ་འཁྲུངས་པར་བཤད། དེ་ནས་ད་བར་སུམ་སྟོང་ཆིག་བརྒྱ་སོ་དྲུག༼༣༡༣༦༽ཡིན། བན་དེའི་ལུགས་ལ་མི་མཐུན་པ་དགུ་ཡོད་དེ།
༡、སྤྱི་ལོའི་སྔོན་གྱི་ལོ་ལྔ་བརྒྱ་སོ་དགུ༼༥༣༩༽ཆུ་ཁྱི་ལ་འཁྲུངས་པར་འདོད་པ་ནི། གཡས་རུ་སྟག་ཚང་གི་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ལུགས་ཡིན། འདི་རྒྱ་གར་གནས་བརྟན་སྡེ་བའི་ལུགས་ལྟར་ན་ཐུབ་པ་འདས་ནས་ལོ་དྲུག་སོང་བ་ཡིན། རི་པན་དང་རྒྱའི་ཡི་གེ་ཞིག་གི་ལུགས་ལྟར་ན། ཐུབ་པ་དགུང་ལོ ༢༦ སྟེ་ཞལ་བཞུགས་པའི་རིང་རེད།
༢、སྤྱི་ལོ་སྔོན་ལོ་བཞི་བརྒྱ་བཅུ་བདུན༼༤༡༧༽ཤིང་བྱི་ལ་འཁྲུངས་པ་སུམ་པས་བཞེད།
༣、སྤྱི་ལོ་སྔོན ༣༡༣ ས་སྤྲེལ་ལ་འཁྲུངས་པ་ས་སྐྱའི་ཡིག་རྙིང་དུས་གསལ་སྒྲོན་མེའི་ལུགས།
༤、སྤྱི་ལོ་སྔོན ༢༣༧ ཤིང་བྱི་ལ་འཁྲུངས་པ་སྡེ་སྲིད་ཀྱི་བཻ་དཀར་དང་འཇམ་དབྱངས་བཞད་པའི་བསྟན་རྩིས། བླ་བྲང་གདན་རབས་སོགས་ཀྱི་ལུགས།
༥、སྤྱི་ལོ་སྔོན ༢༠༠ ལྕགས་གླང་ལ་འཁྲུངས་ཞེས་ས་ཆེན་གྲགས་རྒྱན་བཞེད།
༦、སྤྱི་ལོ་སྔོན ༡༩༥ མེ་རྟ་ལ་འཁྲུངས་པ་གཙུག་ཕྲེང་བཞེད་ལུགས་གཅིག
༧、སྤྱི་ལོ་སྔོན ༡༣༤ མེ་ལུག་ལ་འཁྲུངས་པ་ས་སྐྱ་འཕགས་པའི་ལུགས།
༨、སྤྱི་ལོ་སྔོན ༡༢༧ ཤིང་སྟག་ལ་འཁྲུངས་ཟེར་བ་རྒྱལ་བའི་མཛད་རྣམ། རྫོགས་ཆེན་དཔལ་སྤྲུལ།
༩、སྤྱི་ལོ་སྔོན ༡༡༥ མེ་སྟག་ལ་འཁྲུངས་ཟེར་བ། གཙུག་ཕྲེང་གི་བཤད་ལུགས་གཉིས་པ།
བོད་རྒྱལ་ལོ་ཞེས་པ་འདི་ནི་སྐར་རྩིས་རིག་པ་ཚོའི་བརྡ་ཆད་ཅིག་རེད། ཡིན་ན་ཡང་དེང་སང་བོད་ནང་དུ་བོད་རྒྱལ་ལོ་ཞེས་པའི་ཚིག་འདི་བོད་རྒྱལ་ཁབ་ཀྱི་ལོ་ལྟ་བུར་གོ་ནས་མི་ལ་དཀའ་ངལ་མི་བཟོ་བའི་ངེས་པ་མི་འདུག དཔེར་ན་གོ་གུང་དམག་འཁྲུག་གི་དུས་སུ་མི་ཞིག་གི་ལག་ནས་ཐོག་ཁང་དམར་པོའི་རྨི་ལམ་གྱི་དཔེ་ཆ་ཞིག་ཐོན་པས་མི་དེ་དམར་ཕྱོགས་པ་རེད་ཅེས་ལམ་སེང་སྲོག་ཐོག་ཏུ་བཏང་ལུགས་ཨ་རི་བ་སི་ནོའི་སྐར་མ་དམར་པོའི་འོད་ཟེར་ཀྲུང་གོར་འཕྲོ་བ་ཞེས་པའི་དེབ་དེའི་ནང་དུ་འདུག་པ་བཞིན་ནོ།། བོད་རྒྱལ་ལོ་ཞེས་འབྲི་བ་ལས་གཉའ་ཁྲིའི་ཁྲི་ལོ་ཞེས་བྲིས་ན་གོ་བ་ལམ་སེང་ལེན་ཐུབ་པ་དང་སྲིད་དོན་གྱི་དཀའ་ངལ་དང་མི་འཕྲད་པའི་དགོས་པ་འདུག གནའ་སྔ་མོ་ནས་ད་ལྟ་བར་དུ་རྒྱལ་པོ་དེ་དང་དེའི་ཁྲི་ལོ་ཞེས་པ་འདི་ནི་ཡོངས་གྲགས་སུ་བེད་སྤྱོད་བཏང་དང་གཏོང་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད། དཔེར་ན་མྱ་ངན་མེད་ཀྱི་ཁྲི་ལོ། རྒྱལ་དཀའི་ཁྲི་ལོ། ཁང་ཤིའི་ཁྲི་ལོ་ཞེས་པ་བཞིན་ནོ།།
མི་རྐང་གླིང་བུས་བོད་རྒྱལ་ལོ་བརྩི་ཚུལ་རྒྱལ་མོ་འབྲུག་པའི་ལོ་རྒྱུས་ནང་དུ་བྲིས་སྙམ་པ་ནོར། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་གྱི་ནང་དུ་བོད་རྒྱལ་ལོ་བརྩི་ཚུལ་བྲིས་ཡོད་པ་མ་རེད།
བོད་ཀྱི་རྩིས་པ་ཆེན་མོ་ཨ་ཁུ་བསམ་འགྲུབ་རྒྱ་མཚོ་ཚང་གིས་སྔོན་ཆད་ང་ཚོ་སྐོར་ཞིག་ལ་དཔེ་ཁྲིད་གནང་སྐབས། སྟོན་པའི་འདས་ལོ་བརྩི་ཚུལ་དེ་དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་གནས་བརྟན་སྡེ་བའི་ལུགས་ལྟར་བརྩིས་ཡོད། དེ་ནི་ཁུངས་དག་ཤོས་ཡིན་གསུངས།
སྐུ་ཞབས་འདས་པོ་དོན་གྲུབ་རྒྱལ་གྱིས་ཀྱང་ཤཱཀྱའི་གདུང་རྒྱུད་བརྗོད་སྐབས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལོའི་བཞེད་པ་མི་འདྲ་བའི་རེའུ་མིག་ཅེས་པ་ཞིག་བྲིས་ཡོད་པ་འདྲ་ནའང་། ཁོང་གི་གསུང་འབུམ་གྱི་ནང་དུ་ལེའུ་འདི་ཆད་འདུག
ཨ་ལགས་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ཚང་གི་གསུང་འབུམ་པོད་དང་པོའི་ནང་དུ། གོང་གི་མདའ་ཚན་པས་དྲངས་པའི་ཨ་ལགས་བོན་བརྒྱ་ཚང་གི་བཙན་པོ་ཚོའི་འཁྲུངས་ལོ་དང་འདས་ལོ་བརྩི་ཚུལ་ལས་གཞན། མདོ་སྨད་བྱང་རྒྱུད་དུ་བོན་བསྟན་དར་ཚུལ་དང་། བོད་ཡིག་གི་འབྱུང་ཁུངས་ཀྱི་སྐོར་སོགས་ཀྱིས་མཚོན་པའི་དཔྱད་རྩོམ་རིན་ཐང་ཅན་མང་པོ་འདུག་སྟབས། དངོས་གནས་ྐློག་རན་ཡོད་པའི་གསུང་འབུམ་ཞིག་རེད།
འདི་ཡང་མཆན་ཞིག་ཡིན་པའི་ཁུལ་ཡིན།
རྒྱལ་མོ་འབྲུག་པའི་དེབ་དེའི་ནང་དུ་བོད་རྒྱལ་ལོ་ཟེར་བའི་བརྩི་ཚུལ་ཞིག་ཡོད་ལུགས་ཙམ་བྲིས་འདུག ཡིན་ན་ཡང་ཁོ་རང་གིས་དེ་ལོ་ཚིགས་བརྩི་གཞིར་བཞག་མི་འདུག
སྤོབས་པ་ལགས།
ཤོག་གྲངས་ག་ཚོད་ཀྱི་ངོས་ན་འདུག ངས་བཙལ་བ་ཡིན་ཏེ་རྙེད་མ་སོང་།
གཡུང་དྲུང་ལགས། ངས་ཀྱང་འཚོལ་བཞིན་པ་ཡིན་མོད་རྙེད་ཀྱིན་མི་འདུག ཡོད་པ་ཐག་ཆོད་ཡིན། ངས་རྙེད་དུས་ཁྱེད་ལ་ཕུལ་ཆོག
སུ་ཁྲོན་ཞིང་ཆེན་ཙི་ཀོང་གྲོང་ཁྱེར་བཟོ་ལས་ལག་རྩལ་སློབ་གྲྭའི་ནང་རྒྱ་བོད་ སློབ་མའི་བར་ར་འགལ་ཟླ་བྱུང་ནས་ཉུང་མཐའ་བོད་རིགས་སློབ་གཅིག་འདས་གྲོངས་ཕྱིན་ ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་བ་འདིའི་ཚེས་༡༢ཉིན་སུ་ཁྲོན་ཙི་ཀོང་གྲོང་ཁྱེར་གྱི་ཡང་བའི་བཟོ་བཀོད་སློབ་ གྲྭའི་ནང་རྒྱ་བོད་སློབ་མའི་བར་འགལ་ཟླ་ཤོར་ནས་མི་གྲངས་སུམ་ཅུ་ལྷག་ལ་རྨས་ སྐྱོན་ཕོག་དང་། འགལ་ཟླ་བྱུང་རྐྱེན་ནི་སློབ་གྲྭའི་ཚོང་ཁང་ནང་རྒྱ་རིགས་སློབ་མ་ཞིག་གིས་སེམས་ ཆུང་མ་བྱས་པར་བོད་རིགས་སློབ་མ་ཞིག་དང་གདོང་ཐུག་རྒྱབ་ནས་ཁ་རྩོད་ཤོར་བ་རྗེས་ སུ།ཉིན་དེའི་དགོང་མོར་དུས་ཚོད་དགུ་བ་ནས་རྒྱ་བོད་སློབ་མའི་བར་གྱི་དྲག་པོའི་ འགལ་ཟླ་གྱུར་ཏེ་ཕན་ཚུན་བར་སོ་ཕོག་སོགས་ཀྱིས་རྒྱག་རེས་བྱས་ནས་ཞོགས་པའི་དུས་ ཚོད་གཉིས་བའི་བར་ལྷག་པ་དང་། དེ་ནས་ཉེན་རྟོག་པ་བརྒྱ་གྲངས་ལྷག་ཡོང་ནས་བཀག་འགོག་དང་གནས་ཚུལ་དེ་ཕྱི་ལ་ བསྒྲགས་མི་ཆོག་པ་བཟོས་བ་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ ཚན་གྱིས་གནས་ཚུལ་སྤེལ་ཡོད་། དེ་བཞིན་ཟླ་བ་འདིའི་ཚེས་༢༥ཉིན་ཙི་ཀོང་གྲོང་ཁྱེར་གྱི་བཟོ་ལས་ལག་རྩལ་སློབ་ གྲྭ་གཞན་ཞིག་ཏུ་ཡང་རྒྱ་བོད་སློབ་མའི་བར་འགལ་ཟླ་བྱུང་ནས་འཁོན་འཛིང་བྱས་ཏེ་ ཉུང་མཐའ་བོད་རིགས་སློབ་མ་གཉིས་འདས་གྲོངས་དང་གསུམ་ལ་རྨས་སྐྱོན་བྱུང་བའི་གནས་ ཚུལ་ཐོན་ཡོད་པ་མ་ཟད་། ཙི་ ཀོང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་བོད་སློབ་མའི་འཁོན་འཛིང་ཁྲོད་བོད་ རིགས་སློབ་མ་བཞི་ཤི་རྨས་བྱུང་བ་བདེན་དཔང་བྱས་འདུག ཡང་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་བརྗོད་ན།བོད་རིགས་སློབ་མ་དེ་དག་ན་ནིང་ ལོར་སུ་ཁྲོན་དཀར་མཛེས་ཁུལ་ནས་ཡོང་བ་དང་། ལོ་གཉིས་དང་ཕྱེད་ཀའི་རིང་སློབ་གྲྭ་འདིར་གློག་རྡུལ་འཕྲུལ་ཆས་དང་གྲངས་རྩིས་། བཟོ་ལས་ལག་རྩལ།ཁོར་ཡུག་སོགས་ཀྱི་ཆེད་ལས་སྐོར་སློབ་སྦྱོང་བྱེད་ཀྱི་ཡོད་ཟེར་། སློབ་གྲྭ་དེའི་སློབ་མ་ཞིག་གིས་བརྗོད་ན་རྒྱ་རིགས་སློབ་མ་ཚོས་སློབ་གྲྭའི་ ཕྱོགས་ནས་བོད་རིགས་སློབ་མ་ཚོར་ཉིན་རེར་རྒྱ་སྒོར་བཅུའི་ཁ་གསབ་སྤྲོད་པ་དེ་ འདྲ་མཉམ་མིན་པར་བསམ་ནས་མི་རིགས་བར་གྱི་འགལ་ཟླ་བྱུང་བ་དང་། ད་ཐེངས་བོད་རིགས་སློབ་མ་གཅིག་བསད་པ་དེས་འཁོན་སེམས་དེ་བས་ཇེ་ཆེར་གྱུར་ཡོད་ ཟེར་། གནས་ཚུལ་གཞན་ཞིག་ཏུ་སློབ་གྲྭ་དེར་སློབ་མ་ཆིག་སྟོང་ལྷག་ཡོད་པའི་ཁྲོད་སློབ་མ་ བརྒྱ་ལྷག་ན་ནིང་ལོར་དཀར་མཛེས་ཁུལ་ནས་ཡོང་བ་དང་།ནམ་རྒྱུན་ཏུ་རྒྱ་བོད་སློབ་ མའི་བར་འགལ་ཟླ་ཆུང་ངུ་རེ་ཡོང་གི་ཡོད་པ་དང་།བོད་རིགས་སློབ་མ་ཚོ་ཁོང་ཁྲོ་ལངས་ སླ་བ་ཡོད་ཚུལ་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་འགྲེལ་བརྗོད་བྱས་འདུག
ལྕགས་མོ་འཚོའི་དྲ་བ་ལས་དྲངས།
ཤོག་གྲངས་༣༤ངོས་ཀྱི་སྒང་ནས་མར་ཡོང་བའི་ཡིག་ཕྲེང་གཉིས་པ་དེ་ན་འདུག
སྙན་བཟང་གཡུང་དྲུང་ལགས། ཁྱེད་འདི་ན་ཡོད་དམ། ངས་རྙེད་བྱུང་། ཤོག་ངོས་༣༤པའི་སྒང་ནས་མར་ཡོང་བའི་ཡིག་ཕྲེང་གཉིས་པ་ན་འདུག
ཚིག་འདི་རེད། ‘ཡང་ཕྱི་སྡོད་བོད་མི་མཁས་པས་བོད་རྒྱལ་ལོ་ཞེས་ལོ་གྲངས་བགྲང་བའི་ལུགས་སུའང་གཉའ་ཁྲི་བྱོན་ནས་ད་བར་ལོ་ངོ་ཉིས་སྟོང་བཅུ་ཕྲག་སོང་བར་བཀོད་པས་དུས་དེ་ཙམ་ལ་ཁེལ་བ་ཕལ་ཆེར་མཐུན་པར་འདུག་གོ’ འདི་ངས་མཐོང་སོང་སྟེ། ངས་མི་རྐང་གླིང་བུས་བོད་རྒྱལ་ལོ་བརྩི་ཚུལ་གྱི་སྐོར་བཤད་གི་ཡོད་ན་བསམས་བྱུང་། བསྐྱར་དུ་ཁོང་གི་མཆན་དེར་བལྟས་པ་ཡིན། ཁོང་གི་དོགས་སློང་འདྲ་པོ་ཞིག་བྱས་འདུག གང་ལྟར་ཐུགས་རྗེ་ཆེ་ཞུ།
བོད་རྒྱལ་ལོ་ཟེར་བའི་བརྩི་སྲོལ་འདི་ག་དུས་ཤིག་ནས་ཚུགས་པ་ཡིན་ནམ།
དེ་ངས་མི་ཤེས་ཡ། སྒོམ་སྡེ་ལྷ་རམས་པའི་རྩོམ་དེར་བསམ་བློ་གཏོང་བཞིན་ཡོད། ཁྱོད་ལ་བཤད་རྒྱུ་འདྲ་མེད་དམ།
ངས་ནི་སྲིད་དོན་རྒྱལ་རབས་ལས་ཡན་ཞིག་ཏུ་བརྩི་སྲོལ་དེ་མཐོང་མ་མྱོང་།
ཡ་ཡ། ད་ང་ཉལ་གི་ཡིན།
ད་ཉོལ་ཉོལ། ང་ཚོ་ལ་ཡར་ནམ་ལངས་དུས་ཁྱོད་ཚོ་ས་མར་རུབ་པ་རེད། གཟིམས་འཇགས་གནང་། རྨི་ལམ་མངར་མོ་རྨི་བར་ཤོག
སྒོམ་སྡེ་ལགས་ཁྱོད་ཀྱིས་བཤད་པའི་ལོ་ཚུགས་དེ་གཉིས་ཆེས་ཡོངས་གྲགས་ཅན་དང་ལོ་རྒྱུུས་ཤེས་མིན་ཀུན་ལ་རླུང་ལྟར་གྲགས་པ་ཞིག་ཡིན་སྟབས་དེ་ཚིག་མཛོད་ཁག་ཅིག་ནང་བཀོད་མེད་ཀྱང་བརླགས་པའི་གནས་མེད་པས་སེམས་པ་སྐྱོ་དགོས་པའི་གནས་སུ་མ་མཆི། དེ་ལས་ངོ་མ་ལྷ་རམས་པ་མཁྱེན་རྒྱ་ཡངས་པོ་དང་ཐུགས་ཁུར་ཆེན་པོ་ཡོད་ན་གཉའ་ཁྲིའི་གོང་གི་བོད་ཀྱི་ཆབ་སྤེལ་རིག་གསུམ་རྒྱལ་ཕྲན་ལམ་ལུགས་དེ་དག་ལ་དཔྱད་ཞིབ་དང་རྒྱ་ཆ་རེ་ལོན་ན་སེམས་ཁུར་བྱས་ནོ་འབྲས་བུ་ཡོད་ཀི་འདོད། སྤྱི་དེ་སྐོར་ལ་ཞིབ་འཇུག་ཁ་ཟིན་སྣེ་ཟིན་བྱས་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ཅིག་ཡོད་ཀྱང་ད་དུང་ཞིབ་འཇུག་བྱེད་ཐུབ་ན་བཟང་གི། དེ་མིན་ཡང་གཅིག་བཤད་ན་བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོ་བར་རྒྱལ་རབས་སུམ་ཅུ་སོ་དང་ལོ་གྲངས་བསྡུར་ནས་དཔྱད་པ་བྱེད་རྒྱུ་ཡོད་པས་ཐུགས་གནང་གནང་རོགས།
གོང་གི་བོན་བོས་འདོད་པའི་བོད་རྒྱལ་གཉའ་ཁྲིའི་འཁྲུངས་ལོ་དེ་ཡང་ཡིད་ཆེས་དཀའ་བ་ཞིག་རེད། དེ་ཡང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒོམ་པོའི་བར་དུ་བཙན་པོ་༣༣་བྱུང་བ་རེད། སྲོང་བཙན་ཕྱི་ལོ་༦༥༠ལོར་འདས་ན་དེའི་ཡན་དུ་བོན་པོ་གཞིར་བྱས་ན་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བྱོན་ནས་ལོ་༢༦༨༦ཐམ་པ་སོང་། ལོ་གྲངས་དེ་མི་༣༣ལ་བགོ་ན་མི་རེ་ལོ་གྲངས་༨༡་རེ་ཐོབ་པ་རེད། བཙན་པོ་སྔ་མ་རྣམས་”སྲས་ཀྱིས་རྟ་ཁ་མ་ཐུབ་གོང་ནས་ཡབ་གནམ་དུ་གཤེགས་”ཟེར་བ་སོགས་མི་འཐད་པ་འགྱུར་རོ།། གཞན་ཡང་མི་རེ་ཆ་སྙོམས་ལོ་གྲངས་༨༡་བཞུགས་པ་ནི་མི་སྲིད་པ་ལྟ་བུ་ཞིག་རེད། འདི་ནི་ཧ་ཅང་གི་རགས་རྩིས་ཞིག་ཡིན།
གོང་གི་བོན་བོས་འདོད་པའི་བོད་རྒྱལ་གཉའ་ཁྲིའི་འཁྲུངས་ལོ་དེ་ཡང་ཡིད་ཆེས་དཀའ་བ་ཞིག་རེད། དེ་ཡང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒོམ་པོའི་བར་དུ་བཙན་པོ་༣༣་བྱུང་བ་རེད། སྲོང་བཙན་ཕྱི་ལོ་༦༥༠ལོར་འདས་ན་དེའི་ཡན་དུ་བོན་པོ་གཞིར་བྱས་ན་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བྱོན་ནས་ལོ་༢༦༨༦ཐམ་པ་སོང་། ལོ་གྲངས་དེ་མི་༣༣ལ་བགོ་ན་མི་རེ་ལོ་གྲངས་༨༡་རེ་ཐོབ་པ་རེད། བཙན་པོ་སྔ་མ་རྣམས་”སྲས་ཀྱིས་རྟ་ཁ་མ་ཐུབ་གོང་ནས་ཡབ་གནམ་དུ་གཤེགས་”ཟེར་བ་སོགས་མི་འཐད་པ་འགྱུར་རོ།། གཞན་ཡང་མི་རེ་ཆ་སྙོམས་ལོ་གྲངས་༨༡་བཞུགས་པ་ནི་མི་སྲིད་པ་ལྟ་བུ་ཞིག་རེད། འདི་ནི་ཧ་ཅང་གི་རགས་རྩིས་ཞིག་ཡིན། ད་དུས་ཙོད་མི་འདུག་ག་ལེར་མཇལ་ཡོང་།
སྒོམ་སྡེས་བརྩི་ཚུལ་དེ་ཕལ་ཆེར་འདས་ལོ་ཆེས་ཉུང་བའི་ཕྱོགས་རེད། དེ་ལ་མོས་མཐུན་ཡོད། གནས་བརྟན་སྡེ་བའི་ལུགས་འདི ནང་བའི་ཡུལ་གྲུ་ཕལ་ཆེར་གྱིས་ངོས་ལེན་ཞུ་བཞིན་ཡོད་པ་རེད། དགེ་ཆོས་ཀྱིས་ཀྱང་འདི་ཉིད་དག་ཚུལ་རྩལ་འདོན་གནང་ཡོད་སྙམ། ཉིད་ཀྱིས་༼བོད་རྒྱ་ཚིག་མཛོད་ཆེན་མོ༽ན་སངས་རྒྱས་ཀྱི་འདས་ལོ་བཤད་སྐོར་ཕལ་ཆེར་གཟིགས་མེད་པ་འདྲ། ཚིག་མཛོད་དེའི་༼ཤྰཀྱ་ཐུབ་པ༽ཞེས་པའི་ཐད་རོབ་ཙམ་དང་། ༼བོད་ཀྱི་ལོ་རྒྱུས་འདས་པའི་ལོ་ཚིགས་དང་སྦྱར་ཏེ་བསྒྲིགས་པའི་རེའུ་མིག༽ཅེས་པའི་ཆེད་སྒྲིག་སྡེ་ཚན་ནང་ཅུང་རྒྱས་ཙམ་བཀོད་འདུག ལར་ནས་ང་ཚོའི་ལོ་རྒྱུས་དེ་དག་ཧ་ཅིང་གི་ཉོག་དྲ་ཚ་བོ་རེད། ཀློག་རྒྱུར་ཉོབ་བསྡད་ཡོད། ལྷག་པར་དུ་ལོ་ཚིགས་དེ་ཚོ་ཕན་ཚུན་མཐུན་དུས་ཤིག་ཡོད་པ་མ་རེད། ང་ཚོས་ཀྱང་རྒྱ་ནག་གི་གནའ་སྲོལ་ལྟར། རང་ཉིད་ཀྱི་ལོ་རྒྱུས་སྒྭང་རྩཽམ་ལྟ་བུ་དང་མ་འདྲེས་པར་ཁུངས་དག་རེ་ཕྱོགས་སྒྲིག་གི་དབུ་ད་ནས་བརྩམ་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་།
སྐབས་འདི་དང་འབྲེལ་བའི་ཤེས་འདོད་གཞན་ཞིག་ཡོད། ལོ་ཟླ་ཞག་དུས་སོགས་ཉི་ཁྱིམ་བགྲོད་ཚུལ་སོགས་ལས་བརྩི་བཞིན་ཡོད་པ་རེད། ཉི་ཟླ་གཟའ་སྐར་སོགས། བསགས་ཕུང་སྣ་ཚོགས་པའི་ཆོས་ཅན་རིགས། བར་སྣང་སྟོང་པར་འཁོར་བསྐྱོད་བྱས་པ་ལ་བརྟེན་ནས། དུས་དང་ནམ་མཁའི་རྣམ་བཞག་བྱུང་བའམ། ཡང་ན། བསགས་ཕུང་དེ་དག་གི་འཐེན་ཤུགས་ལས། མཁའ་དབྱིངས་དང་དུས་གུག་ལྟེབ་བྱེད་བཞིན་ཡོད་པར་བཤད་པའི་ལྟོས་བཏགས་ཀྱི་ཚན་རིག་ཐད་ཐུགས་རྒྱུས་ཅན་གྱི་དྲ་གྲོགས་འདྲ་ཡོད་ན། འགྲེལ་བཤད་རེ་གནང་རོགས། ངས་འདི་སྐོར་ལ་ཅིག་འབྲི་བཞིན་ཡོད། དེ་མིན་དམིགས་ཡུལ་གཞན་མེད། ཐུགས་རྗེ་ཆེ།
མི་རྐང་གླིང་བུ་ལགས། རེབ་གོང་བོན་མང་དྲ་བའི་རྩོམ་འདི་ལ་གཟིགས་དང་།
http://www.rgbm123.com/forum/233_3/
བོན་པོ་ཚོས་ཁྱེད་ཀྱི་རིགས་པ་དང་མཚུངས་པ་ཞིག་ཚུར་དྲངས་འདུག
དཔེར་ན། “ཤཱཀྱ་ཐུབ་པ་འདས་ནས་ལོ་བརྒྱ་དང༌། དེ་ནས་བོད་མི་རྣམས་སྤྲེལ་སྲིན་ལས་མི་ཡང་དག་ཏུ་འགྱུར་བར་དུས་ཚོད་ཅུང་ཟད་བཏང་མཚམས་མངའ་མཛད་དང་རྒྱལ་ཕྲན་སོགས་ཅི་ཡང་མ་བྱུང་བའི་ཚུལ་གྱིས་ཐད་ཀར་གཉའ་ཁྲི་བཙན་པོ་བྱུང་བར་བྱས་རུང༌། དེ་ནས་ཀྱང་སྲོང་བཙན་བར་དུ་དུས་ཚོད་ཤིན་ཏུ་ཐུང་བར་འགྲོ་བས། འདིར་ཤཱཀྱ་ཐུབ་པ་འདས་ནས་ལོ་བརྒྱ་ཟིན་མ་ཐག་པའི་སྐད་ཅིག་གཅིག་ཀྱང་མ་བོར་བར་ཐད་ཀར་ཐོག་མ་ཉིད་ནས་བོད་ཀྱི་རྒྱལ་པོ་ལས་སྔ་བ་གཉའ་ཁྲི་བཙན་པོ་དེ་ཉིད་བྱུང་བར་བཙན་ཚུགས་ཀྱིས་འབད་པ་སྟེ། ཐུབ་པ་འདས་ནས་མི་ལོ་བརྒྱ་ཕྱིན་པའི་རྗེས་ཏེ་ཕྱི་ལོའི་སྔོན་གྱི་མི་ལོ་༤༤༤ནས་བརྩིས་ཏེ། དུས་རབས་བདུན་པ་ཕྱི་ལོ་༦༡༧མེ་གླང་ལོར་སྲོང་བཙན་སྒམ་པོ་འཁྲུངས་པའི་བར་གྱི་མི་ལོ་ཆིག་སྟོང་དྲུག་ཅུ་རེ་གཅིག་དེ་ཉིད། སྲོང་བཙན་བར་གྱི་རྒྱལ་པོ་སུམ་ཅུ་སོ་གཉིས་པོ་རེ་རེ་ལ་སྙོམས་བགོས་བྱས་ཀྱང༌། མི་རེར་ཆ་སྙོམས་མི་ལོ་སུམ་ཅུ་སོ་གསུམ་ལྷག་མི་བབས་པས། ད་དུང་ཡང་ཤིན་ཏུ་ཐུང་སྐྱོན་ཆེ་ལ། དེ་བས་ཐོ་ཐོ་རི་གཉན་བཙན་གྱིས་གཉན་པོ་གསང་བ་མཆོད་ནས་དགུང་ལོ་བརྒྱ་དང་བརྒྱད་བར་བཞུགས་པར་གྲགས་པ་སོགས་ཇི་སྙེད་ཅིག་ཡོད་པ་རྣམས་འཇོག་ས་མེད་པའི་རྫུན་དུ་འགྲོ་ཉེན་ཆེའོ། །དེས་ན་བོན་ལུགས་དང་མི་མཐུན་པར་ཆོས་འབྱུང་ཕལ་མོ་ཆེར་རྒྱལ་པོ་མང་པོ་ཞིག་མེད་པར་བྱས་འདུག་པ་ཡང་གནད་དོན་འདི་ཉིད་ལ་ཐུག་པ་མིན་ནམ་སྙམ་པའང་འབྱུང་ངོ་།” །ཞེས་པ་འདི་རེད་འདུག
མི་རྐང་གླིང་བུ་ནས། སྲོང་བཙན་འདས་ལོ་ ༦༥༠ ཡན་ལ་རྒྱལ་པོ་ ༣༣ བྱུང་་བར་མི་ལོ་ ༢༦༨༦ སོང་བ། རྒྱལཔོ་ རེ་ལ་ལོ་ ༨༡ ཐོབ་པ་སོགས་གསུངས་འདུག ངས་གོ་ཐོས་བྱས་ན་བོན་ལུགས་ལྟར་ན། གཉའ་ཁྲིའི་སྔོན་ལ་རྒྱལ་པོ་ ༢༠ སྐོར་ཅིག་བྱུང་ཡོད་པ་དང་། དེས་ན་ཁྲི་ལོ་གཉའ་ཁྲི་ནས་མིན་པར། དེའི་སྔོན་གྱི་ ༢༠འི་དང་པོ་ནས་བརྩིས་ན་རྒྱལ་པོ་རེར་ཆ་མཉམ་ ༥༠ རེར་ཐོབ་པས་འགྲིག་པ་དང་། ”སྲས་ཀྱིས་རྟ་ཁ་མ་ཐུབ་ གོང་ནས་ཡབ་གནམ་དུ་གཤེགས་”ནི་རྒྱལ་པོ་གཅིག་གཉིས་ལས། ཚང་མ་ལ་སྦྱར་མི་རུང་སྟེ། དེ་མིན་ན་མིའི་ལོ་རྒྱུས་ལས་འདས་པའི་ཕྱིར་རོ། འདིའི་སྐོར་ལ་མཆན་བུ་གང་མང་ཡོང་བའི་རེ་བསྐུལ་ཞུ།
སྙན་བཟང་གཡུང་ དྲུང་ཚེ་རིང་ལགས་ཀྱི་མཆན་བུ་ ༢༠ པ་འདིའི་ནང་གི་བོན་གྱི་རྒྱལ་རབས་སྐོར་གྱི་གཞུང་ལུགས་རྣམས་ལ་ཉམས་ཞིབ་མཐར་ཕྱིན་རེ་དགོས་ངེས་འདུག
ནམ་ལངས། ཉི་མ་ཤར།
ཞོགས་པའི་མཁའ་རླུང་བསིལ་པོ་དེ་མ་རྔུབ་སྔོན་ནས། ཁྱེད་ཚོས་རྩིས་རྒྱག་སྟངས་དེས་ང་ཀླད་པ་རྡིབ་བཅུག་སོང་།
ངས་བལྟས་གང་ཞིག་ཤེས་པའི་ལོ་དེ་གཞི་རྩར་བཞག་ནས་རྩིས་རྒྱག་དགོས་ཀྱི་འདུག དེ་ལ་བརྟེན་ནས་རྒྱལ་པོ་སྔོན་མ་ཚོའི་ལོ་རོབ་ཚོད་ཙམ་དང་ཚོད་དཔག་ཙམ་བྱེད་མ་ཆོག་མི་འདུག ཡིན་ནའང་། དེ་ནི་ནམ་ཡིན་ན་ཚོད་དཔག་ཙམ་ལས་མིན་པ་རེད།
སྲོང་བཙན་ནས་ཁྲི་རལ་བར་གྱི་ལོ་བརྩིས། ངས་བལྟས་ན། རྒྱལ་པོ་རེར་ལོ་སུམ་ཅུ་བཞི་བཅུ་བྱས་ན་མང་མེད་ན་ཉུང་ཡོད་པ་མ་རེད་སྙམ། རྒྱལ་ཁྲིར་བཞུགས་པའི་ལོ་གཅིག་པོ་རྩིས་རྒྱག་ན་དེ་ལས་ཀྱང་རྡབ་འགྱུར་གྱིས་ཉུང། འགའ་རེས་ལོ་རེ་ཟུང་ལས་རྒྱལ་པོ་བྱས་མེད་པ་ལྟར་རེད། ངས་རྩིས་རྒྱབ་མེད་ཀྱང་། ཁྲི་སྲོང་ལྡེ་བཙན། དེ་ནས་སྲོང་བཙན་སྒམ་པོ་གཉིས་ཁྲི་ལོ་རིང་ཤོས་མིན་འགྲོ་སྙམ།
ཁྱེད་ཚོས་རྩིས་རྒྱག་སྟངས་དེས་ང་ཧང་སོངས་བཅུག་སོང་།
ངས་བལྟས་ན། ༢༦༨༦ ལོ་གྲངས་ཅན་གྱི་བོད་རྒྱལ་ཁྲི་ལོ་ཅིག་བཤད་ཡོད་པ་ཙམ་གྱིས་དཔྱད་གཞིར་ཤིན་ཏུ་ནས་ཕན་ཐོགས་ཡོད་རེད། དེ་མིན་བོན་འགས་གཉའ་ཁྲི་གནམ་རིམ་པ་བཅུ་གསུམ་མམ་དགུ་ནས་ཕེབས་པ་དང་། ནང་པ་འགས་ལི་ཙཱ་བིའི་རིགས་སུ་འཁྲུངས་གསུངས་པ་ནི། ཆོས་ལུགས་པ་ཁ་ཤས་ཅིག་གིས་བཅོས་གཏམ་རེད་སྙམ།
དྲིས་ལན་ཕལ་ཆེར་དྲ་གྲོགས་རྣམ་པས་ཕུལ་ཟིན་འདུག ཐུགས་རྗེ་ཆེ།
འོན་ཀྱང་རང་གི་བསམ་ཚུལ་ཅུང་ཟད་བཤད་ན།
སྟོན་པ་འདས་ལོ་འདི་ཅུང་ཟད་སླ་བས་ཐོག་མར་སངས་རྒྱས་འདས་ལོ་ལ་དཔྱད་རྒྱུ་ཡིན།
སངས་རྒྱས་འདས་ལོ་འདི་བོད་ཀྱི་མཁས་པ་ཚོའི་འོལ་ཚོད་དེ་དག་དོར་ནས་རྒྱ་གར་གྱི་གནས་བརྟན་སྡེ་པ་དག་གི་བཞེད་པ་ལྟར་ཐེ་ཚོམ་ཙམ་ཡང་མི་དགོས་པར་ཁས་བླང་བར་རིགས་སོ། །རྒྱུ་མཚན་ནི། གནས་བརྟན་སྡེ་པ་དག་གིས། སྟོན་པ་འདས་ནས་ལོ་ཇི་སོང་ཞག་རེ་རེ་བཞིན་བརྩི་བར་གྲགས་པས་སོ། །དེ་བས་ལྷག་པའི་ཁུངས་བཙུན་པ་ཞིག་འོང་བའི་གནས་མེད་དོ། །
དེས་ན་སྟོན་པའི་འདས་ལོ་ནི་ངེད་ཀྱིས་གོང་དུ་བཤད་པ་ལྟར། ཕྱི་ལོའི་སྔོན་གྱི་ལོ་གྲངས་༥༤༤ལ་ཡིན་པར་ཐེ་ཚོམ་མི་དགོས་སོ། །
དེའི་ཁུངས་ནི་མཁས་དབང་དགེ་འདུན་ཆོས་འཕེལ་དེབ་དཀར་ལྟར་ན་སྟོན་པ་འདས་ལོ་ཕྱི་ལོའི་སྔོན་གྱི་ལོ་རབས་༥༤༤ལ་བརྩིས་ཡོད། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོ་༤༤ལས། ད་ལྟའི་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་(1946)འདི་སངས་རྒྱས་འདས་ནས་ཉིས་སྟོང་དང་བཞི་བརྒྱ་དགུ་བཅུ་པ་ཡིན་ལ། ཞེས་གསུངས།
༢༠༡༠+༥༤༤=༢༥༥༤ ཏག་ཏག་སླེབས་ཀྱི་ཡོད།
ཡང་ཅུང་ཟད་མི་མཐུན་པ་ཞིག་ལ། དགེ་ཆོས་ལགས་ཀྱི་སིངྒ་ལའི་ལོ་རྒྱུས་ལྟར་ན་༥༤༢ལ་གསུངས་ཡོད། དེ་གཉིས་ལ་རིང་ཐུང་ཕྲན་བུའི་འདུག སིངྒ་ལའི་ལོ་རྒྱུས་༥༠ལས། ད་ལྟ་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་(1944) འདི་བར་སྟོན་པ་འདས་ནས་ལོ་ཉིས་སྟོང་བཞི་བརྒྱ་གྱ་དྲུག་༢༤༨༦སོང་། ཞེས་གསུངས།
༢༠༡༠+༥༤༢=༢༥༥༢ སླེབས་ཀྱི་ཡོད།
གོང་དེ་གཉིས་ཡི་གེ་དག་མ་དག་སོགས་ཅུང་ཟད་དཔྱད་དགོས་སོ། །
དགེ་འདུན་ཆོས་འཕེལ་མེད་ན་བོད་ཀྱི་མཁས་པ་ཚོས་སྟོན་པའི་འདས་ལོའི་སྐོར་ལ་དགུ་ཐུག་ཤ་སྟག་བསྐོལ་ནས་བཞུགས་འདུག་གོ།
སྲོང་བཙན་སྔོན་ལ་ཁྲི་ལོ་ ༢༦༨༦ ཅན་དང་། ཡང་ཁྲི་ལོ་ལ་སྤྱི་ལོའི་སྔོན་གྱི་ལོ་གྲངས་ ༤༤༤ དང་ སྤྱི་ལོའི་རྗེས་ཀྱི་ལོ་གྲངས་ ༦༡༧ གཉིས་བསྡོམས་པས་ཁྲི་ལོ་ ༡༠༦༡ ཅན་གཉིས་བྱུང་བ་ནི། བོད་ཀྱི་རྒྱལ་པོ་སྔ་ཤོས་ཀྱི་དཔྱད་གཞི་རིང་ཤོས་སུ་མཐོང་བས་དེ་ལྟར་ཡིན་མིན་དཔྱད་དགོས་སོ།
ཉག་ཁྲིའམ་གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་པོ་སྔ་ཤོས་འདོད་པ་ནི་མི་འཐད་དེ། བན་བོན་གཉིས་ཀའི་ལུགས་སུ། མི་ཤེས་པ་ཅན་ ༡༢ ཀྱིས་ཡུལ་གྱི་རྒྱལ་པོ་འཚོལ་སྐབས་གསུངས་སྟངས་ལ་བལྟས་ན། སྔར་ཡོད་ལ་ཕྱིས་སུ་མེད་ནས་ཚབ་འཚོལ་བ་ལ་གོ་དགོས་ཀྱི། དེ་མིན་པར་སྔར་རྒྱལ་པོ་བྱུང་མ་མྱོང་ལ་རྒྱལ་པོའི་མིང་ཡང་མེད་པ་ལ་རང་གི་རྒྱལ་པོའམ་བཙན་པོར་བསྐོས་པ་མི་སྲིད་པའི་ཕྱིར་རོ།
བོད་རྒྱལ་ལོ་འདི་ནི་མཐའ་གཅིག་ཏུ་ཁ་ཚོན་བཅད་དེ་ཤོད་ཐུབ་པ་ཞིག་ནི་ཡོང་མི་སྲིད་པ་ལྟ་བུ་རེད། ངས་གོང་དུ་བཤད་པ་ནི་དེང་སང་ཡོངས་གྲགས་ཀྱི་བཤད་སྲོལ་དེའི་རྗེས་སུ་འབྲངས་པ་ཡིན། གཞི་རྟེན་འཆའ་ས་ཞིག་གཏན་ནས་མེད་ནའང་ཁྱད་ཚར་ཞིག་འདུག གཞི་རྟེན་ས་ཞིག་བཞག་ནས་དེ་ནས་བཤད་ཚུལ་གཞན་རྣམས་ཀྱིས་ཁ་བརྒྱན་ཏེ་བཤད་ན་ཡག་པོ་འདུག
ངེད་རང་སྒེར་གྱི་བསམ་ཚུལ་ལ་ནི་གཉའ་ཁྲི་བཙན་པོ་ནི་བོན་པོའི་གཞུང་ལས་བཤད་པ་ལས་ཀྱང་ཆེས་སྔ་བ་ཕྱི་ལོའི་སྔོན་གྱི་ལོ་ཉིས་སྟོང་ལྔ་བརྒྱ་ནས། སུམ་སྟོང་གི་བར་ཞིག་ལ་བྱུང་བར་དོགས་པ་ཆེན་པོ་འདུག དེའི་རྒྱུ་མཚན་ནི་རྒྱ་གར་གྱི་དཔའ་བོའི་བྱུང་རབས་“མཧཱ་བྷ་ར་ཏ”དང་དུས་མཚུངས་པར་བྱུང་བར་སེམས་པས་སོ། །བསམ་ཚུལ་འདི་ལ་བསམ་གཞིག་བྱ་འོས་པའི་རྒྱུ་མཚན་ཆེན་པོ་གསུམ་འདུག
དང་པོ་ནི༽ གཉའ་ཁྲི་བཙན་པོས་མཛུབ་མོ་གནམ་ལ་ཀེར་བ་དེ་རེད། དེ་ནི་སྐད་བརྡ་མ་སྤྲོད་པའི་རྟགས་མཚན་གསལ་པོ་རེད།
གཉིས་པ་ནི༽ ཡུམ་བུ་བླ་སྒར་འཛུགས་སྐྲུན་བྱས་པ་དེ་རེད། དེ་དུས་བོད་ཡུལ་བྱིངས་ལ་བྲ་གུར་གྱི་ནང་དུ་སྡོད་པའི་སྲོལ་ལས། ཁང་ཁྱིམ་དུ་སྡོད་པའི་ལུགས་སྲོལ་མེད་ནའང་། རྒྱ་གར་བ་རྣམས་གནའ་བོ་ནས་ཁང་ཁྱིམ་སྡོད་ཅིང་། དེའི་འཛུགས་སྐྲུན་གྱི་སྲོལ་ཡང་ཤེས་པས་སོ། །
གསུམ་པ་ནི༽ “མཧཱ་བྷ་ར་ཏའི”ལོ་རྒྱུས་ནང་དཔའ་བོ་མང་པོ་ཞིག་རི་ཁ་བ་ཅན་གྱི་ཕྱོགས་སུ་བྲོས་པར་བཤད་པ་དེ་རེད།
ཞིབ་འཇུག་གི་ཆེད་དུ་“མཧཱ་བྷ་ར་ཏའི”གློག་བརྙན་བལྟས་དང་ལྟ་མུས་ཀྱིས་ད་ལྟ་ལེའུ་༥༥ལ་སླེབས་ཡོད།
ནོར་བཅོས། འཛུགས་སྐྲུན་གྱི་ལག་རྩལ་དང་ཡང་ལྡན་པའི་ཕྱིར་རོ།།
བསམ་གྱིན་བསམ་གྱིན་དོགས་པ་ཇེ་ཆེ་དང་དགོད་རྒྱུ་གཏིང་ནས་ཡོང་གིས
བོད་མི་འདི་ཚོ་ ཡ་མཚར སྐད་བརྡ་མི་འཕྲོད་པའི་མི་ཞིག་རྒྱལ་པོར་བརྐོས། རྒྱལ་པོ་གཡོག་ཏུ་བཀོལ་ནས་རྡོ་ཡི་ཁང་བ་རྩིག་ཏུ་བཅུག
དངོས་ནས་བཤད་ཐུབ་པ་མི་འདུག
དགེ་འདུན་ཆོས་འཕེལ་གྱིས་ཀྱང་གནས་བརྟན་སྡེ་པའི་ལུགས་སུ་གྲགས་པའི་འདས་མོ་མི་མཐུན་པ་གཉྀས་ཀྱི་དགུ་ཐུག་བསྐོལ། དགུ་ཐུག་དེ་སྒོམ་སྡེ་ལགས་ཀྱིས་གསོལ་བཞིན་པ་རེད། ཧཧཧཧཧ།
དགེ་འདུན་ཆོས་འཕེལ་གྱིས་ཁུངས་སུ་བྱེད་པའི་གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པའི་འདས་ལོ་བརྩི་ཚུལ་གསལ་བའི་བསྟན་བཅོས་དེ་གང་དུ་འདུག དེ་ལ་ང་ཚོས་ཞིབ་འཇུག་དགོས་ཀྱི་འདུག དེ་མིན་ན་དགེ་ཆོས་ལགས་ཀྱང་བོད་སྔ་མ་དང་མཐུན་པ་དགུ་ཐུག་བསྐོལ་མཁན་རང་རེད་འདུག་
སྒོམ་སྡེས་གཉའ་ཁྲི་བཙན་པོ་དེ་རྒྱ་གར་གྱི་མི་ཞིག་ཡིན་པར་སྒྲུབ་བྱེད་དུ་ག་རེ་བྱ་དགོས་བྱུང་ནའང་བྱེད་ཀྱི་རེད། དེའི་དོན་དུ་གཉའ་ཁྲི་བཙན་པོ་འཁྲུངས་ནས་ད་བར་མི་ལོ་ལྔ་སྟོང་ཕྱིན་ཡང་རུང་བར་ཁོས་འདིར་འདོད་ཟིན་སོང་མོད། འོན་ཀྱང་། དེ་ལྟར་འདོད་ན་གཉའ་ཁྲི་ནས་སྲོང་བཙན་བར་གྱི་རྒྱལ་པོ་༣༢པོ་དེ་དག་མི་རེའི་ཚེ་ཚད་མ་མཐའ་ཡང་མི་ལོ་༡༣༥རེ་ཡིན་དགོས་པར་གྱུར་པ་ལ་ཁོས་སྣང་དོགས་ཙམ་ཡང་བྱེད་ཀྱི་མེད། དེ་ནི་ཁོ་ལ་བོད་ཀྱི་མི་རིགས་དང་ཤེས་རིག་ཡོད་ཚད་ཀྱི་ཁུངས་དེ་རྒྱ་གར་ལ་གཏུགས་འདོད་པའི་དམིགས་ཡུལ་ཞིག་ཡོད་པ་སྔར་གྱི་ཟིན་བྲིས་སུ་ཁས་ལེན་བྱས་པ་ལྟར་རེད།
སྤྱི་ལོ་ཡེ་ཤེའི་འཁྲུངས་ལོ་ལ་རྩོད་པ་ཆེར་མེད། དེ་ཕྱི་རྒྱལ་པའི་ལུགས་ཡིན་པས་ཕྱི་ལོ་རང་དུ་འཇུག་པར་སྣང་། འོན་ཀྱང་ཡེ་ཤེ་འཁྲུངས་པའི་ལོ་བདུན་པ་ལ་ཚུགས་པ་དང་། ལོ་ལྔ་པ་ལ་ཚུགས་པ་སོགས་འགོ་འཛིན་ཚུལ་འདྲ་མིན་མང དུ་འདུག་པས་དཔྱད་དགོས་པར་སྣང་། སྤྱི་ལོ་ཟེར་དོན། རྒྱ་ནག་གི་སྐད་དུ་གུང་ཡོན་ཏེ་སྤྱི་ལོ་དང་། ཤིས་ཡོན་ཏེ་ནུབ་ཕྱོགས་པའི་ལོ་ཞེས་བརྗོད་སྟངས་གཉིས་ཡོད་པ་བོད་དུ་བསྒྱུར་བར་སྣང་། བོད་དུ་བསྒྱུར་མཁན་གྲགས་ཆེ་བ་རྒྱ་ནག་གི་དགེ་སློང་ཆོས་འཕགས་སམ་ཧྥ་ཙུང་ཞུ་བ་ཡིན་ཚུལ་བཤད་སྲོལ་འདུག དགེ་སློང་འདིས་རྗེ་ཙོང་ཁ་བའི་ལམ་སྔགས་གཉིས་དང་། རིམ་ལྔ་གསལ་སྒྲོན་སོགས་བསྒྱུར་བས་བྱས་རྗེ་ཆེ། མཐའ་མ་བཙན་དབང་འོག་མོའི་ཙེ་ཏུང་གི་གསུང་རྩོམ་ཡང་བསྒྱུར་ཡོད། བཤད་སྲོལ་གཞན་པ་ཞིག་ནི་ནུབ་གླིང་རྩིས་གསར་གྱི་གཞུང་སོག་ཡིག་ནས་བོད་དུ་བསྒྱུར་ཏེ་ཕྱི་ལོ་༡༧༡༥་ལོར་པར་དུ་བསྐྲུན་པ་དེ་ལས་བྱུག་བའི་བརྡ་ཅད་ཡིན་པར་འདོད། ཡང་མདོ་སྨད་དཔལ་རི་མཱ་ཡང་དགོན་གྱི་མཁས་དབང་བཟོད་པ་རྒྱ་མཚོས་གོང་མ་ཆན་ལུང་ཁྲི་ལོ་དགུ་བ་ཤིང་བྱི་ལོ་རྒྱ་རྩིས་བོད་འགྱུར་སྐབས་རྒྱལ་ཁབ་དུ་མིའི་ལོ་འགོ་འཛིན་ཚུལ་མཆན་དུ་བྱས་པ་ཞིག་ལ་ཡང་ཡོད་པར་བཤད། ཛ་ཡ་པཎྜི་ཏའི་གསུང་ཞིག་ནང་ཡོད་སྣང་ཤར་བས་བསྡུར་དགོས། སྟོན་པའི་འདས་ལོ་གྲགས་ཆེ་བ། སྔ་འགྱུར་ལུགས། ཇོ་བོ་རྗེ། ས་སྐྱ། རས་ཆུང་། ཙནྣྡན་ཇོ་བོ། ཕུག་ལུགས། དགེ་ལུགས། དེང་དུས་ནང་པ་སྤྱི་ལ་གྲགས་པའི་གནས་བརྟན་ལུགས་སོགས་བཞུགས། དེའི་ནང་གི་ཕུག་ལུགས་མཁས་དབང་ཚེ་ཏན་ཞབས་དྲུང་གིས་སྐར་རྩིས་ཀྱིས་རི་མོ་ཕྱིར་སློག་གིས་གཏན་ལ་ཕབ་ཡོད་པས་སྟོན་པའི་རྣམ་ཐར་དང་མཐུན། གནས་བརྟན་སྡེ་བས་མནའ་དང་གཏན་ཚིག་གིས་ཐག་བཅད་པས་དཔྱད་པ་བྱེད་ཐབས་དཀའ། ཕྱི་མ་དེང་དུས་གཙིགས་སུ་བྱེད་པར་སྣང་བས་དེ་དང་མ་བསྟུན་ན་ནང་པའི་གྲལ་ནས་ལྷུང་ལ་བའི་ཉེན་ཁ་ཆེ། འཕྲལ་བྱུང་གི་རྣམ་རྟོག་སྟེ་མཁས་པ་རྣམས་ལ་བཞད་གད་སློང་བྱེད་དོ། །
སྒོམ་སྡེ་ལྷ་རམས་པས་ད་དུང་གཉའ་ཁྲི་བཙན་པོའི་སྐོར་ལ་ཞིབ་འཇུག་གནང་གིན་ཡོད་པ་འདྲ། སྤྱིར་ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་དུ་སྔོན་རྩོད་ལྡན་གྱི་ཐོག་མ་སྐྱ་སེང་གི་བུ་ལྔ་དང་དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པ་ན། རྒྱལ་པོ་རུ་པ་ཏའི་བྱ་བ་འཁོར་བརྒྱ་དང་བཅས་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་རི་ཁ་བ་ཅན་གྱི་ཁྲོད་དུ་བྲོས་པ་ལས་འཕེལ་བ་དེ་དེང་སང་བོད་ཅེས་གྲགས་སོ་ཞེས་བྲིས་འདུག བོད་ཀྱི་མཁས་པ་མང་པོ་ཞིག་ལུང་དེའི་རྗེས་སུ་འབྲངས་ཏེ་བོད་རྒྱལ་གཉའ་ཁྲི་བཙན་པོ་ཕྱི་རོལ་གྱི་མི་ཞིག་ཡིན་པ་དང་། ད་དུང་ཤཱཀྱའི་རྒྱུད་པ་རེད་ཅེས་གསུངས་པ་རེད། འོན་ཀྱང་། གོང་གི་ཚིག་དུམ་དེ་མ་ཧཱ་བྷ་ར་ཏའི་ལེའུ་ཞིག་ལ་ཁུངས་བཅོལ་ནས་བྲིས་པ་རེད། ཁུངས་དེ་ཡང་ལེའུ་བཅུ་བདུན་པ་རྒྱང་བསྐྱོད་བྱེད་པའི་ལེའུ་དེ་རེད། ལེའུ་དེའི་ནང་དུ་ཅན་ཀྲན་སོགས་སྤུན་ལྔས་རྒྱལ་ཁབ་ཀྱི་དབང་ཆ་ཚ་བོ་ཚོར་སྤྲད་ནས་བཙུན་མོ་ནག་པོ་དང་བཅས་རི་བོ་གངས་ཅན་གྱི་ཡུལ་དུ་སྒོམ་རྒྱག་ཆོས་སྒྲུབ་བྱས་པར་སོང་བྲིས་ཡོད་པ་དེ་རེད། ཡིན་ནའང་། སྒྲུང་འདིའི་ལེའུ་ཐ་མ་ལེའུ་བཅོ་བརྒྱད་པའི་ནང་དུ། ཅན་ཀྲན་ལྷ་ཡུལ་དུ་སོང་བ་ན། རང་གི་འཐབ་ཡ་ནན་ཧི་སོགས་ལྷ་ཡུལ་དུ་སྐྱེས་ཡོད་པ་དངོས་སུ་མཐོང་བ་དང་། དེ་ལས་ལྡོག་སྟེ་རང་གི་གཅུང་པོ་དང་བཅས་དམྱལ་བར་ལྷུང་ཡོད་པས་ན་རང་གི་དགྲ་ཟླ་དང་མཉམ་དུ་ལྷ་ཡུལ་དུ་སྐྱེས་པ་ལས་རང་གི་གཅུང་འབངས་དང་མཉམ་དུ་དམྱལ་བར་ལྷུང་འདོད་ཅེས་དམྱལ་བར་ཕྱིན། མཐར་ཅན་ཀྲན་དང་འཆི་འདས་སོང་བའི་མི་རྣམས་ལྷ་ཡུལ་དུ་ཕེབས་ནས་ལྷ་ཡུལ་གྱི་འཚོ་བ་རོལ་འགོ་ཚུགས་ཚུལ་བསྟན་པ་རེད། གཏམ་རྒྱུད་འདིས་སྐྱ་སེང་གི་བུ་ཚང་མ་ལྷ་ཡུལ་དུ་ཕེབས་ནས་དགའ་བདེའི་དཔལ་ལ་རོལ་ཚུལ་བསྟན་པ་ལས། རི་བོ་གངས་ཅན་ཕྱོགས་སུ་ཕེབས་ནས་བོད་ཀྱི་རྒྱལ་པོ་མཛད་པའི་སྐོར་མི་གསལ་བ་དེ་རེད། ཡིན་ནའང་འགྱུར་ཞིག་གི་སྐྱོན་ནམ། སྐབས་རེར་མི་མིང་རྣམས་གཅིག་མཚུངས་ཤིག་ཡོང་གི་མི་འདུག
ལྡེའུ་ཆོས་འབྱུང་དང་ཡུམ་བུ་བླ་སྒང་གི་དཀར་ཆག་ཏུ་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་ནི་བོད་ལྗོངས་སྤོ་བོའི་ཡུལ་ཡིན་པ་དང་། ཡིན་ལུགས་ཡིན་སྟངས་དང་གཉའ་ཁྲི་བཙན་པོ་ཞེས་པའི་མིང་འདི་ཐོགས་སྟངས་དང་བཅས་པ་བྲིས་གནང་མཛད་ཡོད། འདི་ལ་གཞིགས་ཏེ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་ཀྱང་དཔྱད་རྩོམ་རིན་ཐང་ཅན་ཞིག་བྲིས་འདུག གང་ལྟར། གཉའ་ཁྲི་བཙན་པོ་བོད་རང་གི་མི་ཞིག་ཡིན་པ་ནི། ལྷ་སའི་རྡོ་རིང་ལས་འཕྲུལ་གྱི་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ་ཡུལ་བྱུང་ས་དོད་ཚུན་ཅད་འུང་ནས་མྱིའི་རྗེར། བོད་ཀྱི་རྒྱལ་པོ་ཆེན་པོ་མཛད་པ་ཞེས་པ་འདི་རེད། འདི་ལས་ཁུངས་བཙན་ཞིག་གང་དུ་ཡོད།
བོད་མི་སྔོན་ཆད་གང་ནས་བྱུང་བ་དེ་གལ་ཆེན་པོ་མ་རེད། བོད་མི་གང་ནས་དེ་རིང་གསོན་དགོས་པ་དེ་གལ་ཆེན་པོ་རེད།
གཉའ་ཁྲི་བཙན་པོ་བོད་རང་གི་མི་ཞིག་ཡིན་པ་ནི། ལྷ་སའི་རྡོ་རིང་ལས་”འཕྲུལ་གྱི་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ་ཡུལ་བྱུང་ས་དོད་ཚུན་ཅད་འུང་ནས” ཞེས་དང་།
ལྡེའུ་ཆོས་འབྱུང་དང་ལྕག་གླང་རོལ་པའི་ཡུམ་བུ་བླ་སྒང་དཀར་ཆག་སོགས་སུ། གཉའ་ཁྲི་བཙན་པོ་བོད་སྤོ་བོ་ནས་བྱ་མོ་བཙུན་བྱ་བའི་བུད་མེད་གཅིག་ལ་སྲས་དགུ་ཡོད་པའི་ཐ་ཆུང་ཡིན་པར་བཤད་པ་དང་།
ཏུན་ཧོང་གི་ཡི་གེར་ཡང་”ཡབ་ལྷ་བདག་དྲུག་བཞུགས་པའི་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲིའི་བདུན་ཚིགས་དང་བདུན། ཁྲིའི་བདུན་ཚིགས་ཀྱི་སྲས། ཁྲི་ཉག་ཁྲི་བཙན་པོ་”ཞེས་སོགས་ཀྱིས་བོད་མི་ཉིད་ཡིན་པ་ཡིད་རྟོན་དུ་རུང་ངོ་། །
རྒྱ་གར་གྱི་༼མཧྰབྷྰརཏ༽གཏམ་རྒྱུད་རང་ལ་ཡང་རྩོད་པ་མང་པོ་ཡོད་པས་སྐབས་སུ་མ་བབ་པས་སྤྲོ་བར་མི་བྱའོ།
དེས་ན་གཉའ་ཁྲི་ལས་ཉག་ཁྲི་དག་པར་སེམས་སོ། །
དོགས་གཅོད། ཁོ་ན་རེ། གལ་ཏེ་གཉའ་ཁྲི་བཙན་པོ་ཕྱི་ལོའི་སྔོན་གྱི་ལོ་སུམ་སྟོང་ཙམ་གྱི་སྔོན་ནས་བྱུང་བ་ཡིན་ན། འོ་ན་གཉའ་ཁྲི་ནས་སྲོང་བཙན་གྱི་བར་རགས་རྩིས་བྱེད་ན་མི་ལོ་༣༦༥༡ ཙམ་སོང་འདུག་ཅིང་། དེ་རྒྱལ་རབས་༣༣ལ་བགོས་ན། རྒྱལ་པོ་རེར་༡༡༠ལྷག་ཙམ་ཐོབ་པས། དེ་ཇི་ལྟར་ཁུངས་བསྐྱེལ་ལམ་ཞེ་ན། གཉའ་ཁྲི་ནས་སྲོང་བཙན་གྱི་བར་རྒྱལ་རབས་ཆེས་མང་པོ་ཞིག་བྱུང་ཡང་ཡིག་གེར་མ་འཁོད་པར་འདོད་དོ། །
དེའི་སྐོར་རྣམས་བོན་པོའི་གཞུང་རྣམས་ལའང་ངེས་པར་བལྟ་དགོས་པར་སྙམ་མོ། །
ཀརྨ་ལགས། ལྷ་སའི་རྡོ་རིང་ཚིག་གང་གིས་གཉའ་ཁྲི་བཙན་པོ་བོད་པ་ཡིན་པ་སྟོན་གྱི་འདུག
གཉའ་ཁྲི་ནས་སྲོང་བཙན་གྱི་ བར་རགས་རྩིས་བྱས་ནས་མི་ལོ་ ༣༦༥༡ ཙམ་སོང་བ་དང་། རྒྱལ་རབས་ཆེས་མང་པོ་ཞིག་ བྱུང་ཡང་ཡིག་གེར་མ་འཁོད་པའི་དབང་དུ་བཏང་ན། ཁྲི་བདུན་དང་བར་གྱི་སྟེང་གཉིས་བར་དང་། དེ་དང་ལེགས་དྲུག་བར་དང་། དེ་དང་ལྡེ་བརྒྱད་བར་སོགས་སུ་ཆད་པ་ངེས་པས། ས་གཏེར་སོགས་ཁུངས་གང་ནས་རྙེད།
སྒོམ་སྡེ་ལགས། “སྤུ་རྒྱལ་”ཞེས་པའི་བོད་སྤོ་བོའི་ཡུལ་དང་། “ཡུལ་བྱུང་ས་དོད་ཚུན་ཅད་འུང་ནས”ཞེས་ཡུལ་་་་་་་་་་་་ནས་”འུང་ནས” ཏེ་ཡོང་ནས་ཞེས་བོད་ས་ལས། རྒྱ་གར་ས་ཆ་ག་ནས་ཡིན། བོད་མོ་བྱ་མོ་བཙུན་གྱི་བུ་ཉག་ཁྲི་ཡིན་ན། བོད་རྒྱལ་གཟི་བརྗིད་ག་རེ་ཉམས་འགྲོ་ཉེན་ཡོད། ཐད་ཀར་གསུངས་རོགས་གནང་།
ཀརྨ་ལགས།
དེ་གཟི་བརྗིད་ཉམས་མིན་གྱི་སྐད་ཆ་མ་མེད། དེ་དངོས་ཡོད་གནས་ཚུལ་དང་འཚམ་མི་འཚམ་གྱི་སྐད་ཆ་ཞིག་རེད།
གཉའ་ཁྲི་བཙན་པོ་རྒྱ་གར་གྱི་རིགས་ཡིན་པར་རིགས་པའི་སྒྲུབ་བྱེད་མ་མཐར་ཡང་གསུམ་ཙམ་ཡོད་པ་གོང་དུ་བཤད་པ་དེ་རེད།
དང་པོ་ནི༽ གཉའ་ཁྲི་བཙན་པོས་མཛུབ་མོ་གནམ་ལ་ཀེར་བ་དེ་རེད། དེ་ནི་སྐད་བརྡ་མ་སྤྲོད་པའི་རྟགས་མཚན་གསལ་པོ་རེད། སྤོ་བོ་ནས་འོངས་པ་ཡིན་ན་སྐད་བརྡ་མ་འཕྲོད་དགོས་དོན་ཆེར་མི་འདུག
གཉིས་པ་ནི༽ ཡུམ་བུ་བླ་སྒང་འཛུགས་སྐྲུན་བྱས་པ་དེ་རེད། རྒྱ་གར་བ་རྣམས་གནའ་རབས་ནས་ཁང་ཁྱིམ་དུ་སྡོད་ཅིང་། ཁང་པ་འཛུགས་སྐྲུན་གྱི་ལག་རྩལ་དང་ཡང་ལྡན་པས། ཡུམ་བུ་བླ་སྒང་བརྩིགས་པ་རེད། བོད་ལ་གནའ་བོའི་དུས་སུ་བྲ་གུར་མ་གཏོགས་ཁང་ཁྱིམ་ནང་སྡོད་པའི་ལུགས་སྲོལ་ཡོད་སྐད་མི་འདུག དེ་མེད་པས་ཁང་ཁྱིམ་རྩིག་པའི་ལག་རྩལ་ཡང་ཁག་ཙམ་རེད།
གསུམ་པ་ནི༽ “མཧཱ་བྷ་ར་ཏའི”ལོ་རྒྱུས་ནང་དཔའ་བོ་མང་པོ་ཞིག་རི་ཁ་བ་ཅན་གྱི་ཕྱོགས་སུ་བྲོས་པར་བཤད་པ་དེ་རེད།
ནོར་བཅོས།
སྦྲ་གུར། ཞེས་བཅོས་རོགས།
ཀརྨ་ལགས།
“སྤུ་རྒྱལ”ནི་”བོད་རྒྱལ”དང་དོན་གཅིག་རེད། བོད་རྒྱལ་ཡིན་ན་བོད་པ་ཡིན་དགོས་པ་བསྒྲུབ་ཐུབ་ཀྱི་མ་རེད། དཔེར་ན་འཇེན་གྷི་ཤི་ཁཱན་རྒྱ་ནག་གི་རྒྱལ་པོ་ཡིན་ཡང་། རྒྱ་མི་མ་རེད།
སྤུ་རྒྱལ་”སྤོ་བོའི་ཡུལ”ལ་སྦྱར་བའང་རྩོད་གཞི་དང་བསྒྲུབ་བྱ་རེད་ལགས། བོད་ལ་”སྤོད”ཅེས་དེང་སང་ལ་དྭགས་པ་རྣམས་ཀྱིས་འབོད་དོ། །དེས་ན་བོད་དང་། སྤོ། སྤུ་སོགས་ནི་སྒྲས་བརྗོད་ཚུལ་ཙམ་མོ། །
སྒོམ་སྡེ་ལགས།
གཉའ་ཁྲི་བཙན་པོའི་མཚན་གྱི་རྣམ་གྲངས་གཤམ་གསལ།
འོ་ལྡེ་སྤུ་རྒྱལ། འོ་དེ་སྤུར་རྒྱལ། ཨུ་པེ་ར། ལྡེ་སྲས་བྱ་ཙམ། ཁྲི་བཙན་པོ་འོད་ལྡེ། ཡོངས་གྲངས་སུ་གཉའ་ཁྲི་བཙན་པོ་འདི་རྣམས་རེད།
རྡོ་རིང་གི་ངོས་སུ། འཕྲུལ་གྱི་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ། ཡུལ་བྱུང་ས་དོད་ཚུན་ཆད་འུང་ནས་མྱིའི་རྗེར། བོད་ཀྱི་རྒྱལ་པོ་ཆེན་པོ་མཛད་པ་ཡང་། གངས་རི་མཐོན་པོའི་ནི་དབུས། ཆུ་བོ་ཆེན་པོའི་ནི་མགོ ཡུལ་མཐོ་ས་གཙང་བ་ལ་གནམ་གྱི་ལྷ་ལས། མྱིའི་རྒྱལ་པོར་གཤེགས་ཏེ། ཞེས་གསལ་འདུག་པ་དེ་རེད།
ནོར་བཅོས།
དེང་སང་ཡང་ལ་དྭགས་པས། ཞེས་བཅོས།
འགའ་ཞིག་གིས་གལ་ཏེ་བོད་ཀྱི་རྒྱལ་པོ་ལ་རྒྱ་གར་བའི་རིགས་རྒྱུད་ཡོད་ན། ཧ་ལམ་བོད་འདི་རྒྱ་གར་བའི་མངའ་ཁོངས་རེད་མི་ཡོང་ངམ་སྙམ་པའི་བློ་དོགས་ཡོད་ས་འདུག དེ་ཐུགས་དོགས་གནང་དགོས་མ་རེད། དེ་བོད་པའི་མི་སེར་རྒྱ་གར་བ་ཞིག་བོད་པའི་རྒྱལ་པོ་ཆགས་པ་རེད་མ་གཏོགས་གཞན་གང་ཡང་མ་རེད།
དཔེར་ན་ཨོ་བྷ་མ་ཨ་རིའི་སྲིད་འཛིན་ཡིན་པའི་རྒྱུ་མཚན་གྱིས། ཨ་རི་”ཨ་ཕི་རི་ཀའི”མངའ་ཁོངས་ཆགས་འགྲོ་བའི་དོགས་པ་མི་དགོས་པ་བཞིན་ནོ། །
སྒོམ་སྡེ་བས་རྡོ་རིང་གི་ཡི་གེ་དེ་ལ་གཟིགས་ན། བསོད་ནམས་སྐྱིད་ཀྱིས་བསྒྲིགས་པའི་བོད་ཀྱི་རྡོ་རིང་གི་ཡི་གེ་དང་དྲིལ་བུའི་ཁ་བྱང་ཞེས་པའི་དེབ་དེའི་ཤོག་ངོས་༡༠༣སྟེང་གསལ།
སྒོམ་སྡེའི་རྩོམ་ཐུང་འདི་ལ་ད་ཕན་མཆན་བུ་གྲངས་༦༤ཙམ་སླེབས་འདུག
ཁྱེད་ཚོས་ཕན་ཚུན་ལ་ཚིག་རྩུབ་དང་དམའ་འབབ་སོགས་མེད་པར་བགྲོ་གླེང་གནང་སོང་། དེ་ལ་རྗེས་སུ་ཡི་རངས་ཞུ།
བོད་རིགས་རྩོམ་འབྲི་བ་ཚོས་འདི་ལྟར་བསམ་བློ་དཀྱེལ་ཡངས་ཀྱི་སྒོ་ནས་བགྲོ་གླེང་བྱེད་ཐུབ་ན། ང་ཚོར་རེ་བ་འདུག
ཀརྨ་རྡོ་རྗེ་ལགས་དང་། སྙན་བཟང་གཡུང་དྲུང་ལགས་གཉིས་ནས་བློ་སྐྱེད་འགའ་ཞིག་གནང་བྱུང་བར། ཐུགས་རྗེ་ཆེ་ཞུ།
སྙན་བཟང་གཡུང་དྲུང་ལགས།
བསོད་ནམས་སྐྱིད་ཀྱིས་བསྒྲིགས་པའི་རྡོ་རིང་གི་སྐོར་དེ་མཇལ་མ་སོང་། འོན་ཀྱང་ཞྭ་སྒབ་མཆོག་གི་དེབ་དང་པོ་ཤོག་གྲངས་༡༧༨ནང་ལྷ་སའི་པོ་ཏ་ལའི་ཞོལ་གྱི་རྡོ་རིང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བཙུགས་པ་དེ་དང་། གོང་དུ་ཁྱེད་རྣམ་པ་གཉིས་ཀྱིས་གསུངས་པ་དེ་མངའ་བདག་ཁྲི་རལ་གྱི་སྐབས་སུ་བཙུགས་པའི་རྡོ་རིང་དེའི་སྐོར། ཤོག་གྲངས་༢༡༦ནང་གསལ་པོ་འཁོད་འདུག་ལགས། ངོས་ནས་ཉིན་ཤས་སྔོན་འཛིན་གྲྭར་སློབ་ཁྲིད་བྱ་རྒྱུའི་ཆེད་དུ་༼བོད་ཀྱི་རྒྱལ་རབས་རེའུ་མིག༽ཅེས་པ་ཤོག་གྲངས་བདུན་ཅན་ཞིག་རྩོམ་སྒྲིག་བྱས་པ་ཡིན།
མཁས་དབང་སྒོམ་སྡེས་གསུངས་པ་རྒྱུ་མཚན་དང་ལྡན་པ་རེད། བོད་རྒྱལ་རྒྱ་གར་བ་ཡིན་པས་བོད་མིར་རྒྱལ་ཁབ་མེད་པ་མཚོན་ག་ལ་ཐུབ། ༡༽ལོ་རྒྱུས་ལ་རིགས་ཞེན་ཁོ་ན་བྱས་ན་རྫུན་པར་འགྱུར་བས་གཟུ་བོའི་བློ་ཡིས་གཏན་ལ་འབེབས་དགོས། ༢༽བོད་རྒྱལ་རྒྱ་གར་ནས་བྱུང་བའི་སྒྲུབ་བྱེད་ནི་མི་རིགས་རིག་པ་དང་། གཞི་རྡུལ་ལམ་མིའི་གྲུབ་བ་ཆ་ལ་བརྟགས་པ་གཉིས་ཀའི་སྒོ་ནས་ངོ་འཕྲོད་ཐུབ་པ་ཞིག་རེད། དང་པོ་ལྟར་ན་བརྒྱ་ཆའི་༧༠་ཙལ་ཡིད་ཆེས་ཆོག་པ་དང་། ཕྱི་མ་ལྟར་ན་དེང་དུས་ཚང་མས་བརྒྱ་ཆ་༡༠༠་ཡིད་ཆེས་ཆོག་ཟེར། གང་ལྟར་ཡང་། རྒྱ་གར། ཐེ་ལན། འབར་མ། བོད། སོག་པོ་བཅས་ཀྱི་རྗེ་བོའི་བརྒྱུད་པ་ཕལ་ཆེར་མི་བརྒྱུད་གཅིག་འབྲེལ་ཡོད་ཚུལ་བཤད་པ་དེ་རྨོངས་དད་ཙམ་མ་ཡིན་པར་ཚན་རིགས་ཀྱིས་དཔྱད་བཟོད་པ་ཞིག་རེད། ༣༽ ཇིང་གིར་ཁཱན་གྱི་གཞི་རྡུལ་ལ་དཔྱད་པའི་སྐོར་ལས་བྱུང་བ་ལྟར་ན། རྗེ་བོ་དེ་ཉིད་བོད་ཀྱི་བརྒྱུད་པ་འཁྲུལ་མེད་ལྟ་བུར་བཤད་འདུག། དེ་བདེན་ན་རང་རེས་ཉ་ཁྲིའི་བརྒྱུད་པ་ཡིན་ཚུལ་དེ་ཡང་ཁུངས་དང་འབྲེལ། དེ་དག་ལ་དབང་བསྒྱུར་གྱི་ནུས་པ་ཞིག་ཡོད་པར་སྨྲ་བའང་ལོ་རྒྱུས་དང་མཐུན་ནོ། །
བོད་ཀྱི་ལོ་རྒྱུས་གསལ་བོ་རྟོགས་དགོས་ན་བོན་པོའི་གཞུང་ལུགས་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད། བོན་ནི་བོད་ཡུལ་རང་གི་གནའ་བོའི་ཆོས་ལུགས་ཡིན་པས་དམངས་ཁྲོད་ཀྱི་གཏམ་བརྒྱུད། མི་རིགས་ཀྱི་གོམས་སྲོལ། ཡུལ་དང་མི་མིང སོགས་དཔྱད་པ་ལ་ཤིན་ཏུ་མཁོ་བར་སྣང་། སྔར་ནམ་མཁའི་ནོར་བུའི་བན་བོན་མཉམ་བསྲེ་ལ་དཔྱད་པས་རྐྱེན་ཀྱིས་དེའི་གཞུང་ལ་ཡིད་ཆེས་དེ་ཙམ་མེད་ཀྱང་། ཕྱིས་སུ་མདོ་གཟེར་མིག་ལ་ལན་ཅིག་མཇལ་རྗེས་བོན་པོ་དང་སྙིང་ཉེ་རུ་སོང་། ད་ལྟ་བོན་སྒོ་དུ་མ་ལ་མཇལ་བཞིན་པའི་སྐབས་སོ། །
ཉག་ཁྲི་ཕྱི་མི་ཡིན་ན་སྐྱོན་གསུམ་ཡོད་དེ།
གཅིག༽ དམག་དཔུང་མེད་པའི་མི་ཧྲང་་ཅིག རང་གི་རྒྱལ་པོར་བསྐོས་པ་ནི། གླེན་རྟགས་སུ་མཐོང་བར་ངེས།
གཉིས༽ རང་སྐད་མི་ཟེས་མཁན་ཅིག་མི་ཅིག རང་གི་དཔོན་པོར་བསྐོས་མཁན་ཚོ། ་གཅིག་བྱས་ན་དེའི་སྐབས་ཀྱི་བོད་མི་ཚང་ཁ་ལྐུགས་པ་ཡིན་པར་ཐལ་ལོ།
གསུམ༽ ཕ་མེད་མ་མེད་ཡུལ་མེད་འཁྱམས་པོ་ཞིག་བོད་ཀྱི་རྒྱལ་པོ་བསྐོས་པའི་ལོ་རྒྱུས་ནི། བྱིས་པའི་སྒྲུང་ལས་གནས་ཚད་དམའ་བར་ཐལ་པའི་སྐྱོན་སོགས་ཡོད་རེད། གཉའ་ཁྲི་བོད་མི་ཡིན་ན། ལྷ་སྒྲུང་མེད་ཀྱང་དཔའ་སྒྲུང་ཡོད་ངེས་པས། ཚང་མས་བློ་རྒྱ་བསྐྱེད་ནས་ཉམས་ཞིབ་བྱེད་དགོས་སོ།
འདི་ན་ད་ལམ་བོན་པོའི་སྐོར་ལའང་འཕྲོས་ཀྱིན་འདུག་པས། ཅུང་ཟད་གསལ་ཁ་འདོན་སྙིང་སྐྱེས། གཉའ་ཁྲིའི་བྱོན་ཚུལ་གྱི་རྩོད་རྙོག་དེ་སྔར་བཙན་པོའི་སྐབས་ནས་ཚུགས་པ་ཞིག་རེད་ལ། ལྷག་པར་རྒྱ་ཆེ་ས་དེ་ཁྲི་རལ་གྱི་སྐབས་ནས་བྱུང་བར་སྙམ། དེ་ནས་བཟུང་གཉའ་ཁྲི་བྱོན་ཚུལ་གླེང་སྟངས་མི་འདྲ་བ་རྒྱ་ཆེ་ས་ནས་”ཅན་ལྔ་”ཞེས་པར་བྱུང་ཞིང་། དེའི་སྟེང་”ལོག་གནོན་ཆེན་པོ་”བརྩིས་པས་དྲུག་དང་། མཐའ་མར་”གསང་བ་ཡང་ཆུང་”ཡང་བསྡོམས་པས་གླེང་ཚུལ་མི་འདྲ་བ་”ཕྱེད་དང་བདུན་”ཞེས་པ་ཞིག་དར་ཡོད།
དེ་དག་ནི་བོན་པོ་དང་། རྒྱལ་པོ། ཡབ་འབངས། དེ་བཞིན་ཞང་བློན་སོགས་སོ་སོས་བརྩམས་པ་ལས་བྱུང་། དེ་དག་ལས་ཁྱབ་ཆེ་བ་དེ་གསུམ་དུ་འདོད་སྟེ། ༡སྐུ་གཤེན་གྱིས་མཛད་པ་བསྒྲགས་པ་བོན་ལུགས་ཡི་གེ་ལྷ་གྱེས་ཅན་དང་། ༢རྒྱལ་པོ་ཁྲི་རལ་གྱིས་མཛད་པ་གསང་བ་ཆོས་ལུགས་ཅན། དམངས་བློན་གྱིས་མཛད་པ་ཡང་གསང་འཆང་ལུགས་ཅན་དང་གསུམ་ཡིན། དེ་དག་རེ་རེ་ལ་བསྒྲགས་པ་དང་། གསང་བ། ཡང་གསང་ཟེར་དོན་ནི། རིམ་བཞིན་དང་པོ་བོན་ལུགས་དེ་སྐབས་དེར་ཡིག་ཐོག་ནས་ཁྱབ་ཆེ་བས་མིང་ལའང་བསྒྲགས་པ་དང་”ཡི་གེ་ལྷ་གྱེས་ཅན་”ཞེས་པ་སྟེ་ཡིག་ཐོག་ཏུ་འཁོད་པ་ལྟར་ན་ལྷ་ལས་བྱུང་ཚུལ་གླེང་བའི་དོན་ཡིན། གཉིས་པ་གསང་བ་ནི་རྒྱལ་པོ་ཁྲི་རལ་རང་གིས་གསར་དུ་མཛད་མོད་ཀྱང་། དེ་ནི་སྐབས་དེར་ཡོངས་གྲགས་མིན་པས་ཁྱབ་རྒྱ་དེ་ཙམ་མ་གྱུར་སྟབས་གསང་དགོས་བྱུང་བས་ན་མིང་ཡང་གསང་བ་ཆོས་ལུགས་ཅན་དུ་ཐོགས་ལ། སྟབས་མ་བདེ་ནས་རྒྱལ་པོ་རང་གིས་རྡོ་རིང་དུའང་བོན་ལུགས་ལྟར་དུ་གནམ་ལས་བབས་པར་བཀོད་དགོས་པར་གྱུར་བའང་རྒྱུ་མཚན་དེ་ཡིན། གསུམ་པ་ནི་དམངས་བློན་རྣམས་ཀྱིས་རྒྱལ་པོའི་རྒྱུད་དེ་ཐེའུ་རང་ལས་བྱུང་བར་གླེང་ཡོད་སྟབས་ཤིན་ཏུ་ནས་གསང་དགོས་བྱུང་བས་ན་ཡང་གསང་ཞེས་གྲགས་པའོ། །
འདི་གསུམ་གྱི་ནང་དོན་ནི་བོད་ཀྱི་རྒྱལ་རྒྱུད་དེ་ལྷ་ལས་གྲོལ་བ་དང་། མི་ལས་མཆེད་པ། འདྲེ་ལས་བརྫུས་པ་སོགས་སོ་སོར་གླེང་ཡོད་སྟབས་བཀའ་ཐང་སྡེ་ལྔ་སོགས་སུ་འདི་གསུམ་ལ་བོན་པོའི་ལུགས་དང་། ཆོས་པའི་ལུགས། མུ་སྟེགས་ཀྱི་ལུགས་ཞེས་ཀྱང་སོ་སོར་ཕྱེས་ཡོད།
སྐབས་སུ་བབ་པའི་གླེང་གཞི་བོན་ལུགས་སུ་གྲགས་པའི་གཞུང་སྟེ། “བསྒྲགས་པ་བོན་ལུགས་ཡི་གེ་ལྷ་གྱེས་ཅན་”ཞེས་པ་དེ་ནི། “སྤ་ས་བོན་པོ་”ཞེས་པ་ཞིག་གིས་མཛད་ཅེས་པ་ཞིག་ཆོས་འབྱུང་སྔ་གྲས་འགལ་ལས་གསལ་བ་མ་གཏོགས། ད་ལྟ་གཞུང་དངོས་དེ་བཞུགས་མེད། འོན་ཀྱང་དེའི་ནང་དོན་ནི་གོང་དུ་དྲ་གྲོགས་ལ་ལས་གསུངས་འདུག་པ་ཇི་བཞིན། ལྷ་སའི་རྡོ་རིང་དང་ཏུན་ཧོང་གི་ཡིག་རྙིང་གི་ནང་དོན་རྣམས་དང་གཅིག་པ་ཡིན་ལ། དེ་ནི་བོན་ལུགས་ལྟར་གནམ་ལ་རིམ་པ་བཅུ་གསུམ་དུ་ཕྱེས་པའི་བདུན་པ་སྟེ་”ཕྱ་”ཡི་ཡུལ་ནས་བྱོན་པས་ན་ཕྱ་ཡ་བླ་བདལ་དྲུག་གི་སྲས་ཞེས་སུ་གྲགས་པའི་གཏམ་རྣམས་སོ། ། “ཡ་བླ་”འདི་ལ་ཕྱིས་སུ་’ཡབ་ལྷ་’ལྟ་བུར་བྲིས་འདུག་པ་དེ་ནི་བོན་གཞུང་ལྟར་གྱི་ཡ་བླ་དང་། མ་བླ། དེ་བཞིན་བར་བླ་ཟེར་བའི་དོན་རྣམས་མ་ཤེས་པའི་ལན་ཡིན།
བོན་ལུགས་ལྟར་ན་རྒྱལ་པོས་རང་ཉིད་གནམ་ལས་བབས་པའི་བརྡ་སྟོན་ཕྱིར་མཛུབ་མོ་གནམ་ལ་བཀེར་བར་གླེང་ཡོད། འོན་ཀྱང་དུས་རབས་བཅུ་ལྔ་ཡས་མས་བར་དུ་འདི་ལ་རྩོད་རྙོག་མང་པོ་བྱུང་བའི་ནང་བན་དེའི་མཁས་པ་མང་པོས་ཀྱང་བོན་ལུགས་ལྟར་དུ་འདོད་ཡོད་པ་སོ་སོའི་ཆོས་འབྱུང་དང་རྒྱལ་རབས་རྣམས་སུ་གསལ་བ་ལས་དཔེ་ཞིག་དྲངས་ན། སྔོན་གྱི་གཏམ་མེ་ཏོག་འཕྲེང་བ་ལས། “རི་བྲག་པ་སྐྱབས་སེང་གེའི་བུ་ལྔ་ཚིགས་པ་ཡིན་པར། སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་པ་ལས་བཤད་ཅེས་ཟེར་བ་ནི། སྣར་ཐང་པ་རིག་རལ་གྱི་རྫུན་ཡིན་ཏེ། དེ་ལས་མ་བཤད་པའི་ཕྱིར་རོ། །འདི་ནི་གནམ་གྱི་ལྷ་མིའི་རྗེར་བྱོན་ཞེས། ལྷ་སའི་རྡོ་རིངས་ལས་བཤད་པས། ལྷའི་བུ་དཔོན་གཡོག་གཉིས་དམྱལ་རོང་གི་རི་དེའུ་ཡི་ཁར་བབས་པ་ལས། གཡོག་ནི་སྣ་ནམ་མཁའ་མི་རྩེར་རྩེར་ཡིན་ལ། དཔོན་པོ་ནི་གཟུགས་བཟང་ལ་ཡིད་དུ་འོང་བ་འདུག་ནས། ཁྲིའི་སྟེང་དུ་བཞག་སྟེ་མི་རྣམས་ཀྱི་གཉའ་བ་ལ་ཁུར་ནས་བཙན་པོའོ་ཟེར་ཞིང་མི་རྣམས་ལ་བསྟན་པས། རྗེ་གཉའ་ཁྲི་བཙན་པོ་ཞེས་བྱ་བྱུང་ངོ་།” །ཞེས་པ་ལྟ་བུ་ཡིན།
གང་ལྟར་འདིར་བཤད་པར་འདོད་པ་ནི། དེ་དག་གང་ཞིག་བདེན་པ་ཡིན་མིན་ནི་ཤིན་ཏུ་བརྩད་དཀའ་བ་ཞིག་ཡིན་མོད་ཀྱང་། གཏམ་དེ་དག་གི་བྱུང་སྔ་རྗེས་ཀྱི་རིམ་པ་ལ་ནི་བརྩད་བཅད་རྒྱུ་ཞིག་ཡོད་དོ་སྙམ་མོ། །
དུས་རབས་བཅུ་ལྔ་ཞེས་པ་དེ་བཅུ་བཞི་དང་བཅོ་ལྔ་ཞེས་པར་བཅོས་རོགས།
ཆོས་འཁོར་ཚང་ལགས་ཀྱི་གསུང་། གསུངས་སྟངས་གསུམ་པོ་དེ་དཔྱད་གཞི་ཡག་པོ་ཅིག་འདུག ཐུགས་རྗེ་ཆེ།
ཉག་ཁྲིའི་སྐོར་ཀརྡོའི་སྡོམ་ཚིག་ཆེན་པོ་གསུམ་ནི།
༡༽ གཉའ་ཁྲི་ནི་བཙན་པོ་བསྐོས་སའི་ཡུལ་དེ་གའི་མི་མིན་པར། སྤོ་བོའི་ཡུལ་ནས་ཡོང་བ་དང་།
༢༽ བྱ་མོ་བཙུན་གྱི་བུ་ཐ་ཆུང་དེ་ནུས་པ་ཤིན་ཏུ་ཆེ་བས། རང་ས་སྤོ་བོ་ཡུལ་ནས་སྤྱུགས་དགོས་པ་དང་།
༣༽ ནུས་མཐུ་ཤིན་ཏུ་ཆེ་བས་ཐ་ཆུང་དེ། བོན་པོའི་ལྷ་ཡུལ་ནས་ཡིན་ན་བོན་པོའི་ཆབ་སྲིད་ལ་ཕན་པ་དང་། མཐུ་ནུས་ཅན་གྱི་མི་དེ། ཐེའུ་རང་མི་རུ་བརྫུས་ན། ཆོས་རྒྱལ་གདུང་བརྒྱུད་ལ་ངན་པར་བརྩིས་ནས། སྤུ་རྒྱལ་ཉག་ཁྲིའི་ལོ་རྒྱུས་དངོས་གནས་དེ་སྦས་ནས་གབ་དགོས་ཆགས་པ་འདྲ། རང་གི་གདུང་བརྒྱུད་ལ་ཞན་ཆ་མཐོང་བ་ལས། རང་རུས་ངོས་བཟུང་མ་ཐུབ་ན། དེ་བས་ངོ་ཚ་བ་ཞིག་མ་ཡིན་ནམ། བདེན་དོན་ནི། གསར་དུ་ཐོན་ངེས་སོ། །
འོ་ཅི་བྱུང་བ་རེད།
ཞར་བྱུང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པའི་འཁྲུངས་འདས་ལོ་ཚིགས་སྐོར་དོགས་གཅོད་ཐུང་ཙམ་ཞིག་བྱེད་འདོད་བྱུང་།
སྲོང་བཙན་སྒམ་པོའི་འཁྲུངས་འདས་ལོ་ཚིགས་ལ་བཞེད་ཚུལ་མི་འདྲ་བ་མང་པོ་ཡོད་ཀྱང་། གཙོ་ཆེ་བ་གཉིས་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལུགས་དང་། དེབ་ཐེར་སྔོན་པོའི་ལུགས་གཉིས་ཡོད། དགེ་ཆོས་ཀྱིས་སྲོང་བཙན་དགུང་ལོ་༣༤བཞུགས་པར་བཞེད་ཅིང་། འཁྲུངས་འདས་ལོ་ཚིགས་(༦༡༧-༦༥༡)དང་།
དེབ་སྔོན་གྱིས་དགུང་གྲངས་༨༢བཞུགས་པར་བཞེད། (འཁྲུངས་འདས་ལོ་ཚིགས་མ་ངེས)
ངས་བཤད་འདོད་པ་ནི། དགེ་ཆོས་རྗེས་འབྲང་བ་ནང་ཁུལ་ལའང་ལོ་གཅིག་གི་ཁྱད་པར་ཞིག་ཡོང་གི་འདུག དེ་ག་འདྲ་སེ་ཡོང་བ་རེད་དམ་ཞེ་ན། འཁྲུངས་འདས་ལོ་ཚིགས་(༦༡༧-༦༥༠)འདི་ནི་བོད་པས་བརྩི་ཚུལ་དང་། ལོ་ཚིགས་(༦༡༧-༦༥༡) འདི་ནི་ཕྱི་རྒྱལ་བས་བརྩི་ཚུལ་རེད། ཁོ་བོ་ནི་ཕྱི་མའི་རྗེས་སུ་འབྲང་ངོ་། །རྒྱུ་མཚན་ནི། སྲོང་བཙན་དགུང་གྲངས་༣༤བཞུགས་ཤིང་། དེ་ལྟར་ན། ༦༡༧+༣༤=༦༥༡ ཏག་ཏན་བབས་ཀྱི་རེད།
དེས་ན་སྲོང་བཙན་སྒམ་པོའི་འཁྲུངས་འདས་ལོ་ཚིགས་ནི་(༦༡༧-༦༥༡)འདི་རང་ལ་ཡིད་རྟོན་བྱ་རིགས་སོ། །
འདི་ཁོ་ན་དག་པར་སེམས། ( ༦༡༧- ༦༤༩)
བོད་ཀྱི་ལོ་ཁམས་རོབ་རྩིས་ཀྱིས། མཐའི་མའི་ཉིན་གཅིག་ཆད་ན་ལོ་གཅིག་ཆད་འགྲོ་བ་དང་། ཐོག་མའི་ཉིན་གཅིག་ཚེས་ན། ལོ་གཅིག་བརྩིས་འགྲོ་བས་ཁྱད་པར་དེ་ནས་བྱུང་བ་རེད་སྙམ།
ཆོས་འཁོར་ཚང་ལགས། གུས་པས་བསྒྲགས་པ་བོན་ལུགས་”ཡོ་ག་ལྷ་གྱེས་”ཅན་ཞེས་ཡིག་ཐོག་ཏུ་བྲིས་པ་མཐོང་མྱོང་། སྐུ་ཉིད་ཀྱིས་”ཡི་གེ་ལྷ་གྱེས་”ཅན་ཞེས་བྲིས་མཛད་འདུག “ཡི་གེ་ལྷ་གྱེས”་ཡིན་པའི་ཁུངས་འདྲ་ཡོད་དམ།
བོད་ཀྱི་ལོ་རྒྱུས་ཀྱི་ཁུངས་བོན་ལ་གཏུག་དགོས་མོད། དུས་རབས་བདུན་པའི་གོང་དུ་བྱུང་བའི་རྡོ་རིང དང་། གནའ་བོའི་ཡི་གེ། རིག་གཞུང་རྙིང་པའི་རྒྱུས་གསལ་བའི་ཡིག་རྙིང་ཞིག་མཐོང་རྒྱུ་མེད་པ་ཅི་ཡིན་ནམ། དེའི་འཕོ་འགྱུར་བཅས་གསུང་གལ་ཆེ། །