མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ལོ་རྒྱུས་རྒྱས་བཤད་ངོ་མཚར་གཏམ་གྱི་བང་མཛོད་ཅེས་བྱ་བའི་དེབ་འདི་ནི། འབྲེལ་ཡོད་རོང་འབྲོག་གི་དགོན་སྡེ་དང་མི་སྡེ་ཁག་ཏུ་མི་སྣ་ཆེད་འཇུགས་བྱས་ཏེ། ཡིག་ཐོག་གི་ལོ་རྒྱུས་རྒྱུ་ཆ་དང་། ངག་རྒྱུན་གྱི་ལོ་རྒྱུས་རྒྱུ་ཆ་མང་པོ་འཚོལ་བསྡུ་བྱས་ནས། ལོ་ངོ་འགའི་རིང་ཉམས་ཞིབ་དང་བཅས་ཏེ་བརྩམས་པ་ཞིག་ཡིན་འདུག་པ་དང་། ཉེ་ཆར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་འགྲེམས་སྤེལ་བྱས་འདུག
དེབ་འདི་ལ་ལེའུ་བཅུ་གཉིས་འདུག་པ་དེབ་སྟོད་སྨད་གཉིས་སུ་དབྱེ་སྟེ། ༼སྟོད་ཆ༽ཡི་ནང་། ཕྱིའི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་དེའི་ཁྱད་ཆོས། འགྲོ་བ་མིའི་བྱུང་ཚུལ་དང་དེའི་རུས་རྒྱུད་སྣ་ཚོགས་འཕེལ་བའི་སྐབས། བཙན་པོའི་རྒྱལ་རབས་རིམ་བྱོན་གྱི་སྐབས། ཙོང་ཁ་རྒྱལ་པོས་མདོ་སྨད་དུ་དབང་བསྒྱུར་བའི་སྐབས། བོད་མིའི་ཡུལ་སྲོལ་གོམས་གཤིས་སྐོར། བོད་སིལ་བུའི་རྗེས་ཀྱི་བོད་ས་ཁུལ་གྱི་གནས་བབ་དང་ས་སྐྱའི་སྲིད་དབང་གི་སྐབས། ཕག་མོ་གྲུ་པའི་སྲིད་དབང་གི་སྐབས། དགའ་ལྡན་ཕོ་བྲང་གི་སྲིད་དབང་སྐབས། རེབ་གོང་གསེར་མོ་ལྗོངས་སུ་མི་སྡེ་ཚོ་ཁགརྣམས་ཀྱི་བྱུང་འཕེལ་སྐོར། ནང་ཤོག་བཅུ་གཉིས་ཀྱི་སྐོར་བཤད་པ་བཅས་བཀོད་འདུག་པ་དང་། ༼སྨད་ཆ༽ཡི་ནང་། རེབ་གོང་གི་ཕྱི་ཤོག་དྲུག་བཤད་པ། རེབ་གོང་གསེར་མོ་ལྗོངས་ཀྱི་དགོན་སྡེ་སོ་སོ་དང་སྒྲུབ་གནས་གྲགས་ཅན་གྱི་སྐོར་བཤད་པ། མདོ་སྨད་རེབ་གོང་གསེར་མོ་ལྗོངས་སུ་བྱོན་པའི་མཁས་པ་དང་གྲུབ་པའི་མི་སྣ་གྲགས་ཅན་གྱི་སྐོར་བཅས་བཀོད་འདུག
ཉེ་རབས་ཀྱི་ཆར། འཇིགས་མེད་ཐེག་མཆོག་གིས་བརྩམས་པ་༼རོང་པོ་དགོན་ཆེན་གྱི་གདན་རབས༽ ཨ་ཁུ་རི་ཁྲོད་པ་བློ་བཟང་མཁྱེན་རབ་ཀྱིས་བརྩམས་པ༼རེབ་གོང་ཆོས་འབྱུང་ས་ཡི་ལྷ་མོ༽ སྔགས་འཆང་བླ་མ་ཚེ་རིང་གིས་བརྩམས་པ༼རེབ་གོང་གསེར་མོ་ལྗོངས་ཀྱི་ཆོས་སྲིད་བྱུང་བ་བརྗོད་པ་འདོད་འབྱུང་གཏེར་གྱི་བུམ་བཟང་༽ ཤ་བོ་པདྨ་རྣམ་རྒྱལ་གྱིས་བརྩམས་པ༼དུས་རབས་གཅིག་རིང་གི་རེབ་གོང་ལོ་རྒྱུས་༽ རྡོ་རྗེ་རྒྱལ་གྱིས་བརྩམས་པ༼རེབ་གོང་གནས་སྐོར་དེབ་ཐེར༽དགེ་འདུན་དཔལ་བཟང་གིས་བརྩམས་པ༼རེབ་གོང་ཡུལ་སྐོར་ཟིན་ཐོ༽ ཨ་ལགས་བོན་རྒྱས་བརྩམས་པ༼བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་༽མཁར་རྩེ་རྒྱལ་གྱིས་བརྩམས་པ་༼འཇིག་རྟེན་མཆོད་བསྟོད།༽ རིན་ཆེན་བཀྲ་ཤིས་ཀྱིས་བརྩམས་པ༼རེབ་གོང་སྒྱུ་རྩལ་ཕ་ཕོག་གཅེས་ནོར༽སོགས་རེབ་གོང་སྤྱིའི་ལོ་རྒྱུས་དེབ་དང་། གཞན་ཡང་། དགེ་འདུན་བཀྲ་ཤིས་ཀྱིས་བརྩམས་པ་༼ལྕང་སྐྱའི་ལོ་རྒྱུས༽ པདྨ་དབང་ཆེན་གྱིས་བརྩམས་པ༼ཞོ་འོང་གི་ལོ་རྒྱུས༽སོགས་སྡེ་ཚོ་དང་དགོན་སྡེ་བྱེ་བྲག་པའི་ལོ་རྒྱུས་དེབ་རིགས་ཀྱང་གང་འཚམ་འདུག་པ་ཀློག་མཁན་དང་ཉམས་ཞིབ་པ་དོ་སྣང་ཅན་དག་ལ་མཚམས་སྦྱོར་ཞུ་བར་འདོད་དེ་འདི་ཙམ་ཞུ་བར་ཐལ་ལོ། །
ངོ་སོ་བསྟོད། མགར་རྩེ་རྒྱལ་གྱི་འཇིག་རྟེན་མཆོད་བསྟོད་དེ་ཧ་ཅང་ཡག་པོ་འདུག
ཧ་ཅང་བཟང་། བཀྲ་ཤིས་བདེ་ལེགས་ཡོད། རྩོམ་པ་བོའི་ཀུན་སློང་བཟང་བོ་དང་རྣམ་དཔྱོད་ཀྱི་རྩལ་དང་། ཞུམ་མེད་གཡོ་བ་མེད་པའི་སྙིང་སྟོབས་དང་བརྩོན་འགྲུས་བཅས་ལ་ཡི་རང་བསྔགས་བརྗོད་ཡོད།
ཐོག་མར་རྟེན་འབྲེལ་ཞུ། ངོ་སྤྲོད་ལྟར་ན། ཧ་ལམ་རེབ་གོང་གི་དེང་རབས་ལོ་རྒྱུས་ཚུད་མེད་པ་འདྲ། དེ་ནི་ལོ་རྒྱུས་གང་ལའང་ཧ་ཅང་གི་གལ་ཆེན་ཞིག་སྟེ། ཉུང་མཐར་བཅིངས་འགྲོལ། གཡས་རྒོལ་དང་མཆོང་བསྐྱོད་ཆེན་མོ། མི་དམངས་སྤྱི་ཐབ། རིག་གསར། བཅོས་བསྒྱུར་སྒོ་འབྱེད་སོགས་རེ་རེ་བཞིན་ཇི་མ་ཇི་བཞིན་དུ་འབྲི་ཆོག་པར་སྣང་། གཙོ་བོ་ངག་ཐོག་དང་ཡིག་ཐོག་གང་རུང་གི་དཔྱད་ཡིག་མང་བོ་རེག་ངེས་ཡིན། ད་ལོ་ཁ་ཤས་འགོར་རྗེས། མི་ཐོག་བརྗེ་བ་དང་བསྟུན་ནས་ངག་ཐོག་གི་ལོ་རྒྱུས་མང་བོ་ཞིག་ཡལ་ངེས་རེད་ལ། དེ་ནི་གསེར་གྱིས་བླུ་ཐབས་མེད་པའི་གྱོང་གུད་འཚབ་ཆེན་ཞིག་མ་རེད་དམ།
ཡག་པོ་རེད།སྤྱིར་བཏང་རྩོམ་པ་པོ་ཁོ་རང་ས་ཁུལ་སོ་སོར་ཕྱིན་ཏེ་ས་རྒྱུས་མི་རྒྱུས་བྱེད་རྒྱུ་གལ་ཆེན་ཡིན།ཡིན་ཡང་གོ་ཐོས་ལ་གྲོང་སྡེ་སོ་སོའི་ནང་གི་ཤེས་ཡོན་ཅན་འགའ་རེ་ལ་ཁོང་ཚོའི་འདོད་པ་ལྟར་འབྲི་རུ་བཅུགས་པ་ཞིག་ཐོས་སོང་།དེ་ལྟར་ཡིན་དུས་ཕྱོགས་ཞེན་གྱིས་ལོ་རྒྱུས་དེབ་ཕྲེང་གི་བཅུད་ཉམས་ཡོད་སྲིད།