གླིང་གཅེར་བུ།
གཏམ་གྱི་མགོ
ལར་ནམ་རྒྱུན་རང་རེའི་ཚོའི་དྲ་དེབ་སྟེགས་གསུམ་ཀུན་ན་མིང་བྱང་རྫིགས་པོ་དང་ནང་ཁོིག་སྟོང་བའི་དཔེ་དེབ་དག་གིས་འཚང་ཀ་རྒྱག་བཞིན་མ་བཀླག་ཚད་མེད་ཀྱི་དེབ་སོགས་ཟེར་བཞིན་གང་འདོད་དུ་འོས་སྦྱོར་བློ་ཡུལ་ལ་ཤོང་དཀའ་བ་དང་འུད་སྟོད་རི་འདྲ་བ་རེ་བྱེད་ཀྱིན་ཡོད་ཚད་སྐྱར་ཟློས་འབའ་ཞིག་གིས་བཟི་བའི་འོ་སྐོལ་བའི་རིག་གནས་ཀྱི་མཁའ་དབུགས་རྫོབས་པོ་འདིའི་འོག་ན། དོན་དམ་པའི་བསམ་བློའི་རོ་དྲི་ཁ་བའི་དཔེ་དེབ་ནི་རེ་གཉིས་ཙམ་ཞིག་ལས་བརྒྱ་ཆའི་མང་ཤོས་སྐྱར་བཤད་དང་རྐུ་བཤུས། བཅོས་འབྲི། ཡང་མིན་ན་དགེ་ཆོས་དང་དོན་གྲུབ་རྒྱལ་ཞེས་ཨག་སྐད་ཙམ་འདོན་པ་ལས་དམ་པ་ཁོང་གཉིས་ཀྱི་མི་ཚེ་ཧྲིལ་བོར་མྱོང་བའི་དཀའ་སྤྱད་འབད་བརྩོན་དང་། དཀྱེལ་ཡངས་དྲང་ཚིགས་ཀྱི་མི་གཤིས་དྭངས་མ་དེའང་འུད་བསྟོད་དང་ཚད་བརྒལ་གྱི་ཤུ་ཐུམ་ཞིག་གིས་གཡོག་བཞིན། ནམ་ཞིག་བདེན་པ་བཤད་ཀྱང་མིའི་ཡིད་མི་ཆེས་པའི་ཚད་ལ་བསྐྱལ་དང་སྐྱེལ་བཞིན་འདུག
འདི་ལྟར་བསམ་ན་གནའ་མི་བོད་རྒན་དག་ལ་དཔེ་ཞིག་ཡོད་དེ། བསྟོད་མི་ཤེས་པ་ཞིག་གིས་བསྟོད་པ་ལས། སྨད་མི་ཤེས་པ་ཞིག་གིས་སྨད་ན་དགའ་ཟེར་བ་ལྟར། ཁོ་པ་ཚོས་དམ་པ་ཁོང་གཉིས་གླེང་བ་ནི་རང་ཉིད་ཁོ་ན་དྲིལ་སྒྲོག་དང་ཁེ་འདོད་གྲགས་གསུམ་ཞིག་ལ་ངོས་འཛིན་ཙམ་ལས་ཞེ་བསམ་པའི་”གསོན་པོའི་ཆེད་དུ་ཤི་བོ་གླེང་བའི་སྙིང་སྟོབས་ཤིག་རེད་མི་འདུག་པ་ལྟར། དེ་དག་གིས་ད་དུང་རིག་གནས་དགག་སྒྲུབ་ཀྱང་གླེང་གི་རེད། གཞུང་ལུགས་དང་གཞུང་ལུགས་བརྡར་བའི་དཔྱོད་ཤེས་ཀྱི་བློ་རྩལ་མེད་ཀྱང་། མི་གཞི་དམའ་འབེབ་དང་དམོད་མོ་བོར་བ། ཕན་ཚུན་ལ་ང་རྒྱལ་ཁྱོད་ཕམ་གྱི་སྐད་ཆའི་གཡུལ་གཤམ་པ་ཙམ་ལས། གཞུང་ལུགས་གང་ལ་ཡང་དོན་འཐིལ་ཕྱིན་པ་ཞིག་རྟོག་པའི་རྒྱབ་ལྗོངས་མེད་ཀྱང་། ཁོ་པ་ཚོས་དགག་སྒྲུབ་མཛད་པ་དང་ཞོར་དུ་གླེང་འགེལ་བྱེད་པ་དང་། རྫུན་གཏམ་གླེང་བ། ཕན་ཚུན་ལ་དཀྲུག་ཤིང་འཕེན་པ་སོགས་ཀྱི་སྦྱོར་བ་བརྩམས་དང་རྩོམ་བཞིན་པ་དང་། རྒྱུ་རྐྱེན་དེའི་རྐྱེན་གྱིས་འོ་སྐོལ་བའི་རིག་གནས་དགག་སྒྲུབ་ཀྱི་ཁ་ཕྱོགས་ཀྱང་མི་བུའི་སྟེང་ལ་ལྷུང་བཞིན། ཕན་ཚུན་མི་གཞི་དམའ་འབེབ་དང་སྐྱོན་འཛུགས་སྡང་འཛིན་གྱི་ལས་ཤིག་ལས། གཞུང་ལུགས་་དང་གཞུང་ལུགས་ཀྱི་ནང་སྙིང་བརྡར་བའི་སྙིང་སྟོབས་ནི་ཉིན་མོའི་སྐར་མ་ཙམ་ཞིག་ལས་མ་འདས། དེ་ལྟར་མེད་པའི་རྐྱེན་གྱིས་རང་རེ་ཚོའི་དྲ་དེབ་སྟེགས་གསུམ་ཀུན་ལ་སྐད་ཆ་དང་ཡི་གེའི་སྙིགས་རོ་དང་ཕུང་ལུད་བསག་བཞིན་པ་ལས་བསམ་བློ་དྭངས་མ་ཞིག་དང་གནས་ལུགས་གཤའ་མ་ཞིག་རྙེད་དུ་དཀོན་པ་མ་ཡིན་ནམ།
རྒྱ་ནག་གི་རྩོམ་པ་པོ་ལེའུ་ཞུན་གྱིས༼ང་འཇིག་རྟེན་འདིར་ཆེས་སྐྲག་ས་ནི་ཡི་གེའི་གད་སྙིགས་༽ཡིན་ཟེར་བ་ལྟར། ལྟོས་ས་ལྟོས་འཇོག་གིས་བཤད་ན་འུ་ཅག་གི་ད་ལྟའི་རིག་གནས་སྣང་ཚུལ་ནི་དེའི་དཔེ་རུ་མི་འགྲོ་བ་ཅི་ནས་ཀྱང་མི་འདུག འདི་ལྟ་བུའི་རིག་གནས་ཀྱི་འཁོར་རྒྱུག་འོག་ན། དོན་དམ་པའི་སྐད་ཆ་གནས་ལུགས་ཅན་ཞིག་རྙེད་རྒྱུ་ནི་ཤིན་ཏུ་ནས་རབ་ཏུ་དཀའ་ཙམ་གདའ་མོད་ཀྱང་། ལར་མི་འདུག་ཟེར་བའི་ཁ་ཕོད་ནི་ཅིས་ཀྱང་གང་བྱུང་དུ་འཕེན་མི་རུང་བ་ནི། སྐྱེས་བུ་རུས་ཚིགས་ཅན་སྐོར་ཞིག་གིས་སྦྱང་བརྡུང་བཙོ་གསུམ་ལས་སླེབས་པའི་སྐད་ཆ་རྨ་མེད་ཁག་ཅིག་ཡོད་པ་དག་རེད། སྐད་ཆའམ་དཔེ་དེབ་འདི་དག་ནི་འོ་སྐོལ་བའི་རིག་གནས་སྣང་ཚུལ་གྱི་སྲོག་ཤིང་རེད་ཅེས་སྨྲས་ནའང་འུད་བསྟོད་དུ་ལར་ནས་མི་འགྲོ ལོ་འདི་གར་ཁོ་བོའི་དཔེ་ཀློག་གི་བར་གླགས་ན་ཅུང་འཚོ་ཚུས་བཅུད་ཀྱིས་ཕྱུགས་པའི་རང་མྱི་རང་གིས་བརྩམས་པའི་དཔེ་དེབ་ཁག་ཅིག་རྙེད་སོན་བྱུང་བ་དག་ནི་གཏན་ནས་འདི་དག་གི་ཁོངས་སུ་འཇུག་ཐབས་མི་འདུག་སྟེ། དེ་དག་ལས་ཅིང་བསམ་བློའི་འཚོ་བཅུད་ཅིག་གིས་ཆེ་ཆེར་གཏམ་པ་ཞིག་ནི་ད་ལྟའི་བོད་ཡུལ་ཆོལ་ཁ་གསུམ་ན་མཚན་སྙན་ཅུང་རྒྱས་པའི་སྐུ་ཞབས་རྩོམ་པ་པོ་སྒོ་ཤེར་ལགས་ཀྱིས་བརྩམས་པའི་༼རྒྱུན་ཤེས་དང་ལམ༽ཞེས་པའི་འབོལ་དེབ་འདི་རེད།
དཔེ་དེབ་འདི་ནི་ད་ལྟའི་འུ་ཅག་གི་རིག་གནས་ཀྱི་འཁོར་རྒྱུག་ལས་ཚད་ཀྱིས་བརྒལ་ཞིང་བསམ་བློ་གསར་བ་ཞིག་གིས་ཁ་ཕྱོགས་ཧར་གྱིས་མངོན་འདུག་པས། ཁོང་གི་རྨ་མེད་ཀྱི་སྐད་ཆ་དག་གིས་ནི་བདག་གི་ཡིད་སེམས་ཧྲིལ་བོར་གཤག་བཅོས་ཤིག་བཏང་སོང་ཟེར་ནའང་མི་ཆོག་པ་མེད། དེ་བས་མི་གཤིས་བསམ་བློའི་ནང་སྙིང་སྟོང་བའི་འཚོ་གནས་འདི་ནས། སེམས་བསམ་པའི་རང་ཉིད་ཀྱང་དུས་རབས་འདི་དང་མི་འདིའི་མི་ཞིག་ཡིན་པའི་ཆ་ནས་གཅིག་སེམས་ཀྱི་འགན་འཁྲི་དེའི་ངོ་བོ་མ་བཟློགས་པར་ཁོ་བ་ཚོའི་ངལ་རྩོལ་གྱི་དཔྱད་འབྲས་ལ་ཡི་རངས་ཤིག་གི་ཆེད་དུ་མྱོང་བ་དང་ཡི་གེར་བཏབ་པ་ལགས།
རྒྱུནཤེས་དང་བསམ་བློ །
དེབ་འདི་ལས་ང་ཚོའི་སྐྱེས་བུ་རུས་ཚིགས་ཅན་ཞིག་གི་རྒྱུན་ཤེས་བསམ་བློའི་སྙིང་སྟོབས་དང་བདེན་པ་གཙུག་ཏུ་བཀུར་བའི་མི་བུ་བཀན་མོ་ཞིག་གི་རྒྱུ་འབྲས་བློ་མིག་ཤར་ལེ་མཐོང་ཐུབ་སྟེ། གཡོ་འཁྱོག་ཅི་ཡང་མེད་པའི་སེམས་པ་ཞིག་གིས་རིགས་ལ་བཅངས་བའི་འདུ་ཤེས་དང་རིག་དང་རིག་གནས་ཤིག་གི་ལས་དབང་ལ་ཞེ་བསམ་པའི་འགན་འཁུར་བཞིན་པ་མཐོང་ཐུབ། ལར་ཁོང་གི་རྒྱུན་ཤེས་ལས་མཐོང་བའི་ལྟ་བ་དང་བསམ་བློ་ནི་ད་ལྟའི་འོ་སྐོལ་བའི་དགོན་སྡེ་ཁག་ན་རིག་གནས་སྣ་གཅིག་གིས་ཡོད་ཚད་ལ་ལེབ་བརྡུང་བྱེད་འདོད་མཁན་གྱི་བསམ་བློ་ཁ་རུབ་པ་དག་གི་བསམ་སྦྱོར་མ་ཡིན་ལ། རིག་གནས་གང་ཞིག་གིས་ང་ཚོ་ཕམ་ཉེས་བཏང་སོང་འདོད་མཁན་གྱི་གང་བྱུང་ལ་མུ་ཅོར་འཐེན་པའི་རིག་གནས་དགག་སྒྲུབ་རང་ལུགས་པ་ཚོའི་བསམ་བྱའང་གཏན་ནས་མ་རེད།
ཁོང་གི་བསམ་བྱ་ནི་ཏག་ཏག་རིག་གནས་ཤིག་གི་རིན་ཐང་ནི་རིག་གནས་རང་གི་ངོས་ནས་གཞལ་དགོས་པ་ལས། རིག་གནས་གཞན་ཞིག་གི་སྤྱན་ཤེལ་བསྣམས་དེ་རིག་གནས་གཞན་ཞིག་གི་ཚད་གཞལ་ཏུ་མེད་པ་དེ་རེད་། དེབ་འདི་ལས་ང་ཚོའི་མིའི་རིགས་ཀྱི་འཚོ་གནས་ན་རིག་གནས་ཀུན་ལ་རང་ཉིད་ཀྱི་བློ་མོས་ལྟར་དུ་རིག་གནས་ཀྱི་རིན་ཐང་དང་གུས་བརྩི་དགོས་པའི་དཀྱེལ་ཡང་གི་བསམ་བློ་ཞིག་དམར་རྗེན་རྗེན་དུ་མཐོང་ཐུབ། ཆོས་ཆོས་ས་དང་སྲིད་སྲིད་ས་ནས་དར་ཞིང་སྤེལ་དགོས་པའི་གནས་ལུགས་ཤིག་གསལ་ལྷང་ལྷང་མངོན་ཡོང་། ད་དུང། རྒྱུན་ཤེས་ཀྱི་བསམ་བློ་འདི་ལས་ང་ཚོའི་འདས་ཟིིན་པའི་ཕམ་ཉེས་ཀྱི་འབྱུང་རྩ་ཞིག་ཀྱང་ཚོད་ཚོད་དུ་རྟོགས་ཡོང་བས། རང་རེ་ཚོས་རིག་གནས་གཉིས་ཟུང་དུ་འབྲེལ་བའི་འགལ་འདུའང་ཞོར་དུ་ལྷང་ལ་བུད་ཡོང་ན། རྗེས་མཁྱེན་རབ་འོད་ཟེར་ལགས་ཀྱི་གསུངས་ཤིག་ཡིད་ལ་ཚོད་ཚོད་དུ་འཆར་ཡོང།
ཆོས་སྲིད་གཉིས་ལྡན་འཛམ་གླིང་ཀུན་ན་ཡོད།།
ཟུང་དུ་འབྲེལ་བ་རང་རེའི་གཅིག་པོའི་སྲོལ།།
ཆོས་ལྡན་ཙམ་གྱིས་གནོད་དུ་མི་འགྱུར་ཀྱང་།།
ཟུང་དུ་སྦྲེལ་བའི་གཉིས་ཀའི་ནུས་པ་ཤོར།།
ཞེས་བསྡོམས་ཚིག་སྟབས་བདེ་ཞིག་བཀོད་པ་འདིའང་ད་ལྟའི་དུས་ཀྱི་ཆོས་གཏོར་བ་དང་ལྟ་ལོག་བ་དག་ཀྱང་མ་ཡིན་པར། ཀུན་གྱིས་གཙུག་ཏུ་བཀུར་འོས་པའི་མེས་པོ་མཁས་རྒན་དག་གིས་ཀྱང་བཤད་ཡོད་སྲོལ་རེད། ཅིས་ཀྱང་འདི་དག་གི་ཕམ་ཉེས་ནི་ཀུན་གྱིས་གླེང་གིན་ཡོད་པ་རེད་ལ་རྩོམ་པ་པོའི་དམིགས་བྱའང་འདི་ལས་མ་འདས། རིག་གནས་རང་རྐྱ་བ་འདི་གཉིས་རང་རང་གི་ངོ་བོའི་ཐད་ནས་དར་སྤེལ་གཏོང་འདོད་པ་དེའོ། འདི་ནི་ཕྱོགས་གཞན་ཞིག་ནས་བསམ་ན་མ་འོངས་པའི་མི་རབས་ཤིག་ལ་བཟུང་བའི་འདུ་ཤེས་རྣམ་དག་ཅིག་རེད་ལ་རིག་གནས་གཉིས་ཀྱི་མདུན་ལམ་བསམ་པ་ནི་དེ་བས་ཀྱང་ངོ་།
འདི་ལྟ་བུའི་རྒྱུན་ཤེས་ཀྱི་བསམ་བློ་གཡོ་འཁྱོག་མེད་པ་དག་ནི་ད་ལྟའི་རང་རེ་ཚོར་མཚོན་ན་ཆོས་སྲིད་དང་གནས་བབ་གང་ཐད་ནས་ཅིས་ཀྱང་མེད་ཐབས་མེད་པ་ཞིག་ཡིན་ན་ཡང་། བོད་མྱི་ཁ་རུབ་པ་དག་གིས་ནི་ད་དུང་འདི་ལ་མི་འཐད་པ་དང་ཡིད་མ་རུངས་བའི་སྐྱོན་འཛུགས་དང་བསྙོན་ལས་ཀྱིས་མི་གྲལ་ནས་ཕུད་ཐབས་ཀྱི་སྦྱོར་བ་བརྩམས་དང་རྩོམ་བཞིན་པའི་ལས་དག་ཀྱང་རྩོམ་པ་པོས་སྡུག་ཡུས་ཤིག་དང་མཉམ་དུ་ཞར་དང་ཞོར་ལ་མི་བཤད་ཐབས་མེད་ཀྱི་ཚུལ་གྱིས་མངོན་ཡོང་བ་བསམ་ན། དུས་ཀྱི་བུ་མོ་སྲིད་ལོ་ཉེར་གཅིག་ཟིན་པའི་དེ་རིང་ད་དུང་རང་ཅག་གི་སྡེ་ལ་ནི་སྐད་ཆ་འདི་ཙམ་ཞིག་གི་ཤོང་ཚད་ཀྱི་རྒྱ་ཁྱོན་མེད་སོང་བ་ཡིན་ན། ད་ནི་འོ་སྐོལ་བའི་རྒྱུན་ཤེས་ལྟར་དུ་ཤེས་དགོས་པའི་རིག་གནས་བསམ་བློའི་་རྒྱ་ཁྱོན་དེ་མངོན་གསལ་དུ་ཤེས་མི་ཡོང་ངམ། རྩོམ་པོ་ཁོང་དག་གིས་ནི་རིག་གནས་ཀྱི་ཁོར་ཡུག་འདི་ལྟ་བུ་ཞིག་ནས་རང་གི་མགོ་བོ་གཞན་གྱི་རྐང་འོག་ཏུ་མི་འཇོག་པ་ནི། མ་འོངས་བའི་མི་རབས་ཤིག་གི་བསམ་བློའི་མིག་དཔེ་རུ་མངོན་པ་དང་བདེན་པ་གཙིག་ཏུ་བཀུར་བའི་སྙིང་སྟོབས་ནི་ཏག་ཏག་དཔེ་དེབ་འདིའི་གསོན་ཤུགས་ཆེ་ཤོས་རེད་ཟེར་ན་ཤོབ་ཏུ་མི་འགྲོ
རྒྱུན་ཤེས་དང་འཚོ་གནས།
རྒྱུན་ཤེས་མེད་པའི་མི་རིགས་ནི་ཏག་ཏག་བསམ་བློའི་དབུལ་བའི་མི་རིགས་ཤིག་ཏུ་གྱུར་འདུག་པ་ལྟར། འུ་ཅག་གིས་ནི་ནམ་རྒྱུན་རང་ཉིད་ཚོ་ནི་འཛམ་གླིང་གི་མཆོག་དང་རྒྱན་ཡིན་ཞེས་འུད་བསྒྲགས་གནམ་སར་མི་ཤོང་བ་རེ་བྱེད་བཞིན། ཆེས་མ་མཐའི་རྒྱུན་ཤེས་ཙམ་པོ་ཡང་རླུང་ལ་བསྐུར་སོང་བ་མ་ཡིན་ནམ། རིག་གནས་སྣ་གཅིག་གི་མིག་འོད་ལས་མེད་པའི་ང་རང་ཚོས། རྒྱུན་ཤེས་ཀྱི་བསམ་བློ་མངའ་བའི་མི་བུ་དག་རེ་རེ་བཞིན་བསྒྱེལ་སོང་བ་ཡང་ཞིབ་ཏུ་བསམ་ན་རྒྱུན་ཤེས་ཀྱི་ནང་སྙིང་མེད་སོང་བའི་ལན་པ་མ་ཡིན་ནམ། དེ་ལྟ་ན་དཔེ་དེབ་འདིའི་ནི་བདག་ཉིད་ཚོར་རྒྱུན་ཤེས་མེད་སོང་བའི་ཆག་འཇིགས་དང་རྒྱུན་ཤེས་ནི་འདིའོ་ཞེས་བཀྲལ་འདུག་པས། ཆབ་སྲིད་དང་ཆོས་ལུགས། རྒྱལ་རབས་ལོ་རྒྱུས། རིག་གནས་སེམསས་ཁམས། འཚོ་གནས་ཁོར་ཡུག་གང་ན་ཡང་རྒྱུན་ཤེས་རྣལ་མ་ཞིག་གི་རོ་བཅུད་དབེན་པའི་བདག་ཉིད་ཚོའི་ཆོས་སྲིད་གང་གི་རྒྱུན་ཤེས་ཀྱང་བཅོས་འབྲི་དང་འུད་བསྟོད། ལྐོག་གྱུར། གཞན་མྱི་ཕར་ཞོག་རང་མྱི་རང་གིས་ཀྱང་ཡིད་མི་ཆེས་པའི་རྒྱུན་ཤེས་ཁོར་ཡུག་ཞིག་བསྐྲུན་དང་སྐྲུན་བཞིན་ཡོད་པ་རེད།
དེ་བས་རྒྱུན་ཤེས་ཀྱི་ནང་སྙིང་འདི་ལྟ་བུ་ནི་ད་ལྟའི་ང་ཚོའི་འཚོ་གནས་ལ་མཚོན་ན་སང་ཉིན་ལ་འོད་སྣང་སྤྲོད་པའི་སྤྱན་ཟུང་རླབས་ཆེན་ཞིག་རེད་ཅེས་ནའང་མི་ཆོག་པ་མི་འདུག་པས། ང་ཚོས་འདི་ལྟ་བུའི་སྐྱེས་བུ་རུས་ཚིགས་ཅན་དག་ལ་ངོ་སོ་བསྟོད་རྒྱུ་ནི་རང་ཉིད་ཚོའི་འཚོ་གནས་ལ་འོད་སྣང་ཞིག་སླེབས་པའི་སྔ་ལྟས་ཡིན་པ་མིག་མཐོང་ལག་ཟིན་ཡིན་ན། ད་ནི་ང་ཚོས་རང་ཉིད་ཚོའི་ནང་ལོག་ལ་ཞིབ་བཤེར་བྱེད་བཞིན་འཚོ་གནས་སྤྱི་བམ་པོ་འདིར་བསྐྱར་བཅོས་ཤིག་གི་བྱེད་རྒྱུ་ཡིན་ནམ། ཡང་ན་ད་དུང་མགོ་བོ་སྟོང་བ་དག་བཙན་གྱིས་འཁུར་བཞིན་འུ་ཚུགས་ཀྱིས་སྡོད་ཀྱི་ཡིན་ནམ། འདི་ནི་རྒྱུན་ཤེས་དང་ལམ་གྱིས་ང་ཚོའི་འཚོ་གནས་ལ་གནང་བའི་དྲིས་ལན་མི་གདབ་ཐུ་མེད་ཀྱི་དྲི་རྟགས་ཤིག་ཡིན་པ་ལགས་ན། ང་ཚོས་ཇི་ལྟར་དྲིས་ལན་གསལ་བོ་ཞིག་གི་གནང་སྦྱིན་ཡོད་པ་བྱེད་རྒྱུ་ཡིན་ནམ།
རྒྱུན་ཤེས་དང་དུས་རབས།
བྱ་དངོས་གང་ཞིག་གི་ངོ་བོ་ཡིན་ཀྱང་དུས་རབས་དང་མི་རབས་རང་བཞིན་ཀྱི་བསམ་བློའི་མཛེས་དཔྱོད་སེམས་ཁམས་དང་འགྱུར་ནས་འགྲོ་བ་ཆོས་ཉིད་ཅིག་ཏུ་གྲུབ་འདུག་ཀྱང་། དུས་ཚོད་རིམ་འགྲོས་ཀྱི་འཁོར་བསྐྱོད་ལས་བྱ་དངོས་འགྱུར་ལྡོག་གི་ངོ་བོ་དང་ཆོས་ཉིད་ལ་དང་ལེན་བྱེད་རྒྱུ་ནི་དེ་བས་ཀྱང་མེད་ཐབས་མེད་པ་ཞིག་རེད་འདུག་མོད། འུ་ཚོས་འདི་ལྟར་རང་ཉིད་ཚོས་རིག་གནས་སྣང་ཚུལ་དང་བསམ་བློའི་མཛེས་འཛིན། མདུན་བསྐྱོད་ཡར་རྒྱས་གང་གི་ཐད་ནས་ཕྱིར་ལྟས་ཐེངསས་ཤིག་བྱས་ན། འུ་ཚོར་ཕྱོགས་གང་གི་ཐད་ནས་དུས་རབས་དང་མཐུན་པའི་རང་ཉིད་རང་ལ་རློམ་ཆོག་ཆོག་གི་མདུན་བསྐྱོད་ཅིག་མེད་ཚོད་གདའ། གལ་སྲིད་ཅིག་ཡོད་པའི་དབང་དུ་བཏང་ཀྱང་ད་ལྟའི་དུས་རབས་ཉེར་གཅིག་གི་རིག་གནས་སེམས་ཁམས་དང་མཐུན་པ་ཞིག་ནི་གཞར་ཡང་ཡོང་གིན་མེད་པ་འུ་ཚོ་རང་ལ་གསལ་ལེར་ཡོད་པ་མ་ཡིན་ནམ། འདིའང་ཕྱོགས་གཞན་ཞིག་ནས་བཤད་ན་རྒྱུན་ཤེས་ཀྱི་རྨང་གཞི་མེད་སོང་བའི་དུས་རབས་དང་མཐུན་པའི་རྒྱུན་ཤེས་ཀྱི་བསམ་བློ་མེད་སོང་བ་རེད།
ཡིན་ཡང་། ༼རྒྱུན་ཤེས་དང་ལམ༽ནི་ཏག་ཏག་༼གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས་ཤིང་རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་༽དུ་བསྒྲགས་པའི་སྲོལ་རྒྱུན་སེམས་ཁམས་ཀྱི་གཡུལ་ས་ནས་ཆེ་ཆེར་བརྒལ་ཏེ། དུས་རབས་ཉེར་གཅིག་གི་ངོ་གདོང་ལ་ཧྲིལ་གྱིས་ཁ་ཕྱོགས་འདུག་པ་དང་མིག་རྒྱང་རིང་བོ་ཞིག་དང་། དཔྱོད་ཤེས་རྣལ་མ་ཞིག་གིས་དུས་རབས་འདིའི་འཚོ་གནས་དང་མཐུན་པའི་བསམ་གཞིགས་ཤིག་གི་རྨང་གཞི་ཁོལ་ཀྱིས་བཏིང་འདུག་ཟེར་ན་མི་ཆོག་པ་མེད་པས། དེ་བཞིན། ཡོད་ཚད་ལ་ཨ་ཆད་འུ་ཐུག་པའི་རང་རེ་ཚོའི་ད་ལྟའི་དུས་ཚོད་འདིར་ཁོ་པ་ཚོ་ནི་མི་རབས་དང་དུས་རབས་གང་གི་ཕྱོགས་ནས་ང་ཚོའི་སེམས་ཁམས་སྙོམ་སྒྲིག་པ་རེད་འདུག་ལ། ལྷག་པར་དུ་དེབ་འདིའི་ཕྱོགས་གང་ཐད་ནས་བསམ་ན་ཡང་ཚིག་གི་སྡེབས་སྦྱོར་ནས་དོན་གྱི་གནས་ལུགས་བསམ་བློའི་ཁྱབ་རྒྱ་གང་ན་ཡང་དུས་རབས་དང་བསྟུན་པའི་བསམ་བློ་གསར་བའི་འདོད་ཚུལ་ཞིག་དང་དཀྱེལ་ཡང་བའི་རིག་གནས་སེམས་ཁམས་ཤིག་གཞི་གྲུབ་འདུག་པས། ལག་སྟོང་མཆན་ལ་བཙུར་བའི་རང་རེ་ན་གཞོན་ཚོར་མཚོན་ན་འདི་ནི་གསོས་སྨན་ཞིག་གི་ཚུལ་དུ་གྱུར་སོང་བ་མ་ཡིན་ནམ།
རྒྱུན་ཤེས་དང་ང་ཚོ། ཡང་ན་མཇུག་གཏམ།
གལ་ཏེ། ཉིད་ཀྱིས་འོ་སྐོལ་བའི་རིག་གནས་སྣང་ཚུལ་ནི། འུད་སྒྲོག་དང་སྟོང་བཤད་ཀྱི་ལས་ཤིག་ལས་ལག་ལེན་མེད་པའི་རང་གཟུགས་ཤིག་རེད་ཅེས་སྨྲ་ན། ཁོ་བོས་ནི་རྒྱུན་ཤེས་དང་ལམ་ནི་ཏག་ཏག་སྣང་ཚུལ་འདིའི་ཁ་གཏད་ན་ལངས་བའི་འཁྱོག་གཟུགས་བྲལ་བའི་བསམ་བློ་བཀན་མོ་ཞིག་རེད་ཅེས་སྨྲ་འདོད།
གལ་ཏེ། ཉིད་ཀྱིས་ང་ཚོ་ནི་དུས་རབས་འདི་ཡི་ས་ཁྱོན་ན་ཡར་རྒྱས་དང་སྔོན་ཐོན་གྱི་ལམ་ཆེན་ལ་བསྐྱོད་དང་སྐྱོད་བཞིན་པའི་མི་སྡེ་ཞིག་རེད་ཅེས་སྨྲ་ན། ཁོ་བོས་ནི་རྒྱུན་ཤེས་དང་ལམ་ནི་ང་ཚོ་ལ་མདུན་སྐྱོད་ཀྱི་མིག་འོད་སྟོན་པའི་སྨག་རུམ་གྱི་སྒྲོན་མེ་ཞིག་རེད་ཅེས་སྨྲ་འདོད།
གལ་ཏེ། སང་ཉིན་ང་ཚོས་རང་གི་མགོ་བོ་ལ་རང་ཉིད་ཀྱིས་བདག་པོ་རྒྱག་བཞིན་མིའི་རིགས་དང་རྐང་བ་མཉམ་བཤིབ་ཀྱི་དུས་ཚོད་ཅིག་ཤར་ན། ཁོ་བོས་ནི་རྒྱུན་ཤེས་དང་ལམ་ནི་དེ་ཡི་སྔོན་འགྲོའི་ཆ་རྐྱེན་ལ་རྨང་འདིང་མཁན་རེད་ཅེས་སྨྲ་འདོད།
གལ་ཏེ། ནམ་ཞིག་ང་ཚོར་རང་གི་རྐང་འོག་གི་ས་གཞི་དེ་རང་ཉིད་ཚོར་དབང་བའི་བདེ་སྐྱིད་རྫོགས་ལྡན་གྱི་དུས་ཚོད་ཅིག་ཤར་ན། ཁོ་བོས་རྒྱུན་ཤེས་དང་ལམ་ནི་ང་ཚོར་ལམ་སྣེ་དེ་སྟོན་མཁན་གྱི་གཟུགས་མེད་སྟོབས་ཤུགས་ཀྱི་ཆབ་སྲིད་ཅིག་རེད་ཅེས་སྒྲོག་འདོད།
གང་ལྟར་ཡང་དཔེ་དེབ་འདི་ལྟ་བུ་ནི་ང་རང་ཚོར་མཚོན་ན་ད་ལྟའི་དུས་འདིར་གཅེས་ནོར་ཞིག་གི་རིན་དོན་དུ་མི་བརྩི་ཐབས་མེད་ཡིན་ན། ཁོ་བོས་ཀླག་ནས་མྱངས་བ་དག་སྤྱི་ཁག་ཙམ་ཞིག་རང་ལ་དྲན་འགྱུ་ཞིག་གི་ཚབ་ཏུ་ཡི་གེར་ཕབ་པ་ལགས་ན། རྒྱ་ཆེན་རྒྱས་པ་ཞིག་ནི་འཁྱོངས་མ་སོང་ཀྱང་རིན་ཐང་མཚོན་བྱེད་ཞིག་གི་ཚབ་ལ་འདི་ལྟར་བྲིས་པ་ཡིན་མོད། ཀློག་པ་པོ་དག་གིས་ཀྱང་དེ་ལྟར་ཏུ་སྒོམ་རོགས་ཞུ་བ་ཡིན།
ཡ་ཡ་གླིང་གཅེར་བུ་ལགས་ཀྱིས་༼རྒྱུན་ཤེས་དང་ལམ༽ལ་གདེང་འཇོག་བྱས་པ་འདི་དོན་དམ་པའི་གདེང་འཇོག་ཅིག་ཡིན་པའི་རེ་བ་ཡོད། སྐབས་དང་དུས་ཀྱི་དགོས་མཁོ་ཞིག་མ་ཡིན་པར་སྨོན།
གླིང་གཅེར་བུ་ལགས་ཀྱི་ག་རེ་ལབ་ཀྱི་ཡོད་གོ་ཁག་པོ་འདུག སྐད་ཆའི་མགོ་ཚུགས་པ་ནས་གཞན་ལ་སྐྱོན་བཙུགས་ནས་ཡོང་གི་འདུག བརྗོད་བྱ་ག་རེ་ཡིན་ནམ། ་སྒོ་ཤེར་གྱི་རྩོམ་དེ་ངོ་སྤྲོད་་བྱེད་ཡ་རེད་པས། རྗོད་བྱེད་ནི་བསྒྱུར་རྩོམ་ལྟར་སྙན་པོ་ཁྱོན་ནས་མི་འདུག བོད་རྩོམ་ཞིག་ཨེ་ཡིན་ནམ། བོད་སྐད་ཡག་པོ་ཞིག་ཀྱང་ཤེས་ཀྱི་ཨེ་ཡོད་བསམ་བསམ་འདུག
སྒོ་ཤེར་ལགས་ཀྱིས་བརྩམས་པའི་༼རྒྱུན་ཤེས་དང་ལམ༽ཞེས་པའི་འབོལ་དེབ་དེ་བཀླགས་མ་མྱོང་ཡང་གྱོང་ཡོད་རེད་བསམ་ཡ་མི་འདུག
གང་ཡིན་ཟེར་ན་སྒོ་ཤེར་ཁོ་རང་གིས་རྒྱུན་ཤེས་མཁྱེན་གྱི་ཡོད་མ་རེད་པ། བོད་པས་བཤད་སྲོལ་ལ་། ཀུན་དང་མཐུན་ན་མཁས་པ་ཡིན། ཟ་ཚོད་ཟིན་ན་སྨན་པ་ཡིན་ལབ་པ་རེད། སྒོ་ཤེར་གྱིས་རྒྱུན་ཤེས་མ་མཁྱེན་པས་དགོན་པ་ནས་ཕྱིར་ཕུད་བཏང་བ་རེད། རང་གི་ལོ་རྒྱུས་ནག་པོ་ཆགས་ཀྱི་ཡོད་པ་མི་ཤེས་མཁན་ཞིག་གིས་གཞན་ལ་རྒྱུན་ཤེས་བཤད་ས་ཡོད་མ་རེད་ལགས།
མདོར་ན་གླིང་གཅེར་བུ་ལགས་ནས་་སྒོ་ཤེར་གྱི་རྩོམ་དེ་ངོ་སྤྲོད་ཡག་པོ་ཞིག་བྱེད་ཐུབ་མི་འདུག་ལགས།
ཆོས་སྲིད་གཉིས་ལྡན་འཛམ་གླིང་ཀུན་ན་ཡོད།།
ཟུང་དུ་འབྲེལ་བ་རང་རེའི་གཅིག་པོའི་སྲོལ།།
ཆོས་ལྡན་ཙམ་གྱིས་གནོད་དུ་མི་འགྱུར་ཀྱང་།།
ཟུང་དུ་སྦྲེལ་བའི་གཉིས་ཀའི་ནུས་པ་ཤོར།།
འདིས་ནི་ཁོས་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་སྔོན་ལ་དག་ལ་དམའ་འབབ་བྱས་པ་རེད། ཡིན་ཡང་ཁོས་ཟུང་འབྲེལ་གྱི་དོན་གོ་མེད་པ་གསལ་བོ་རེད།
སྲོང་བཙན་སྒམ་པོས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅོས་པ་རེད།
ས་སྐྱ་བས་ཞལ་ལྕེ་བཅུ་དྲུག
གཙང་བས་བཅུ་བཞི
དགེ་ལུགས་པས་བཅུ་གསུམ་བཟོས་པ་རེད།
དམག་འཁྲུག་སྐབས་ཀྱི་དཔའ་བོ་ཚོར་རྔན་པ་སྤྲད་ཡ་དང་། ཆོས་བརྒྱུད་གཞན་པ་དར་སྤེལ་བྱེད་པར་བཀག་འགོག་བྱེད་པའི་ལམ་སྲོལ་དེ་གཉིས་མེད་པར་བཟོས་པ་རེད།
དེས་རྒྱུ་མཚན་གྱིས་བོད་རྒྱལ་ཁབ་ནི་ཆོས་ལྡན་གྱི་ཞིང་ཁམས་དང་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད།
རྒྱ་ནག་ལྟར་དགེ་སྡིག་དང་ལས་འབྲས་མི་ཤེས་པའི་རྒྱལ་ཁབ་དེ་འདྲ་མ་རེད།
གླེང་གཅེར་ལགས་ ཁྱེད་ཀྱིས་རྒྱུན་དུ་རྒྱུན་ཤེས་ལ་གོ་རྟོགས་གང་གཟབ་མི་བྱ་ཚེ་ མེས་པོའི་མི་གཤིས་བཟང་པོར་ཁུངས་ལུགས་སྐྱ་མོས་དོན་མེད་རྨ་ཁ་བཟོ་ན་རང་མགོ་གྲི་རྩེར་གཅུས་པ་དང་ཁྱད་ཅི་ནས་ཡོད།
ཕྱེད་ཙམ་བཀླགས་པ་ཡིན་་་་ད་མི་འདུག་ཡ་་་་་ཧང་སང་བ་ཞིག་བྲིས་ཡོད་བསམ་ན་ཐང་་་འོན་ཀྱང་ད་དུང་མི་འདུག་ད་་་་དག་ཡིག་ཅིག་ཀྱང་སྦྱང་དགོས་ས་རེད་་་་་་
སྐྱོན་བརྗོད་བྱེད་པ་དེ་ཡག་པོར་མཐོང་གི་མེད་ན་་ཁྱེད་ཅག་གིས་ཀྱང་སྐྱོན་བརྗོད་མ་བྱེད་་་་་གླིང་གཅེར་བུས་་་ཚད་གཞི་ཅིག་གི་ཐོག་ནས་སྤྱི་ཚོགས་ལ་སྐྱོན་བརྗོད་བྱས་འདུག ་ཁྱེད་ཅག་ལ་ཚད་གཞི་མེད་པའི་ཐོག་ནས་སྐྱོན་བརྗོད་བྱེད་ཀྱི་འདུག ཚིག་དང་དོན་ལ་མ་འགྲིག་ས་རེ་ཡོད་ན་་་དེ་དག་མ་འགྲིག་པ་འདི་རེད་་འགྲིག་པ་འདི་རེད་ཅེས་ཟེར་ཐུབ་ན་རང་གཞན་ཚང་མ་ཕན་གྱི་རེད་་དེ་མིན་་མགོ་ནས་མཇུག་བར་དུ་སྐྱོན་རྐྱང་རྐྱང་ཡིན་པའི་ཟོལ་གྱི་སྐད་ཆ་བཤད་ན་་་དེ་ག་རེ་་་རེད་་་་་མ་གཞི་ནས་ང་ཚོའི་སྤྱི་ཚོགས་འདི་ལ་བསམ་བཟང་གི་མི་དཀོན་ཨང་།
སྒོ་ཤེར་གཞན་དང་མ་མཐུན་པ་དེ་རྒྱུན་ཤེས་མ་མཁྱེན་པ་རེད་པེ་་་ཧཧཧཧཧཧཧཧཧ་་་་རྒྱུན་ཤེས་མི་མཁྱེན་པའི་བླ་མ་རྒྱགས་པ་དང་་་རྒྱུན་ཤེས་མི་མཁྱེན་པའི་་དགེ་སྦྱོང་མིང་འཛིན་པའི་མགོ་རེག་དེ་ཚོ་་་་དང་མ་མཐུན་པ་དེ་རྒྱུན་ཤེས་མ་མཁྱེན་པའི་ཚད་རེད་དམ་ཧཧཧཧཧཧ།
མ་གཞི་ནས་དཔེ་དེབ་གལ་ཆེན་འདི་འདྲ་ཀློག་གི་ཡོད་པ་དང་་དེ་དང་འབྲེལ་བའི་བསམ་ཚུལ་འདི་ལྟར་འབྲི་ཐུབ་པ་ཙམ་ཧང་ཧ་ལས་པ་རེད་་རེད་་་
ཆོས་སྲིད་གཉིས་ལྡན་འཛམ་གླིང་ཀུན་ན་ཡོད།།
ཟུང་དུ་འབྲེལ་བ་རང་རེའི་གཅིག་པོའི་སྲོལ།།
ཆོས་ལྡན་ཙམ་གྱིས་གནོད་དུ་མི་འགྱུར་ཀྱང་།།
ཟུང་དུ་སྦྲེལ་བའི་གཉིས་ཀའི་ནུས་པ་ཤོར།།
སྐད་ཆ་འདི་ནི་བདེན་པ་མ་རེད། ཆོས་སྲིད་ཟུང་དུ་སྦྲེལ་མཁན་དེ་སྔོན་གྱི་ཡི་ཤུའི་རྒྱལ་ཁབ་ཀུན་དང་། ད་ལྟའི་ཨ་རབ་ཀྱི་རྒྱལ་ཁབ་ཕལ་ཆེར་བ་རེད། ཆོས་སྲིད་ཟུང་དུ་སྦྲེལ་བ་ནི་བོད་པ་གཅིག་བུའི་སྲོལ་མ་རེད། མ་ཡིན་པ་ཡིན་པ་སྒྲུབ་པ་ནི་གཟིགས་རྒྱང་ཆུང་བའི་སྐྱོན་དུ་འདོད། ཡིན་ཡང་། ད་ལྟ་ཨ་རབ་ཁུལ་དུ་ཆོས་སྲིད་ཟུང་སྦྲེལ་་འདོད་མཁན་དང་མི་འདོད་མཁན་གཉིས་ཀྱིབར་ལ་འགལ་ཟླའི་གཡོ་ལངས་ཤིག་འཁྱིལ་བཞིན་ཡོད།
ཡིན་ཡང་། ཨ་རབ་ཁུལ་གྱི་ཆོས་སྲིད་སྦྲེལ་སྟངས་དང་བོད་ཀྱི་ཆོས་སྲིད་སྦྲེལ་སྟངས་མི་འདྲ། རྒྱུ་མཚན་ནི། ཁ་ཆེའི་ཆོས་ནི་མ་གཞི་ནས་ཆོས་ལུགས་དང་ཆབ་སྲིད་གཉིས་མཉམ་སྦྲེལ་གྱི་ཆོས་ལུགས་ཡིན་པས་རེད།
རྣམ་པ་ཚོ་ཕེབས་པར་སྙིང་ནས་དགའ་ཡོད། སྐྱོན་ནོར་ཅི་ཡོད་དང་དུ་ལེན་ཆོག
རྣམ་པ་ཚོ་ཕེབས་པར་སྙིང་ནས་དགའ་ཡོད། སྐྱོན་ནོར་ཅི་ཡོད་དང་དུ་ལེན་ཆོག
ཏང་སྲིད་གཉིས་ལྡན་འཛམ་གླིང་ཀུན་ན་ཡོད།།
ཟུང་དུ་འབྲེལ་བ་རང་རེའི་གཅིག་པོའི་ཁྲལ།
ཏང་ལྡན་ཙམ་གྱིས་གནོད་དུ་མི་འགྱུར་ཀྱང་།།
ཟུང་དུ་སྦྲེལ་བའི་གཉིས་ཀའི་ནུས་པ་ཤོར།
ཁ་ལྐུགས་མེད་ན་རང་དབང་ལུང་པ་ནས་འདི་ལྟར་བྲིས། རྒྱུན་ཤེས་འདི་འདྲ་མ་གཅིག་མི་ཤེས་ན་དྲྭ་ཐོག་ལ་ཡོང་གི་མ་འདུག མི་སེར་སྤེལ་བ་པོའི་ཟུང་འབྲེལ་གྱིས་མ་འགྲིག་པ་ཡིན་ནམ། མི་སེར་སྤེལ་ཡུལ་གྱིས་ཟུང་འབྲེལ་གྱིས་མ་འགྲིག་པ་ཡིན། ཅིག་འགྲིག་མེད་པ་གསལ་བོ་རེད། ཟུང་འབྲེལ་མཚམས་བཞག་ན་དབང་བསྒྱུར་ལས་གྲོལ་བ་འཐོབ་བམ། ཏང་སྲིད་ཟུང་འབྲེལ་གྱིས་ང་ཚོར་ཕམ་སོང་ང་ཝེ། རྐང་ཆག་ལག་ཆག་གི་ཚིག་བཅད་ཧང་མདོག་མ་གནང་རྒྱུན་ཤེས་ལ་སྦྱོང་གྲོགས།
ཡག་པོ་བྲིས་གནང་འདུག་་་་བཀའ་དྲིན་ཆེ།
ས་སྒོ་བསམ་གཏན་སྒྲོལ་མ་ཡིན་ན་མྱི་འདིས་་་་ད་རུང་མྱི་སྐད་ངོ་མ་ཞིག་ཤོད་ཤེས་ཀྱིན་མེད་པ་འདྲ།
རྣོན་པོ་ལགས་ཀྱི་་་་རིག་པའི་མདའ་གྲི་རྣོན་པོས་དེ་རིང་ཁྱོད་བསོད་སྟངས་བདེ་མོ་ཞིག་གིས་བསད་འདུག་པར་་་མ་ཎི་འདོན་རྒྱུ་ཙམ་ལས་ལྷག་མི་འདུག་ཧ་ཧ
ས་སྒོ་བསམ་གཏན་སྒྲོལ་མ་ལགས་ལ་ངས་ཚིག་རིས་མི་གསལ་ཞིང་ནང་དོན་གྱི་ཕྱུག་པའི་སྐད་ཆ་གཅིག་རང་ལས་བཤད་རྒྱུ་ལུས་མི་འདུག་སྟེ། དེ་ནི། ཧཧཧཧཧཧཧཧཧཧཧཧཧཧཧ ཧཧཧཧཧཧཧཧཧཧཧཧ ཧཧཧཧཧཧཧཧཧཧཧཧཧཧ ཧཧཧཧཧཧཧཧཧཧཧཧཧཧཧ ཞེས་པ་འདིའོ།།