སྒོམ་སྡེ་ལྷ་རམས་པ།
༼ཡི་རངས་པ༽ སེམས་དགའ་བའི་དོན། ཡི་རང་བ་ཞེས་ཀྱང་འབྲི། སྒྲ་བཤད་ནི། ཡི་ནི་
ཡིད། རངས་པ་ནི་དགའ་བའི་དོན་ནོ། །མིང་དེ་ལྟར་ཐོགས་ཚུལ་ནི་ཡིད་དགའ་ནས་བ་སྤུ་གྱེན་དུ་
ལངས་པ་ལས་ཡི་རངས་པ་ཞེས་ཐོགས་སོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། རངས་པ་ཞེས་
བྱ་བ་ནི་སྤུ་གྱེན་དུ་འགྲེང་བའོ། །ཞེས་གསུངས་པས་སོ། །དེས་ན་རངས་དང་རང་ནི། རིམ་པ་
བཞིན་ལངས་དང་ལང་གི་དོན་ནོ། །
༼སྲོལ་བཏོད༽ སྲོལ་ཕྱེ་བ། ལུགས་སྲོལ་གསར་པ་བཙུགས་པ། སྒྲ་བཤད་ནི། ཐོང་གཤོལ་
གྱིས་ཞིང་རྨོས་ཏེ་ས་ལ་ཉག་ཤུར་བཏོད་པ་ལ། རོལ་ལམ་སྲོལ་བཏོད་ཟེར་བ་ཡིན་ཏེ། འདུལ་བ་
གཞིའི་རྒྱ་ཆེར་འགྲེལ་ལས། སྲོལ་བཏོད་ཅེས་བྱ་བ་ནི་རོལ་ལ་སོགས་པའི་སྲོལ་བཏོད་པའོ། །
ཞེས་གསུངས། གཞན་ཡང་ཨ་མདོའི་སྐད་ལ་རོལ་ལ་སྲོལ་ཟེར་ལ། དེ་བཏོད་པས་ན་སྲོལ་བཏོད་
ཟེར་རོ། །དེ་ཡང་བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་ཤོག་གྲངས་༢༦༠“ཞིང་
གི་རོལ”ཞེས་པའི་ཐད་དུའང་དེ་བཞིན་དུ་གསལ་ལོ། །
མཁས་དབང་སྒོམ་སྡེ་བ་ལགས། བཀའ་དྲིན་ཆེ། ཇི་སྐད་དུ། གནས་ལྔ་རིག་པའི་པཎྜི་་ཏ་གཟན་དཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མའི་ཞལ་སྔ་ནས། བོད་ཀྱི་གཙུག་ལག་རིག་པའི་སྤྱི་སྐད། ཅེས་གསུངས་པ་བཞིན་བོད་ཀྱི་སྤྱི་སྐད་དང་གཙུག་ལག་རིག་པའི་སྐད་ཡིག་འདི་བཞིན་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་ངོ་སྤྲོད་བྱེད་ཀྱི་གལ་ཆེན་པོ་ཞེ་དྲག་རེད། དེང་སང་གི་མི་བྱབ་ཆུང་དག་གིས་སོ་སོས་གང་ཤེས་པ་དེས་ང་རྒྱལ་བསྐྱེད་དེ་བོད་ཀྱི་རིག་གནས་སྤྱི་དང་ནང་ཆོས་མན་ཆད་ལ་སྐྱོན་བརྗོད་བྱེད་ཡོང་གི་འདུག ཁོ་རང་ཚོས་ཅི་ཡང་མི་པ་དེ་ཧ་མ་གོ་བའི་ཐོག་ད་རུང་། བོད་ཀྱི་རིག་གཞུང་ལ་དམའ་འབེབས་བྱེད་མཁན་ཡང་ཡོད་རེད། དེས་ན་སུམ་རྟགས་སྙན་ངག་ཕྲན་བུ་རེ་ཤེས་པའི་ང་རྒྱལ་དང་། ལུང་ཚན་གྱི་ཡུལ་སྐད་ཀྱག་ཀྱོག་རེ་ཡིག་ཐོག་ཏུ་འབྲི་ཤེས་པའི་ང་རྒྱལ་ཅན་དག་གིས་བོད་ཀྱི་གཙུག་ལག་རིག་པའི་སྤྱི་སྐད་ལ་གཏོར་བཤིག་རྒྱག་ཡོང་གི་འདུག་པས་ངེས་པར་དོགས་ཟོན་བྱེད་ཀྱི་གལ་ཆེན་པོ་རེད།
མིང་གི་སྐབས་ཡི་རང་དག
བྱ་ཚིག་གི་སྐབས། ཡི་རང་བ། ཡི་རངས་པ་གཉིས་ཀ་དག
ཚེ་ཏན་ཞབས་དྲུང་ཚང་གིས་ཀྱང་། མིང་གི་སྐབས་ས་མཐའ་འབྲི་བ་སྤངས།
དག་ཡིག་གསར་བསྒྲིགས་ནང་ཡང། ཡི་རང་བྲིས་ཡོད། བོད་རྒྱ་ཚིག་མཛད་ནང་ཡང་། རྗེས་སུ་ཡི་རང་ཞེས་བྲིས་འདུག བྱ་ཚིག་སྐབས། ཡི་རང་བ། ཡི་རངས་པ་ཞེས་ཁྱེད་ཀྱིས་གསུངས་པ་དང་གཅིག་པ་རེད། སྐབས་བབ། དུས་བབ། གནས་བབ། ཞུ་ཕྲིན། ལོ་སར་སོགས་ཀྱང་དེ་བཞིན་ནོ། ཡིན་ན་ཡང་། སྔོན་འཇུག་དང་ཡང་འཇུག་ཡོད་པ་དེ་ཚོའང་དར་ཁྱབ་ཆེན་པོ་ཡིན་པས་ནོར་འདུག་ཟེར་ནས་བཤད་མི་ཐུབ།
ད་ང་ཚོར་དག་ཆ་དང་དུས་གསུམ། བྱ་ཚིག་གིས་གྲུབ་པའི་མིང་གི་སྐོར་ལ་གཅིག་གྱུར་ཅིག་མེད་པ་འདི་ལ་ག་རེ་བྱེད་དགོས་པ་འདུག གདམ་ང་མང་པོ་ཞིག་ཡོད་པ་དེའི་སྐོར་ག་རེ་བྱེད་དགོས་ཀྱི་འདུག མཁས་དབང་རྣམ་པ་ཚོས་གྲོབསྡུར་བྱས་ནས་ཐག་ཆོད་དང་རྗེས་སུ་རྒྱུག་རྐྱང་ཡིན། དེ་མིན་སྔོན་གྱི་གཞུང་ཆེན་ཁག་གི་ནང་སླེབས་པ་ཐམས་ཅད་དག་པར་བརྩིས་ནས་འགྲོ་རྐྱང་བྱས་ན། ཕུགས་སྐྱོན་ཆེན་པོ་ཞིག་ཆགས་ཀྱི་རེད་འདུག
དུས་གསུམ་དང་བྱ་ཚིག་གིས་མིང་གྲུབ་སྟངས་འདིར་ཡར་རྒྱས་ཤིག་གཏོང་ཐུབ་ན་དངོས་གནས་གལ་ཆེན་པོ་འདུག གལ་སྲིད་འདི་དག་ལ་གཞི་འཛིན་ས་ཞིག་ཡོད་ན། དཔེ་བཞག་ན། བསླབ་དེབ། སློབ་དེབ། བསླབས་དེབ། ལྟ་བུར་མཚོན་ན། དེ་རང་གི་ཐོག་ནས་སྔོན་དང་ད་ལྟ་མ་འོངས་པ་གང་གི་སློབ་དེབ་ཡིན་པ་ཤེས་ཚར་བ་རེད། སྔོན་མའི་སློབ་དེབ། རྗེས་མའི་སློབ་དེབ། སློབ་དེབ་གསར་པ་ཟེར་བའི་ཚིག་ལྷག་དེ་ཚོ་དགོས་པ་མེད་པ་རེད།
སྐད་ཡིག་ཟེར་བ་ནི། དུས་རབས་རིམ་སོང་གིས་ཡར་རྒྱས་འགྲོ་གི་ཡོད་པ་ཡིན་ནའང་། ང་ཚོར་ད་རུང་འདིའི་སྐོར་ལའང་གཅིག་གྱུར་དང་གཞི་འཛིན་ས་ཞིག་ཁྱོན་ནས་མི་འདུག་པ་དེ་རེད། བསམ་ཚུལ་གསར་པ་འདོན་མཁན་རེ་ཟུང་རེ་ཡོང་ན། ལམ་སང་གཞུང་ཆེན་པོ་དང་འགལ་བ་རེད། ཅིག་འགལ་བ་རེད། ཉིག་འགལ་བ་རེད་ཟེར་ནས། རྗེ་རིན་པོ་ཆེ་བཞིན་འགལ་བའི་ཁུར་ཆེན་བཅོ་བརྒྱད་བཀལ་ཡོང་ནས་ལྷུང་ས་ནས་ལངས་མི་ཐུབ་པ་ཞིག་བཟོ་གི་རེད།
ཨོ། ད་རུང་རྒྱ་བོད་མང་མཛོད་ནང་ཡང་། ཡི་རང་བ་ཟེར་ནས་བྲིས་འདུག
བསླབ་དེབ། 1.”སློབ་དེབ།” བསླབས་དེབ། ད་དུང་། བཀླག་དེབ། 2.”ཀློག་དེབ།” བཀླགས་དེབ། དྲུག་ལས་གང་ཐད། ཡང་ན། གཉིས་ལས་གཅིག་ཙམ། གཉིས་ཀ་ཐད་དམ། གཅིག་ཙམ་ཐད་ན། དང་པོ་དེ་གཅིག་པུ་ཐད་དམ གཉིས་པ་ཙམ་མམ།
ཁ་བ་ཅན་གྱི་ཡུལ་འདི་ལ། །
སྐད་དང་ཡི་གེ་དར་སྔ་བས། །
མིང་དང་ཐ་སྙད་རབ་མང་ན། །
གཅིག་ཏུ་མ་ངེས་རྣམ་གྲངས་མང་། །
མཐུན་མོང་མིན་དང་ཐུན་མོང་མིན། །
གཉི་ག་གཉིས་ཀ་ཇི་བཞིན་དུ། །
ཡི་རང་བ་ནི་རི་རངས་ཀྱི། །
འབྲི་ཚུལ་གཞན་དུ་ངེས་དགོས་སོ། །
དེ་བཞིན་འདམ་ང་གདམ་ང་ཡི། །
འབྲི་ཚུལ་གཞན་དང་གདམ་ཀ་ཡང་། །
གདམ་གའི་འབྲི་ཚུལ་གཞན་དང་ནི། །
འདམ་ཀ་ལ་སོགས་ཅི་ཡང་རུང་། །
རི་རངས་ ཡི་རངས་ལ་བཅོས།
ཡི་རང་བ་ནི་ཡི་རངས་པའི་འབྲི་ཚུལ་གཞན་ཡིན་ནམ་ཡང་ན་དུས་ཀྱི་ཁྱད་པར་ཡིན། རྗེས་སུ་ཡི་རངས་སོ་ཟེར་བའི་ཚབ་རྗེས་སུ་ཡི་རང་ངོ་ཟེར་ནས་འབྲི་རྒྱུན་ཡོད་པ་རེད་དམ། ཡོད་ན། སྔོན་བྱོན་གྱི་ལོ་པཎ་སུའི་ལུགས་རེད།
ཀ་ཡེ་དཔྱོད་ལྡན་མདའ་ཚན་པ། །
ཡི་རང་བ་ནི་ཡི་རངས་ཀྱི། །
ཚུལ་གཞན་མ་ཡིན་དུས་གསུམ་ཡིན། །
ཁྱེད་ཀྱི་གསུང་དེ་དངོས་བདེན་ན། །
འདི་སྐད་ཞུ་བ་གཅིག་ཡོད་དེ། །
ཁྱོད་ནི་སྔོན་བྱོན་མཁས་རྣམས་ཀྱི། །
གསུང་ལ་གཅེས་པ་བདག་ཡི་རང་། །
ཞེས་པའི་ཚིག་འདི་ཇི་ལྟར་ལགས། །
ད་དུང་།
སུ་ཞིག་གངས་ཅན་པ་ཡི་ཆེད། །
ཅུང་ཟད་བགྱིས་པ་ཡོད་ན་ཡང་། །
དེ་ཡི་བྱས་པར་བདག་ཡི་རང་། །
དེ་ལ་ཀུན་གྱིས་ཡི་རང་ངོ་། །
ཞེས་ཞུའོ།
རང་ཡིད་ཚིམས་ནས་ཡིད་རངས་པ། །
གཞན་བྱས་རྗེས་སུ་ཡི་རང་བ། །
གཉིས་ལ་ཁྱད་པར་ཅུང་ཟད་ཅིག །
འདུག་གོ་སྙམ་ཡང་དགག་བཞག་མཛོད། །