སྒོམ་སྡེ་ལྷ་རམས་པ།
༼གླེང་བརྗོད༽
ཉེ་སྔོན་ལ་དྭགས་པ་བློ་བཟང་འཇམ་དཔལ་ཟེར་བ་ཞིག་གིས། ཁ་བརྡ་དྲ་རྒྱའི་ནང་བོད་ཀྱི་ཆོས་ལུགས་བཞི་ཀའི་ཕྱག་དཔེ་ལ་ཞུས་དག་གཏོང་ཁུལ་གྱིས་ཤུགས་ཀྱིས་གཞན་ལ་དམའ་འབེབས་བྱས་མོད། ཁོ་པའི་ཞུས་དག་དེ་ཧ་ཅང་ཐལ་ཆེ་ཞིང་། ཡིག་ནོར་གྱིས་ཡོངས་སུ་གང་བའི་འཛིན་གྲྭ་ལྔ་པ་དྲུག་པའི་སློབ་ཕྲུག་ཅིག་གིས་བྲིས་པ་ལྟ་བུའི་རྩོམ་ཧྲུལ་ཞིག་ཏུ་མཐོང་བྱུང་། གཞན་ལ་ཞུས་དག་གཏོང་བར་རང་ཉིད་ཅུང་ཟད་ཡི་གེ་དག་པ་ཞིག་དགོས་མོད། ཁོ་པའི་གླེང་བརྗོད་ཐུང་ངུ་དེ་དང་ཞུས་དག་གི་ཡི་གེ་རྣམས་ལའང་་ཡིག་ནོར་ཆེས་མང་པོ་འདུག་པ་ཐེར་འདོན་བྱས་ཡོད། ཁོ་པ་རང་མ་གཏོགས་གཞན་ཐམས་ཅད་ཅི་ཡང་མི་ཤེས་པའི་གླེན་པར་རྩི་མཁན་གྱི་རང་རློམ་ཅན་ཞིག་འདུག་པས། ངོས་ནས་སྐྱོན་སེལ་དང་སྦྲགས་ཚིག་རྩུབ་ཡང་ཕྲན་བུའི་ཐལ་སོང་བར་དགོངས་འགལ་མེད་པར་ཞུ།<
༼དངོས་གཞི༽
ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས། སྔོན་ལ་རང་གིས་རང་ལ་ཞུས་དག་ཅིག་བྱེད་ན་ག་འདྲ་འདུག ཁྱེད་ཀྱི་གླེང་བརྗོད་ཐུང་ངུ་དེ་ལའང་ཡིག་ནོར་གྱིས་ཡོངས་སུ་གང་འདུག དཔེར་ན་ཁྱེད་ཀྱིས་རྫོགས་ཚིག་ལ་ཉིས་ཤད་དགོས་པ་འདི་གཏན་ནས་ཤེས་མི་འདུག
(ནོར) (བཅོས)
༡ བྱེད་དོ། = བྱེད་དོ། །ཞེས་ཉིས་ཤད་བསྐྱོན་དགོས།
༢ གདོན་མི་ཟའོ། = གདོན་མི་ཟའོ། །
༣ སྣང་ངོ་། = སྣང་ངོ་། །
༤ བསྟེན་བྱའོ། = བསྟེན་བྱའོ། །
༥ འདུག་གོ = འདུག་གོ།
༦ མི་དགོས་སོ། = མི་དགོས་སོ། །
༧ ཞུའོ། = ཞུའོ། །
༨ མཁྱེན་ངེས་སོ། = མཁྱེན་ངེས་སོ། །
༩ ཞུ་ཐུབ་བོ། = ཞུ་ཐུབ་བོ། །
༡༠ ངེས་སོ། = ངེས་སོ། །
༡༡ བྱས་སོ། = བྱས་སོ། །
༡༢ ལེགས་སོ། = ལེགས་སོ། །
༡༣ ཡིན་ནོ། = ཡིན་ནོ། ། ཞེས་སོགས་འབྱམས་ཀླས་ཀྱང་རེ་ཞིག་བཞག་གོ།
༡༤ སྤར་བསྐྲུན། = སྤར་སྐྲུན། (དཔར་སྐྲུན། པར་སྐྲུན་ཡང་འཐད)
༡༥ བལྟ་ན། = བལྟས་ན།
༡༦ འབྱུང་ན། = བྱུང་ན། (འདས་ཚིག་འབྲི་དགོས)
༡༧ བྱུང་ཞིང་། = འབྱུང་ཞིང་། (གང་ན་བསྟན་པ་དར་བ་དེ་ན་ཡི་གེ་ཡང་ཤིན་ཏུ་དག་པ་“འབྱུང་ཞིང”ཞེས་ད་ལྟ་བའམ་མ་འོངས་པའི་ཚིག་སྦྱར་དགོས།)
༡༨ གཞེན་སྐུལ། = གཞེན་བསྐུལ། (ཞེས་ནོར་བཅོས་བྱས་འདུག་རུང་། དག་ཡིག་གསར་བསྒྲིགས་སུ། གཞེན་སྐུལ་ཞེས་འབྱུང་བ་ཡང་མཁྱེན་པར་མཛོད) ༡༩ གང་མང་མང་ཞིག་འབྱུང་ན། = གང་མང་མང་ཞིག་བྱུང་ན། (འདས་ཚིག་འབྲི་དགོས)
༢༠ མཛད་གྲོགས་“ཞེས”གུས་པས་ཞུའོ། = མཛད་གྲོགས་“ཤེས”གུས་པས་ཞུའོ། །ལྗོན་དབང་ལས། ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤིག་ཤེའོ་ཤེ་ན་འཐོབ། །ཅེས་གསུངས་པ་ལྟར། གཞན་དང་ནོར་དོགས་ཀྱི་ཉེས་པ་མེད་ན་བརྡ་སྤྲོད་དང་མཐུན་པར་ཚིག་ཕྲད་“ཤེས”ཉིད་སྦྱར་དགོས་སོ། །
༢༡ ཕྲེང་། = འཕྲེང་། (ནོར་བཅོས་བྱས་འདུག་ཀྱང་། དག་ཡིག་ངག་སྒྲོན་ལས། ཕྲིན་ལས་ཕྲེང་སོགས་གང་ཡང་རུང་། །ཞེས་གདམ་ངར་གསུངས་པའི་ཕྱིར་རོ)
༢༢ ཕྲིན། = འཕྲིན། (གདམ་ང་ཡིན་པར་མཁྱེན་པར་མཛོད)
༢༣ སྒྲོག = སྒྲོགས། (ནོར་བཅོས་བྱས་འདུག་ཀྱང་། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་སུ་སྒྲོག་ཅེས་འབྱུང་བ་ཡང་མཁྱེན་པར་མཛོད)
༢༤ སེ་ར་བྱེ། = སེ་ར་བྱེས།
༢༥ སོཌ། = སོགས། (ནོར་བཅོས་བྱས་འདུག་ཀྱང་། སོཌ་ནི་སོགས་ཀྱི་བསྐུངས་ཡིག་ཡིན་པར་མཁྱེན་དགོས་ཤིང་། བསྐུངས་ཡིག་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་དང་རིག་གནས་ཆེས་རྩ་ཆེན་ཞིག་ཡིན་པས། དེ་ལ་མཐོང་ཆུང་མི་མཛད་པར་ཞུ)
༢༦ ལེཌ། = ལེགས། (བསྐུངས་ཡིག་ཡིན་པར་མཁྱེན་པར་མཛོད) ༢༧ དོཌ། = དོགས། (བསྐུངས་ཡིག་ཡིན་པར་མཁྱེན་པར་མཛོད) ༢༨ ལུཌ། = ལུགས། (བསྐུངས་ཡིག་ཡིན་པར་མཁྱེན་པར་མཛོད)
༢༩ གཉིས་ཀ = ཉིས་ག། (དག་བཅོས་བྱས་འདུག་ཀྱང་། བོད་རྒྱ་ཚིག་མཛོད་སོགས་འཕགས་བོད་ཀྱི་གཞུང་ལུགས་ཚད་ལྡན་ཆེས་མང་པོའི་ནང་གཉིས་ཀ་ཞེས་བྲིས་ཡོད་དོ)
༣༠ ཚེ་མ། མཚེ་མ།
༣༡ གླགས། =ལྷག (དག་བཅོས་བྱས་འདུག་པ་ནི། གླགས་ཞེས་པ་ལྷག་པའམ་བསྣན་པའི་དོན་ཡིན་པ་མ་ཤེས་པས་ནོངས་སོ) མཛོད་རང་འགྲེལ་ལས། གདོན་མི་ཟ་བར་འབྱུང་སྟེ། ས་མང་པོ་པ་བཅུ་དང༌། དགེ་བའི་ས་མང་པོ་པ་བཅུ་དང༌། རྟོག་པ་དང་དཔྱོད་པའོ། །ལ་ལ་དག་ཏུ་འགྱོད་པ་བསྣན། །དགེ་བའི་སེམས་ཐམས་ཅད་ལ་ནི་འགྱོད་པ་མེད་པས་གང་ལ་ཡོད་པ་དེར་དེ་ཉིད་ཀྱིས་གླགས་ན་སེམས་ལས་བྱུང་བ་ཉི་ཤུ་རྩ་གསུམ་འབྱུང་ངོ་། །ཞེས་གསུངས་པས་སོ། །གཞན་ཡང་མཛོད་རྩ་བ་ལས། འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །ཞེས་དང་། མཛོད་རང་འགྲེལ་ལས། སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཚད་ཇི་ཙམ་ཞེ་ན། གླང་ཆེན་སོགས་བདུན་ཅུས་གླགས་པའི་སྟོབས་ཡིན་ནོ། །ཞེས་སོགས་མང་དུ་གསུངས་སོ། །ཁྱོད་ཀྱི་ནོར་འཁྲུལ་འདི་འབྱུང་གཞི་ནི་ཁྱོད་ཀྱིས་བོད་རྒྱ་ཚིག་མཛོད་ཆེན་མོར་བལྟས་ནས་དེར་དེའི་གོ་དོན་མ་རྙེད་པ་ན། ནོར་འཁྲུལ་དུ་འོལ་ཚོད་བྱས་པ་དེ་རེད། མཁྱེན་དགོས་པ་ཞིག་ལ། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་མ་འཁོད་པའི་མ་ཚིག་འབུམ་ཕྲག་མང་པོ་ཡོད་པ་ཡང་མཁྱེན་པར་མཛོད་ཅིག དེས་ན་གླགས་པ་དང་། ཀླགས་པ་གཉིས་འབྲི་ཚུལ་ཙམ་ལས་དོན་གཅིག་ཡིན་པར་ཡང་ཤེས་པར་བྱའོ། །གླགས་པ་དང་། ཀླགས་པ། ལྷག་པ། བསྣན་པ། ཁྱད་འཕགས། ཕུལ་བྱུང་། ཧ་ཅང་རྣམས་འདིར་མིང་གི་རྣམ་གྲངས་སོ། །
༣༢ ཡར་བ། འཕར་བ། (དག་བཅོས་བྱས་འདུག་ཀྱང་། ཡར་བ་དང་འཕར་བ་གཉིས་དོན་འདྲ་ཞིང་། ཡུལ་སྐད་དུའང་འཕར་བ་ལ་ཡར་བ་ཞེས་ད་ལྟའང་འབོད་དོ། །མཛོད་རང་འགྲེལ་ལས་ཀྱང་། དཔེར་ན་ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བ་བཞིན་དུ་འཆི་བར་འགྱུར་བ་དེ་ལྟ་བུ་ནི་གཉིས་པའོ། །ཞེས་གསུངས་པས་ཀྱང་ཤེས་སོ། །འདི་ཡང་ཁྱོད་ཀྱིས་བོད་རྒྱ་ཚིག་མཛོད་ཆེན་མོར་འདིའི་གོ་དོན་མ་རྙེད་པས། འོལ་ཚོད་བྱས་པའོ) ༣༣ ཕར་བ། = འཕར་བ།
༣༤ སུན་འབྱུང་བྱ། = སུན་དབྱུང་བྱ། ཞེས་རྗེའི་དབུ་དགོངས་པ་རབ་གསལ་ལ་དག་བཅོས་བྱས་འདུག་ཀྱང་། དེ་མཐའ་གཅིག་ཏུ་ཡིག་ནོར་ཡིན་པར་ཁ་ཚོན་གཅོད་མི་ནུས་ཏེ། འབྱུང་བ། (ད་ལྟ་བ) འབྱུང་བ། (མ་འོངས་པ) བྱུང་བ། (འདས་པ) ཡིན་པའི་ཕྱིར་རོ། །འདི་ལ་བསམ་བློ་ཡག་པོ་བཏང་ན་ཡིག་ནོར་མིན་པ་ཡང་རིམ་གྱིས་ཤེས་པར་འགྱུར་རོ། །
༣༥ ཚེ་རངས་པར་འཚོའོ = ཚེ་རིངས་པར་འཚོའོ། །ཞེས་བཅོས་འདུག་ཀྱང་། དེ་ནི་“རངས་པར”ཞེས་པ་ཧྲིལ་པོ་དང་། གང་པོ། རངས་པོ་བཅས་ཀྱི་དོན་ཡིན་པ་མ་ཤེས་ཤིང་། མཐོང་རྒྱ་ཆུངས་པའི་སྐྱོན་ཏེ། འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། །ཉི་མ་གཉིས་སམ་གསུམ་དུ་ཞེས་བྱ་བ་ནི་ཉི་མ་རངས་པར་བགྲང་བས་ནི་གཉིས་སོ། །ཉི་མ་དུམ་བུ་བགྲང་བས་ནི་གསུམ་མོ། །ཞེས་གསུངས་པའི་ཕྱིར་རོ། །
༣༦ ཀྱལ་པ། = བཀྱལ་པ། འདི་ལ་དག་བཅོས་བྱས་འདུག་པ་ནི། འདི་གཉིས་གདམ་ང་ཡིན་པར་མ་ཤེས་པས་ནོངས་སོ། །འདུལ་བ་ལུང་གཞི་དང་། རྒྱ་ཆེར་རོལ་པའི་མདོ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་བཀའ་བསྟན་གྱི་གཞུང་ལུགས་བརྒྱ་ཕྲག་མང་པོར་ཀྱལ་པ་ཞེས་བྲིས་ཡོད་པའི་ཕྱིར་རོ། །
༣༧ སྙན་ངག = སྙན་དངགས། (ཡོངས་གྲགས་འདི་ལའང་དག་བཅོས་བྱས་འདུག ད་ཁྱོད་སྨྱོས་ཟིན་ཏམ། འདི་ཡང་གདམ་ང་ཡིན་པར་མ་ཤེས་སམ)
༣༨ འཇིགས་མ། = འཇིག་པ། འདི་ལ་ཁྱོད་ཀྱི་ནོར་བཅོས་བྱས་འདུག འཇིགས་མ་ཞེས་པ་བུད་མེད་ལ་འབོད་པའི་སྒྲ་ཡིན་པར་ཤེས་མི་འདུག འཇུག་པའི་རང་འགྲེལ་ལས། འཇིགས་མ་ཞེས་བྱ་བ་ནི་བུད་མེད་ཡིན་པས་འཇིགས་མ་ཞེས་བོད་པའོ། །ཞེས་ཤིན་ཏུ་གསལ་བར་གསུངས་སོ། །
༣༩ དེ་ཐོས་པ་ནས་ནང་དུ། = དེ་ཐོས་པས། ཞེས་འདི་ལ་ཁྱོད་ཀྱིས། ༼བརྗོད་མི་བདེ་བས་དང་པོ་ན། དེ་ཐོས་པས་ཞེས་ཡོད་པ་ལ་ཡིག་མཁན་གྱི་བསླད་ཞུགས་པ་ཡིན་ནམ་སྙམ༽ཞེས་ནོར་བཅོས་བྱས་འདུག ཁྱོད་ནི་དངོས་གནས་སྙིང་ཁམས་ཆེ་བ་ཞིག་སྟེ། “དེ་ཐོས་པ་ནས”ཞེས་པ་ནི་དུས་ཀྱི་ཁྱད་པར་སྟོན་པའི་སྒྲ་སྟེ། “དེ་ཐོས་པ་ནས་བཟུང་སྟེ” ཞེས་པའི་དོན་རེད། ད་ཁྱོད་གོ་རྒྱུ་ཡོད་པ་རྣམས་གོ་རྒྱུ་མེད་པར་བཟོ་བའི་ལས་ལ་ཅིའི་ཕྱིར་བྲེལ། རྗེའི་དགོངས་པ་རབ་གསལ་ལས། སོ་སོ་སྐྱེ་བོ་ལས་དང་པོ་པའི་དུས་ནའང་སྟོང་པ་ཉིད་ཀྱི་གཏམ་ཕྱིན་ཅི་མ་ལོག་པ་ཐོས་པ་ན། "དེ་ཐོས་པ་ནས"ནང་དུ་གཏམ་དེ་ལ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་བ་དང། རབ་ཏུ་དགའ་བ་དེ་ལས་བྱུང་བའི་མཆི་མས་མིག་བརླན་པ་དང་། ཞེས་གསུངས་པས་ཤེས་སོ། །
༤༠ གཏན་ལ་ཕེབས། = གཏན་ལ་འབེབས། ཁྱོད་ཀྱིས་༼འདིར་ཡི་གེ་པས་“ཕེབས”འཕྲལ་སྐད་བཅུག་པར་མངོན༽ ཞེས་འདི་ལ་ནོར་བཅོས་བྱས་འདུག་པ་ནི་ཤིན་ཏུ་མཚང་ཆེ་སྟེ། གཏན་ལ་ཕེབས་ཞེས་པ་ནི། གཏན་ལ་ཕབ་ཐུབ་པའི་དོན་ཏེ། དཔེར་ན་ལེན་ཐུབ་པ་ལ། ལོན་ནམ་ལོངས་ཞེས་པ་དང་། བཤད་ཐུབ་པ་ལ་ཤོད་ཟེར་བ་དང་། ཀློག་ཐུབ་པ་ལ་ལྷོགས་ཞེས་པ་ལྟ་བུའོ། །ཚིག་འདི་དག་ལ་ཚིག་གཞན་གྱིས་མི་འཐོན་པའི་གོ་རྒྱུ་དམིགས་བསལ་བ་ཞིག་ཡོད་པ་ཡང་ཤེས་པར་བྱའོ། །དཔེར་ན་བཀྱགས་ནས་ཁྱོག བཀླགས་ནས་ལྷོགས། བླངས་ནས་ལོངས། བཤད་ནས་ཤོད། སྤྲད་ནས་འཕྲོད། འཕངས་ནས་ཕོག གཏན་ལ་ཕབ་ནས་ཕེབས་སོགས་མང་དུ་ཡོད་དོ། །རྒྱལ་མཆོག་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ལས། རིམ་གྱིས་ཡི་གེ་བཤུར་མ་ཕྲན་བུ་ལྷོགས་པ་དང་བསྟུན་འཕྲོ་མ་རྣམས་དཔེ་ཐོག་ནས་ཁྲིད། ཅེས་གསུངས་པ་ལྟ་བུའོ། །ཚིག་འདི་དག་རྒྱལ་མཆོག་ལྔ་པའི་རང་རྣམ་ཙམ་ལས་གཞན་དུ་མི་སྣང་བ་ནི། ཡུལ་དུས་ཀྱི་དབང་གིས་རིམ་གྱིས་ཉམས་འགྲོ་བ་ཡིན་འདུག་གོ། རྗེའི་དགོངས་པ་རབ་གསལ་ལས། དེ་ལས་ཐ་དད་པས་སྟོང་པའི་སྟོང་བདག་མེད་དང། མི་རྟག་པ་ལ་སོགས་པ་བཅུ་དྲུག་ཏུ་ཚད་མས་གཏན་ལ་ཕེབས་པ་ནི་ངེས་པར་འོང་ལ། དེ་བྱུང་བ་ན་དེའི་གདུལ་བྱའི་གཙོ་བོ་རྣམས་ཀྱིས། དེ་ལ་ཤིན་ཏུ་གོམས་པར་བྱེད་པ་ཡང་འོང་ངོ་། །ཞེས་གསུངས་པ་ལ་བློ་གྲོས་ཞིབ་མོས་ཞིབ་ཏུ་དཔྱད་ན་གཏན་ལ་ཕེབས་ཞེས་པ་ཡིག་ནོར་མིན་པ་ཙམ་དུ་མ་ཟད་གོ་རྒྱུ་ཁྱད་པར་ཅན་ཡོད་པའང་ཤེས་པར་འགྱུར་རོ། །ད་དུང་རྗེའི་ལམ་རིམ་ཆེན་མོའི་ནང་། དགག་བྱ་ངོས་འཛིན་ཁྱབ་ཆུངས་པ། ཞེས་འདི་ལ་ས་མཐའི་ཡང་འཇུག་བསྣན་པའང་གོང་དང་འདྲ་བར་གོ་རྒྱུ་ཆེན་པོ་ཡོད། ཆུངས་ནི་ཆུང་དྲགས་པའི་དོན་ཏེ། འདི་ལ་ཆུང་ཞེས་པའི་ཚིག་གིས་མ་ཐོན་པའི་ནུས་པ་ཁྱད་པར་བ་ཞིག་ཡོད་པའང་གོང་དང་མཚུངས་སོ། །རྗེ་ཙོང་ཁ་པ་ཆེན་པོའི་ཚིག་ཟུར་རེ་རེར་ཡང་གོ་རྒྱུ་ཧ་ཅང་ཆེན་པོ་ཡོད་ཅེས། རྗེ་གུང་ཐང་པས་གསུངས་ཤིང་། གྲྭ་སའི་བགྲེས་པ་ཚོས་ཀྱང་ཡང་ཡང་གསུངས་ནས་གཙིགས་ཆེན་པོ་མཛད་པས། གཞུང་ཆེན་མོར་སྦྱང་པ་ལེགས་པོ་བྱེད་མ་མྱོང་བའི་གྲོང་གསེབ་པའི་ཕ་རྒན་ཁྱེད་ལྟ་བུས། རིག་གནས་འཁྱར་འཁྱོར་ཤེས་པའི་ང་རྒྱལ་གྱིས། རྗེའི་གསུང་རྩ་ཆེན་འདི་དག་ལ་ལག་རྩེད་བརྩེ་རྒྱུ་མཚམས་འཇོག་བྱེད་ན་མཛེས་སོ། །
ཁྱོད་སྐད་དག་པོ་དགོས་ཤེས་སྐད་ལོག་ལུང་པ་གང་རྒྱག་བཞིན་དུ། ༼འཇམ་དཔལ༽ལ་༼འཇམསེ་དཔལJamspal༽ཞེས་ལྐུག་པ་ཨུ་ཚུགས་ཅིའི་ཕྱིར་བྱེད། དེས་ན་ཁྱེད་ཀྱི་ཞུས་དག་འདི་ནི་ཡིག་ནོར་གྱིས་ཡོངས་སུ་གང་ནས་མགོ་ན་བ་ཞིག་འདུག་པས་རེ་ཞིག་དེ་ཙམ་དུ་བཞག་གོ། གོང་གི་དེ་ནི་ཁྱེད་ཀྱི་ཡིག་ནོར་གྱི་རྒྱ་མཚོ་ཆེན་པོ་དེ་ལས་ཆུ་ཐིགས་ཙམ་ཞིག་བླངས་པ་ཡིན་ནོ། །
དག་ཆ་གདམ་ང་ཅན།
སྒྲ་སྟངས་འདྲ་ཡང་འབྲི་སྟངས་མི་འདྲ་བ།
ཕྲིན། = འཕྲིན།
ཕྲེང་། = འཕྲེང་།
འབྲི་སྟངས་མི་འདྲ་བ་གཉིས།
སྙན་ངག = སྙན་དངགས།
ཡིག་གཟུགས་མི་འདྲ་བ་གཉིས།
སོཌ། = སོགས།
ལེཌ། = ལེགས།
རྗེས་འཇུག་དབང་གིས་འབྲི་སྟངས་གཉིས།
གཉིས་ཀ = གཉི་ག།
མཁས་དབང་རྒན་སྒོམ་སྡེ་ལགས།
ལ་དྭགས་བློ་བཟང་འཇམ་དཔལ་ཞུ་བ་འདི་བོད་པ་མིན་ཡང་། བོད་ཀྱི་རིག་གཞུང་ལ་བྱང་པ་ཆེ་བའི་མཁས་དབང་སྦས་པའི་བརྟུལ་བཞུགས་འཛིན་མཁན་ཞིག་རེད། རྒན་རྒོན་ཁོང་བོད་ཀྱི་སྐད་ཡིག་ཙམ་མ་ཟད་ཆོས་དང་རིག་གཞུང་ཐད་མཁྱེན་རྒྱ་ཆེ་བ་དང་། ཉམས་ལེན་དང་སྒྲུབ་པའི་ལག་འཇོག་ཀྱང་མི་ཆུང་བ་ཞིག་རེད། ༡༩༨༠ནང་ཨ་རིའི་ཀོ་ལོམ་སྦི་ཡའི་དགེ་རྒན་ཆེན་མོ་སྦོབ་ཐར་མན། ༼Bob Thurman༽ནས་གོང་ས་མཆོག་ལ་ཁོང་ལ་ཕྱག་སྦྲེལ་བོད་ཀྱི་ཆོས་དང་རིག་གཞུང་ལ་མཁས་པ། ལྷག་དོན་ཉམས་ལེན་གྱི་གནས་ལ་ལག་འཇོག་མི་ཆུང་བ། ད་དུང་ལེགས་སྦྱར་གྱི་སྐད་ལ་སྦྱངས་པ་ཡོད་པའི་མཁས་པ་ཞིག་ངོ་སྤྲོད་གནང་རོགས་ཞུ་སྐབས། གོང་ས་མཆོག་ནས་མཁས་པ་མང་པོའི་དཀྱིལ་ནས་ཁོང་ངོ་སྤྲོད་གནང་ནས། ཨ་རིར་ཕེབས་པའི་མཁས་དབང་འགྲེས་སོང་ཞིག་རེད།
ཁོང་གིས་ཀོ་ལོམ་སྦི་ཡའི་སློབ་གྲྭ་ཆེན་མོའི་ནང་ནང་ཆོས་དང་བོད་ཀྱི་རིག་གཞུང་། བརྡ་སྤྲོད་བཅས་སློབ་ཁྲིད་གནང་ནས་ལོ་ངོ་༣༠ཙམ་སོང་ཟིན། ནམ་ཡིནའང་། ཐུགས་སེམས་ཆུང་ཞིང་། བོད་ཀྱི་ཆོས་དང་རིག་གཞུང་སྐོར་ལ་བཀའ་འདྲི་ཞུ་སྐབས། ཐུགས་སེམས་ཆུང་ལ་ང་རྒྱལ་ཡོངས་སུ་སྤངས་ནས་སློབ་མ་ལ་རོགས་པ་གནང་མཁན་ལས། ཁོང་གིས་མཁྱེན་དོག་དང་འཇོན་པོ་ཡོད་པའི་རྣམ་འགྱུར་ཡེ་ནས་སྟོན་པར་མི་མཛད།
དམ་པ་ཁོང་གི་མཁྱེན་རྒྱ་ལྟ་བུར་དཔེ་མཚོན་བཀོད་ན། ནང་ཆོས་ཀྱི་སྐོར་ལ་འདྲི་བ་ཞིག་འབུལ་ན། གཞུང་འདིའི་རྩ་བ་བཀའ་འགྱུར་གྱི་པོད་གང་ལ་བཞུགས་པ། དེའི་འགྲེལ་བ་བསྟན་འགྱུར་གྱི་པོད་གང་གི་ནང་བཞུགས་པ། དེའི་འགྲེལ་པ་དང་ཡང་འགྲེལ་བོད་ཀྱི་ཆོས་ལུགས་མི་འདྲ་བ་ཁག་གི་མཁས་པ་སུ་དང་སུ་ཞིག་གི་གསུང་འབུམ་ནང་བཞུགས་པ་ཞིབ་ཕྲ་གསུང་ཡས་ཡོད། རྒན་ཁོང་ལེགས་སྦྱར་གྱི་སྐད་ལ་བྱང་པ་ཆེ་སྟབས། རྒྱ་གར་གི་དཔེ་ཆའི་ཐོག་ཡོད་པའི་ཕྱག་དཔེ་ཁག་ཐད་ཀར་རྒྱ་དཔེ་ལ་གཟིགས་ནས་སློབ་མར་འགྲེལ་བཤད་སྐྱོན་པ་ཉུང་ཉུང་མིན།
ཁོང་ལ་རྗེ་རིན་པོ་ཆེའི་དབུ་མའི་འགྲེལ་པ་ཟླ་གསལ་དང་འཇུ་མི་ཕམ་གྱི་དབུ་མ་རྒྱན་གྱི་རྩ་བ་གཉིས་ངག་ཐོག་ལ་ཡོད་སྟབས། ཕྱི་རྒྱལ་བ་མཁས་པར་རློམ་པ་ཚོས་གསར་རྙིང་གི་རྙོག་འདྲ་ཤོད་སྐབས། ཁོང་གིས་ཚིག་ཇི་མ་ཇི་བཞིན་སྐྱོར་ནས་འགྲེལ་བཤད་གནང་ཐུབ་མཁན་ཞིག་རེད། སྔོན་མ་རྒན་ཁོང་གིས་དུས་རབས་བཅུ་དགུའི་ཡས་མས་བྱུང་བའི་རྙིང་མའི་མཁས་པ་ཆེན་པོ་མཁན་པོ་གཞན་དགའ་ཞུ་བ་དེས་མཛད་པའི་གཞུང་ཆེན་བཅུ་གསུམ་གྱི་མཆན་གྱི་སྐོར་ལ་བཀའ་སློབ་གནང་དུས། མཁན་པོ་གཞན་དགའི་གསུང་འབུམ་ནས་སྐབས་ཐོག་སྐབས་ཐོག་ལ་གསུང་མང་པོ་ཞིག་ངག་ཐོག་ནས་སྐྱོར་ནས་གསལ་བཤད་གནང་གི་འདུག དཔལ་ས་སྐྱའི་སྐོར་ལ་བཀའ་འདྲི་ཞུས་ན། ཚེ་གཅིག་ས་སྐྱའི་ཆོས་ལ་སྦྱངས་པ་གནང་བ་ལྟ་བུའི་འཚོར་སྣང་སྟེར་ལ། བཀའ་རྒྱུད་ཀྱི་སྐོར་ལ་བཀའ་འདྲི་ཞུས་ན། དེ་ལྟ་བུའི་འཚོར་སྣང་ཡང་ཡོང་།
དེ་ལ་སོང་ཙང་། ཨ་རིའི་ནང་ཆོས་ལུགས་རིས་མེད་ཀྱི་བླ་མ་དང་མཁན་པོ་མང་པོས་ཁོང་ལ་བཀུར་བསྟི་ཞུ་ཞིང་། ཁོང་རྣམས་ཀྱི་ཆོས་ཚོགས་ལ་གདན་འདྲེན་ཞུས་པ་གྲངས་མེད། ཡིན་ནའང་། ཁོང་ནས་ད་བར་ཁང་ཆུང་ཞིག་གི་ནང་དུས་རྒྱུན་ཕྱག་དཔེ་གཟིགས་པ་དང་འཛིན་གྲྭའི་ནང་སློབ་ཁྲིད་ཀྱི་བྱ་བ་ཁོ་ནར་དབུ་འཁོར་ནས་བཞུགས་ནས། སློབ་མ་ཞིག་གི་ཤེས་བྱའི་སླད་དུ་གཟིགས་སྐྱོང་གཙོ་བོ་གནང་མཁན་གྱི་དགེ་རྒན་མཆོག་ཏུ་འགྱུར་བ་ཞིག་རེད། སྔོན་མ་ཁོང་གི་སློབ་མ་ཡིན་ཞིང་། ད་ལྟ་ཨ་རིའི་མཐོ་སློབ་ཀྱི་དགེ་རྒན་གནང་མཁན་ཞིག་གིས་གསུངས་པར། “རྒན་གྱིས་ཉིན་མ་བཅུ་ཙམ་དཔེ་ཆ་ལག་བཤུས་བརྒྱབ་ནས་ང་ལ་བསྐུར་མྱོང་”ཞེས་སེམས་འགུལ་ཆེན་པོས་བརྗོད་མྱོང་། དེ་ནི་སྔོན་མ་པར་བཤུས་འཁྲུལ་འཁོར་དཔེ་གཟུགས་བཤུ་ཐུབ་མཁན་དཀོན་ཞིང་། སློབ་མ་རྣམས་ལ་ཞིབ་འཇུག་རྒྱུ་ཆར་དཔེ་ཆ་མཁོ་ཆེ་སྟབས། མཁས་དབང་ཁོང་གིས་དཔེ་ཆ་དཀོན་པ་འགའ་ལག་བཤུས་བརྒྱབ་ནས་སློབ་མར་སྦྱིན་འདུག
མཁས་དབང་ཁོང་གིས་ད་བར་ཀོ་ལོམ་སྦི་ཡའི་དགེ་རྒན་ཆེན་མོ་ཞིག་གི་ལས་ཤག་གཡར་ནས་ཞུགས་པ་དང་། གཞན་གྱི་འབུལ་བའི་དངུལ་དང་ཁོང་གི་གླ་ཆ་མང་ཆེ་བ་ཧི་མ་ལ་ཡའི་ཁུལ་ལ་སློབ་གྲྭ་དང་བཤད་གྲྭ་ལ་ཞལ་འདེབས་གནང་བར་མཛད། “ཁང་པ་གཡར་ནས་བསྡོད་ན་མི་རྟག་པ་དྲན་སྐུལ་ཤུགས་ཆེ་བ་ཡོང་། ལུས་གནས་གཙང་ལྟ་བུར་སྒོམ་པ་ལྟར། སྡོད་གནས་ཀྱང་གནས་སྐབས་གནས་སྐབས་གཡར་ནས་སྡོད་ཐུབ་ན་སེམས་ལ་ཕན་པ་ཆེ་”ཞེས་རྒྱུན་དུ་གསུངས་།
རྒན་རྒོན་ཁོང་༡༩༥༠གོང་ལ་གཙང་བཀྲིས་ལྷུན་པོར་ཕྱག་དཔེ་གཟིགས་ཤིང་། རྗེས་ལ་རྒྱ་གར་ནང་སམ་ཊི་ཏ་དང་རིག་གནས་གཞན་གཟིགས་འདུག ལྷག་པར་དུ། རིས་མེད་ཀྱི་སྐྱེ་ཆེན་དུ་མའི་ཞབས་ལ་གཏུགས་ནས་བོད་ཀྱི་ཆོས་རྒྱུད་སྤྱི་ལ་མཁས། ཕ་ཡུལ་ལ་དྭགས་ཡིན་རུང་། སྐུ་ཚེ་གང་པོར་བོད་ཀྱི་རིག་གཞུང་ལ་གཅེས་སྤྲད་དང་ཤ་བཞེན་ཁོ་ནས་སྐུ་ཚེ་སྨིན་པར་ཞུགས་སྟབས། རྒྱལ་བ་རིན་པོ་ཆེས་ག་དུས་ཁོང་མཇལ་ནའང་། “རྒན་ཐུགས་རྗེ་ཆེ།”ཞེས་ཡང་སེ་གསུངས་པ་གོ་མྱོང་།
འདིར་ང་ཚོ་བོད་པ་ཚོས་མ་ཤེས་པར་བོད་ཀྱི་རིག་གཞུང་ལ་བཀའ་འདྲིན་ཆེ་བའི་ཧི་མ་ལ་ཡའི་མི་རིགས་རྣམས་ལ་ཚིག་རྩུབ་སྦྱིན་ན་འདི་ཆོས་དང་འཇིག་བརྟེན་གཉིས་ཀ་དང་མི་མཐུན་པས་གུས་པས་ངོ་སྤྲོད་ལྟ་བུར་འདིར་འབུལ་བ་ལགས།
ད་ཐེངས་སྒོམ་སྡེ་འདི་བཙན་སོང་དྲན། ངེད་ཀྱང་བློ་བཟང་འཇམ་དཔལ་ལགས་སུ་རྒྱུས་མངའ་ཆེན་པོ་མེད། དུས་བབ་ཏུ་ལས་ཀ་བྱེད་སྐབས་ཁོང་གིས་དག་བཅོས་ཀྱི་སྐོར་ལ་ཡི་གེ་བཏང་བ་དྲན་གི་འདུག ཁོང་ལ་ལན་གཅིག་མཇལ་མྱོང་དྲན། གང་ལྟར་མཁས་པ་རྒན་པའི་གྲས་རེད། མཁས་པ་རྒན་པ་རྣམས་རྒྱ་ལ་ནོར་འཁྲུལ་བྱུང་ཡོད་ཀྱང་གུས་ཞབས་ཀྱི་ཆ་དམའ་མི་རུང་དྲན། ཉིད་བརྡ་དག་གི་སྐོར་ལ་རྒྱུས་ཡོད་ཙམ་དུ་མ་ཟད་ཧ་ལམ་ཆེད་ལས་ཀྱང་བརྡ་དག་གི་སྐོར་ལ་གནང་བཞུགས་མཁན་ཞིག་གི་ངོས་ནས་ ཚིག་བཙན་པོའམ་གུས་ཞབས་མེད་པའི་ཚིག་དེ་འདྲ་ནི་ཧ་ཅང་མ་འོས་པ་ཞིག་ཏུ་མཐོང་། འདི་ཕྲན་གྱི་ཚོར་སྣང་ཡིན།
ད་དྲི་བ་གཉིས་ཡོད། དང་པོ་གླགས་ཞེས་པའི་སྐོར་དེ་ཡིན། རྟེན་འབྲེལ་བསྟོད་པ་ལས། །ཁྱོད་ཀྱིས་ཇི་ལྟར་བསྟན་པ་ལ། །རྒོལ་བ་འགས་ཀྱང་ཆོས་མཐུན་དུ། །གླགས་མི་རྙེད་པར་གསུངས་པ་ཡང༌། །འདི་ཉིད་ཀྱིས་ནི་ལེགས་པར་འཁུམས། ། ཞེས་པའི་གླགས་ཀྱི་གོ་དོན་ཅི་རེད།
གཉིས་པ་དེ་ སྙན་དངགས་དང་སྙན་ངག་གི་ཁྱད་པར་དེ་རེད། ལུང་ཇི་བཞིན་མི་དྲན། མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ་གྱི་དབུ་ན་དེའི་ཁྱད་པར་ཞིག་ཕྱེས་ཡོད་དྲན། དེ་བཞིན་དཔང་ལོའི་སྙན་འགྲེལ་ན་ཡང་ཚིག་འདིའི་གོ་དོན་ཞིག་གམ་ཡང་ན་ནང་དོན་ཞིག་བཀྲལ་ཡོད་པ་འདྲ་ཞིག་དྲན། དེ་ཚོ་གཟིགས་རྒྱུ་བྱུང་ངམ།
སྒོམ་སྡེ་ལགས་སུ་དྲི་བར་བྱ་བ་བཞི་གསུམ་བཅུ་གཉིས་ཞེས་བྱ་བ་བཞུགས་སོ།
༡ བཀྱགས་ནས་ཁྱོགས། ཁྱོགས་ལ་འཕྱང་། ཟེར་ནས་འབྲི་བ་ནི་ཁྱོག་ལས་ཁྱབ་ཆེ་བར་སྙམ།
༢ བླངས་ནས་ལོན་དང་བླངས་ནས་ལོངས་གཉིས་དོན་དག་མ་འདྲ་བ་གཉིས་མ་ཡིན་ནམ། སྔོན་མ་དེ་བླངས་ནས་ལེན་ཐུབ་པ་བྱུང་བ་དང་། རྗེས་མ་དེ་བླངས་ནས་གྲངས་ཀ་ལོངས་པའི་དོན་མ་ཡིན་ནམ།
༣ གཙིགས་ཆེན་པོ་མཛད། ཁྱོད་ཀྱིས་ང་ལ་དགག་པ་ལྟར། དངོས་གནས་གཙིགས་ཆེན་པོར་མཛད་ཟེར་ནས་འབྲི་དགོས་པ་འདྲ།
༤ སོ་སོ་སྐྱེ་བོ་ལས་དང་པོ་པ་ཟེར་བ་དེ་སོ་སོའི་སྐྱེ་བོ་ལེའུ་དང་པོ་པ་མ་ཡིན་ནམ།
༥ སྟོང་པ་ཉིད་ཀྱི་གཏམ་ཕྱིན་ཅི་མ་ལོག་པ་ཐོས་པ་ན་ཟེར་བ་དེ། སྟོང་པ་ཉིད་ཀྱི་གཏམ་ཕྱིན་ཅི་མ་ལོག་པར་ཐོས་པ་ན་མ་ཡིན་ནམ། ར་ཡོད་མེད་གཉིས་ཀྱི་དོན་དག་ལ་ཁྱད་པར་འདུག
༦ མཚམས་འཇོག་བྱེད་ན་མཛེས་སོ་ཟེར་བ་དེ། མཚམས་འཇོག་བྱས་ན་མཛེས་སོ་མ་ཡིན་ནམ།
༧ སུན་འབྱུང་བྱ་དེ་དངོས་གནས་སུན་དབྱུང་བྱ་ཞེས་བྲིས་ན་ཁུངས་བཙུན་པར་འདོད། སྒོམ་སྡེ་བཙན་དྲགས་པ་རེད་མ་གཏོགས། འདི་འཇམ་དཔལ་དག
༨ མཛད་གྲོགས་ཤེས་ཟེར་ན་རྩ་ནས་བརྗོད་བདེ་བོ་མི་འདུག འདི་འཇམ་དཔལ་དག
༩ དོན་གཅིག་ཡིན་པར་ཡང་ཤེས་པར་བྱའོ།། དོན་གཅིག་ཡིན་པ་ཡང་ཤེས་པར་བྱའོ་མ་ཡིན་ནམ།
༡༠ ཨ་མདོའི་སྐད་ལྟར་ན། ཡར་བ་དང་འཕར་བ་གཉིས་ཀྱི་དོན་མི་འདྲ། གནམ་ལ་ཡར་རྒྱུ་ཁོ་ན་མིན་པར་འཕྲེད་དུ་ཡར་རྒྱུ་ཡང་ཡོད་པ་རེད།
༡༡ ཉི་མ་རངས་པར་བགྲང་བས་ནི་གཉིས་སོ། །ཉི་མ་དུམ་བུ་བགྲང་བས་ནི་གསུམ་མོ། ། ཞེས་པའི་རངས་པར་བགྲང་ལ་ར་ཡོད་པ་དང་། དུམ་བུ་བགྲང་བས་ནི་གསུམ་མོ་ཟེར་བའི་དུམ་བུ་ལ་ར་མེད་དོན་ཅི། དང་པོ་སྐྱེས་དུས་ནས་ར་མེད་པའི་ཨ་ཡུ་ཞིག་ཡིན་ནམ། ཡང་ན་ར་དེ་རྐུན་མས་བརྐུས་པ་རེད།
༡༢ སོཌ་དང་ལེཌ་སོགས་ནི་དབུ་མེད་ནང་འབྲི་སྲོལ་ཡོད་པ་ལས། དབུ་ཅན་ནང་ལ་མ་དག་རྒྱུན་འབྱམས་སུ་ཕྱིན་པར་བརྗོད། འདི་ལས་འཕྲོས་ཏེ་མ་དག་པ་གཞན་ཞིག་ཡོང་བཞིན་པ་ནི། ཧྰུྃ་ཧྰུྃ་ཕཊ་ཕཊ་ལ་ཕགས་ཕགས་ཞེས་འབྲི་བཞིན་པ་ལྟར་རོ། མ་དག་པས་མ་དག་པ་ཁྲིད་ན་དེ་འདྲ་རེད།
ཨ ཨ ཨ ད་ངོ་མ་བལྟ་བརྒྱུ་ཡོད་ཀི ད་ཐེངས་ད་སྒོམ་སྡེ་བ་འཁྱར་རེ་འཁྱོར་རེ་འདྲ་བཟོས་ཡོད་ས་ཡོད་ཀོ་་་ ཧ ཧ ཧ ཧ
སྒོམ་སྡེ་པ་ལགས་་་ ཁྱེད་ཀྱི་བཀའ་ལན་ཚ་བོ་དེར་སྒུག་ཡོད།
ལ་དྭགས་བློ་བཟང་འཇམ་དཔལ་སོགས་གོང་ན་སུ་བཞུགས་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཆོས་དང་མཐུན་པའི་ཐུགས་ཀྱི་བཞེད་དོན་ཡོངས་སུ་འགྲུབ་པར་སྨོན་ཞུ།
དགེ་འདུན་རབ་གསལ་ལགས། ལགས་སོ། །
སྤྱིར་བཏང་རྟགས་གསལ་གཏོང་དུས་དང་བགྲོ་གླེང་བྱེད་དུས་ཚིག་མཐོ་དམའ་ཕྲན་བུའི་ཕྲན་བུའི་ཡོང་གི་རེད། ངེད་ནས་གཙོ་བོར་ཁོང་རང་གི་རྩོམ་དེ་ལ་བལྟས་ན་རིན་ཐང་བརྒྱབ་པ་ཡིན། དེ་ལ་ནི་ནོར་འཁྲུལ་ཧ་ཅང་མང་པོ་འདུག གཞུང་ཆེན་མོ་སྤྱི་དང་ལྷག་པར་རྗེའི་གསུང་ལ་འོལ་ཚོད་ཀྱིས་ལོག་བཤད་བྱས་ཏེ་དག་པ་དེ་མ་དག་པར་བཟོས་པ་དེར་རྩ་བ་ནས་བཟོད་ཐུབ་མ་སོང་། གྲྭ་སའི་བགྲེས་པ་ཚོས་ཀྱང་རྗེའི་གསུང་གི་ཆ་ཤས་ཙམ་ལའང་འགྱུར་བཅོས་བཏང་ན་བཀའ་བཀྱོན་ཚད་མེད་གཏོང་གི་རེད། དེ་ལ་དགོས་པ་ཆེན་པོ་འདུག འོལ་ཚོད་བྱས་ན་སྡིག་པ་ཡང་ཆེན་པོ་རེད།
གཞུང་ཆེན་མོར་གཏིང་ཚུགས་པའི་གོ་བ་རྣལ་མ་ཞིག་མ་ཆགས་པར་སུམ་རྟགས་ཤེས་པ་ཙམ་གྱིས་ཞུས་དག་བྱེད་ན་གཏན་ནས་འགྲིག་གི་མ་རེད། གཞུང་ཆེན་མོའི་གོ་བ་ལེགས་པོ་མེད་ལ་སུམ་རྟགས་ཕྲན་བུའི་ཤེས་མཁན་དེ་ཚོས་མགོ་ལོག་ཆེན་པོ་བཟོ་གི་རེད། དེ་བས་གྲྭ་སར་སྐབས་རེར་ཞུས་དག་བྱེད་དུས་དཔེ་ཆ་དང་རིག་གནས་མི་ཤེས་མཁན་གཉིས་ཀྱིས། དཔེ་དག་པ་ཞིག་རག་ཐབས་བྱས་ཏེ། ཅིག་གིས་སྦྱོར་ཀློག་རྒྱག ཅིག་ཤོས་ཀྱིས་ཡིག་འབྲུ་རེ་རེ་ནས་དེད་དེ་ཞུས་དག་བྱེད་སྲོལ་ཞིག་འདུག སྔོན་མ་དེ་ལ་གད་མོ་འཆོར་གྱི་ཡོད། ད་ལྟ་བྱེད་དུས་དེ་ལུགས་སྲོལ་དམན་པ་རང་རེད་མི་འདུག ཤེས་མདོག་བྱས་ནས་མགོ་ལོག་བཟོ་མཁན་དེ་ཚོ་ལས་དེ་ཞེ་དྲག་གི་ཡག་གི་རེད།
༡ དྲིས་ལན༽ རྗེའི་རྟེན་འབྲེལ་བསྟོད་པ་ལས། །ཁྱོད་ཀྱིས་ཇི་ལྟར་བསྟན་པ་ལ། །རྒོལ་བ་འགས་ཀྱང་ཆོས་མཐུན་དུ། །གླགས་མི་རྙེད་པར་གསུངས་པ་ཡང༌། །འདི་ཉིད་ཀྱིས་ནི་ལེགས་པར་འཁུམས། །ཞེས་པའི་གླགས་ཀྱི་གོ་དོན་ནི། ཐུབ་པའམ་གོ་སྐབས་ཐོབ་པའི་དོན་རེད།
སྤྱིར་བཏང་གླགས་ལ་གོ་དོན་མི་འདྲ་བ་བཞི་ཙམ་ཡོད་རེད།
གླགས། ❶ གོ་སྐབས། དུས་ཚོད། དུས་སྐབས། གླགས་འཚོལ་ཞེས་པ་ལྟ་བུ། ❷ དྲལ་བའམ་ཕུག་པའི་དོན། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། གླགས་པ་ནི་གླགས་སམ་དྲལ་བའམ་ཕུག་པར་གྱུར་པའོ། །ཞེས་གསུངས་སོ། །
❸ བསྲན་པ། ཐུབ་པ། ཐབས། བཟོད་པ། སྡུག་བསྔལ་བཟོད་གླགས་མེད་པ་ཞེས་པ་ལྟ་བུ། ❹ ལྷག་པ། བསྣན་པ། ཕུལ་བྱུང་། ཁྱད་འཕགས་བཅས་ཀྱི་དོན།
༢ དྲིས་ལན༽ སྙན་ངག་དང་སྙན་དངགས་ཀྱི་ཁྱད་པར་གཞུང་ཆེན་མོའི་ནང་མ་མཐོང་ཡང་། བརྡ་གསར་རྙིང་གི་ཁྱད་པར་ཙམ་ཞིག་ཡིན་ནམ་སྙམ་ཡང་དཔྱད།
མདའ་ཚན་པ་ལགས།
ད་རེས་ཁྱེད་ཀྱིས་ང་ལ་དྲི་བ་འགའ་ཤས་མ་གཏོགས་ཡིག་ནོར་གཅིག་ཀྱང་འདོན་རྒྱུ་རག་མི་འདུག ཨ་ཁྱད་མཚར་ག་རེ་ཡིན་ན། ཧུམམམམ། ཀུ་རེ་ཡིན་ད།
ཁྱེད་ཀྱི་དྲི་བ་དེ་ཚོར་སང་ཉིན་ལན་འབུལ་གྱི་ཡིན། ད་གཟིམ་འཇགས་ཡོང་གོ
སྒོམ་སྡེས་གདན་སའི་དཔུང་ངོམས་བྱས་བྱུང་ང་། ད་ཁྱད་མི་འདུག ཁྱེད་ཀྱིས་གླགས་ཀྱི་གོ་དོན་བཞི་གསུངས་པའི་དང་པོ་དང་གསུམ་པ་གཉིས་ནི་ངེད་ཀྱི་སེམས་ནང་ཡོད་པ་དེ་ཡིན། ད་དུང་ཁྱེད་ལྟར་བཀྲལ་ན་ཚིག་གིས་ཐེག་དཀའ་བའི་ནང་དོན་བཀལ་འདུག་བསམས། གསུམ་པ་དེ་བྱ་ཚིག་གི་ཚུལ་དུ་སྤྱད་འདུག་མོད་ད་དུང་ཡིད་ལ་འགྲོ་དཀའ། བཞི་བ་ནི་ཆེས་རིང་དུ་གདའ་འོ་སྙམ། ད་ཁྱེད་ཀྱིས་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་མང་པོ་དྲངས་ཡོང་གི་འདུག དེས་ན། པར་མ་གང་ཡིན་པ་ཡང་མཉམ་དུ་གསུངས་རོགས། དེ་མིན་མདོ་རྒྱུད་བསྟན་བཅོས་ཡིན་ཚད་ཀྱིས་ཁུངས་དག་པར་མི་འགྲུབ། བརྒྱད་སྟོང་པ་ལ་མཚོན་ན་དཔར་སྐྲུན་མ་མཛད་གོང་དུ་འགྱུར་བཅོས་བརྒྱད་ཡིན་ནམ་ཅིག་བྱས་པ་རེད། ལར་ནས། ཤིང་པར་འདི་དག་རྗེའི་སྐུ་དུས་སུ་གཞི་ནས་བྱུང་བ་རེད། དེ་བས་དག་ཆ་བཤད་སྐབས་པར་མ་གང་ཡིན་དེས་ཁྱད་ཆེན་པོ་འབྱིན་པ་རེད།
སྙན་ངག་ནི་བཅད་ལྷུག་སྤེལ་མའི་ལུས་སུ་བྲིས་པའི་རིགས་དང་སྙན་དངགས་ནི་མེ་ལོང་མ་སོགས་བསྟན་བཅོས་ལ་འཇུག་ཅེས་པའི་འགྲེལ་ཅིག་ངའི་རྣ་བར་བྱང་འདུག
དྲི་བ་བཅུ་གཉིས་པའི་ཁ་སྣོན།
༡༣ ཕྲན་བུའི་ཕྲན་བུའི་ཡོང་གི་རེད་ཅེས་པའི་ནང་གི་འི་སྒྲ་དོན་གང་ལ་འཇུག
༡༤ མགོ་ལོག་ཆེན་པོ་བཟོ་དང་གོ་ལོག་ཆེན་པོ་བཟོ་གཉིས་ལས་གང་དག གོ་བ་ཡག་པོ་མེད་པ་ཞིག་གིས་གོ་བ་མ་ལོན་པར་ལོག་འགྲེལ་བྱས་ན་གོ་ལོག་བཟོས་པ་མ་ཡིན་ནམ།
༡༥ ཅིག་གིས་སྦྱོར་ཀློག་རྒྱག ཅིག་ཤོས་ཀྱིས་ཡིག་འབྲུ་རེ་རེ་ནས་དེད་དེ་ཞེས་པའི་ཅིག་གིས་ཟེར་བ་དེ། གཅིག་གིས་མ་ཡིན་ནམ། ཡང་། ཅིག་གིས་སྦྱོར་ཀློག་རྒྱག་ཟེར་ནས་རྒྱག་ད་ལྟ་བ་འབྲི་བ་དང་། ཅིག་ཤོས་ཀྱིས་ཡིག་འབྲུ་རེ་རེ་ནས་དེད་དེ་ཞེས་དེད་འདས་པ་འབྲི་དགོས་དོན་ཅི་ཡིན་ནམ། སྦྱོར་ཀློག་རྒྱག་མཁན་གྱིས་སྦྱོར་ཀློག་རྒྱབ་མ་ཚར་བ་ལ་ཞུ་དག་གཏོང་མཁན་ནས་ཡིག་འབྲུ་རེ་རེ་ནས་དེད་ཚར་བ་དེ་ཡང་ཡ་མཚན་ཆེ།
༡༦ གླགས་མི་རྙེད་པའི་གླགས་དེ་ཐུབ་པ། བཟོད་པ། བསྲན་པའི་དོན་ལ་འཇུག་པའི་དཔེ་ཞིག་ཞོག་དང་། བཟོད་གླགས་མེད་པའི་གླགས་དེ་གོང་བཞིན་བཟོད་པའི་གོ་སྐབས་བྲལ་བའི་དོན་མ་ཡིན་ནམ།
ང་ནི་གཞུང་ཆེན་པོ་སྦྱོང་མཁན་ཞིག་མིན་པས་གོ་ལོག་མ་བཟོས་པའི་ཆེད་དུ་གོང་གསལ་གྱི་དྲི་བ་བཅུ་དྲུག་གི་ཁར་དེ་རིང་གི་དྲི་བ་བརྒྱད་བཞག་ནས་དྲི་བ་ཉི་ཤུ་རྩ་བཞི་བོ་འདི་དེ་རིང་ང་ཚོས་དག་ཆའི་སྐོར་གླེང་བའི་སྐབས་དང་བསྟན་ནས་དྲིས་པ་ཡིན་ལགས།
སྒོམ་སྡེ་ལགས།
གཤམ་གྱི་ཚིག་ཕྲེང་འདིར་གསལ་བའི་ “ཕྲན་བུའི་ཕྲན་བུའི་”ཞེས་པའི་ “འི་”འདི་ག་རེ་རེད།
“སྤྱིར་བཏང་རྟགས་གསལ་གཏོང་དུས་དང་བགྲོ་གླེང་བྱེད་དུས་ཚིག་མཐོ་དམའ་ཕྲན་བུའི་ཕྲན་བུའི་ཡོང་གི་རེད།” འདིའི་ཁུངས་འདུལ་བ་ལུང་ཕྲན་ཚེགས་སོགས་ནས་བཏུས་ཏེ་གསུངས་རོགས་གནང་།
༼གླགས༽་ཀྱི་འགྲེལ་བཤད་ལ་ཁ་སྣོན་འབུལ་བ།
༡ གླགས་རྙེད་དང་མི་རྙེད་ཀྱི་སྐབས་དག་ལ་ནི། འགྲན་གྱི་དོ་ཡོང་དང་མི་ཡོང་དང། ཡང་ན། སྒྲུབ་ཐུབ་མི་ཐུབ་ཀྱི་དོན་ཅན་དུ་འཇུག
༢ འཇུག་པའི་མཚམས་དང་བུ་ག་ལའང་འཇུག་པར་རྡ་ཡིག་བློ་གསལ་མགྲིན་རྒྱན་དུ་གསལ།
༣ གླགས་ཞེས་བྱ་བ་ནི་ཉེས་པ་དང་བུ་ག་ཞེས་བྱ་བའི་དོན་ནོ་ཞེས་བརྒྱད་སྟོང་འགྲེལ་ཆེན་ན་གསལ།
༤ སྐབས་དང་ཐབས་དང་བར་མཚམས་ལའང་འཇུག་ཅེས་བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ་ན་གསལ།
༥ གླགས་བཅད་ཅེས་པའི་སྐབས་སུ་ནི་ཚོད་ལྟ་བྱས་པ་ལ་འཇུག་པ་སྟེ། འདི་དག་ནི་ཉིན་མོ་བསོད་སྙོམས་པའི་ཆ་བྱད་ཀྱིས་གླགས་བཅད་ནས་ནུབ་མོ་རྐུར་འོང་ངོ་ཞེས་ཡོད།
༦ སྐབས་མཚམས་འགར་ནི་གོ་སྐབས་ལ་འཇུག་པའི་སྐབས་ཀྱང་ཡོད།
དྲ་གྲོགས་ཚོར་དཔྱད་གཞིའི་ཆེད་དུ་ཕུལ་བ་ལགས།
དགོངས་དག སྐབས་དང་བསྟན་ནས་མ་རེད་སྐབས་དང་བསྟུན་ནས་རེད།
སྒོམ་སྡེ་ལགས། གཟིམས་མ་གནང་བར་གློག་ྐླད་མདུན་ལ་ཡོང་རོགས།
དགེ་འདུན་རབ་གསལ་དང་རྡོར་དབང་། མདའ་བཙན་པ་གསུམ་གྱི་མཉམ་དུ་བགྲོ་གླེང་གནང་རོགས།
བྱིས་བ་ང་ཚོས་དོ་དགོང་ཁྱེད་ཚོའི་བགྲོ་གླེང་ལ་བལྟ་ཉན་བྱེད་ན་འདོད་གི་ འདི་བྱིས་བ་ཚོའི་རེ་བ་ཡིན།
ངས་གོ་མྱོང་བའི་ལ་དྭགས་ཀྱི་ཡུལ་སྐད།
ཇུ་ལེ། མཛའ་བོས་རྩོད་པ་འདི་རྨ་རྒྱ་ལ་འཁྱོངས་འདུག ཁམས་བཟང་ལེ།
རྗོད་པ་འདི། དག་མ་དག་ད་ལྟ་གསལ་པོ་མི་དྲན་ཡང་། དོན་རོབ་ཙམ་བསྒྱུར་ན།
བཀྲ་ཤིས་བདེ་ལེགས། གྲོགས་པོས་རྩོད་པ་ཡག་པོ་ཞེ་དྲགས་ཅིག་འཁྱེར་ཡོང་འདུག བཞུགས་གདན་འཇགས།
ལ་དྭགས་པ་འཇམ་དཔལ་ལགས་ནི། ལ་དྭགས་ན་མི་སྐྱ་རྒན་རབས་པ་མཁས་པ་བཞི་གྲངས་ཤིག་ཡོད་པ་དེ་གྲས་ཀྱི་གཅིག་རེད། ལོ་ཤས་གོང་ལ་དྭགས་པ་མི་སྐྱ་མཁས་པ་བཞི་གྲས་ཀྱི་གཅིག་ལ་མཇལ་མྱོང་། ཡང་ལ་དྭགས་པ་ངོ་ཤེས་འགའ་ཡང་ཡོད་པ་ཁོང་ཚོ་ལས་གང་ཤེས་ཞེ་ན། ལ་དྭགས་པས་ཡི་གེ་བཀླགས་པའི་སྐབས་ན་སྔོན་རྗེས་མགོ་འདོགས་ཀྱི་རིགས་གང་འཚམ་ཞིག་ནི་ཕྲལ་ནས་ཀློག་སྟངས་ཤིག་འདུག་པ་སྙན་སེ་བ་ཞིག་བྱུང་། སྔོན་གྱི་དུས་ན་འདི་ལས་དག་པའི་ཀློག་གདངས་ཡོད་མཆི་སྙམ་པའང་ཤར་བར་བྱས། ཕྱིས་ན་ལ་དྭགས་པ་ཚོས་བྲིས་པའི་དེབ་༼ལ་དྭགས་རྒྱལ་རབས༽་སོགས་དེབ་ཁ་ཡར་བཀླགས་པའི་སྐབས་ན། བྲིས་ནོར་དུ་བྱས་པ་མང་པོ་ཞིག་འདུག་པ་དེ་དག་བསྐྱར་དུ་ཁོ་པ་ཅག་ལ་ཀློག་བཅུག དེ་ནས་ཡི་གེར་ཕབ་ཏུ་བཅུག་པས་ཁྱད་ཤོར་གྱི་ཡོད་པ་དེ་ཡང་ཤེས། དེ་ནི་ཡི་གེ་གང་ཞིག་ཁ ནས་ཀློག་གིན་ཀློག་གིན་ལ་བྲིས་པས་དག་ཆའི་ནོར་བ་ཉུང་བ་དང་། ཁ་ནས་མ་བཀླགས་པར་བྲིས་པས་མ་དག་པ་མང་དུ་འབྱུང་གི་ཡོད་པའི་གནད་ཅིག་ཀྱང་ངོ་འཕྲོད་པར་གྱུར། ད་ནི་ངས་ཅི་བཤད་བསམ་པའི་གནད་ནི། སྔོན་གྱི་མཁས་པ་དག་གི་བརྩམས་ཆོས་ལ་ཞུས་དག་གི་སྐབས་སུ། སྔོན་གྱི་མཁས་པ་དེ་དག་གི་བཞེད་པ་དེ་ཤེས་པའི་ཐོག་ནས་ཞུས་དག་གནང་དགོས་པ་དེ་ཡིན། གང་ལ་ཟེར་ན། སྔོན་ནས་ད་ལྟའི་བར། ང་ཚོར་བྱ་ཚིག་གི་འགོད་སྟངས་ལ་བཞེད་པ་མང་བ་ནང་བཞིན་གྱི་བྲི་སྟངས་སྣ་ཚོགས་ཡོད། དེ་ཚོ་ནི་མཁས་པ་སོ་སོ་སོ་སོའི་བཞེད་པ་དང་བསྟུན་དགོས་པ་ལས། ད་ལྟའི་ཞུས་དག་པའི་ངོར་འགྲིག་པར་བཅོས་པ་ཙམ་ལ་ཞུས་དག་ཆགས་དང་མི་ཆགས་སྣ་ཚོགས་པ་འོང་། དཔེར་ན། ད་ཆ་ལ་དྭགས་འཇམ་དཔལ་ལགས་ནས་རང་གི་ལྟ་སྟངས་ཁོ་ནས་གཞན་ལ་ཚད་འདེབས་བྱས་ཏེ། དག་པ་མང་པོ་ཞིག་མ་དག་པར་བྱས་འདུག་པ་འདི་འདྲ་ལགས། ཁོང་གིས་རྩོམ་དུམ་དེའི་དབུར་བཀོད་པའི་ཚིག་ཕྲེང་དག་བཀླགས་ན། ལྷག་བསམ་དང་ཀུན་སློང་ལ་ལྷད་མེད་པ་ཤེས་ཐུབ་པར་འདུག་ནའང་། དངོས་གཞི་ཞུས་དག་གི་སྐབས་སུ་སེམས་ལ་གང་དྲན་ལག་ནས་གང་ཐོན་ལྟ་བུ་བྱས་འདུག་སྟབས། མཁས་པ་སྒོམ་སྡེ་བས་ངལ་བ་འཛེམ་མེད་ཀྱིས་དག་ཐེར་གནང་བ་འདི་ལྟ་བུ། ང་ཚོས་ཡང་སེ་ཡང་སེར་གནང་ཐུབ་པ་ཡིན་ན། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་པའི་ཕྱོགས་སུ་གོམ་པ་མང་ཙམ་སྤོ་བར་ཏན་ཏན་ཕན་གྱི་རེད་ཅེས་ཞུ་སྙིང་འདོད།
དེ་རིང་བརྡ་སྤྲོད་ཀྱི་སྐོར་ནས་གླེང་མོལ་ཡག་པོ་ཞིག་གནང་འདུག མཁས་དབང་རྣམས་ལ་ཐུགས་རྗེ་ཆེ་ཞུ།
སྔོན་ཞིག་ལ་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་ཀྱིས་སུམ་རྟགས་ཀྱི་སྐོར་ནས་དེབ་ཅིག་བྲིས་ཡོད་པ་མཐོང་མྱོང་། དེར་པ་བ་པོ་བོའི་སྐོར་ནས་ཧོར་འཇིགས་ཀྱིས་དགག་ཡིག་ཅིག་བྲིས་པའང་མཐོང་མྱོང་། ཡང་བསྐྱར་དེ་ལ་དགག་ལན་ཞིག་ཀྱང་ཡོད་པར་དྲན། གང་ལྟར་དེ་དག་ལ་བསྐྱར་དུ་མཇལ་རྒྱུ་རེག་ན། ཕྲན་གྱིས་ཀྱང་དེ་དང་འབྲེལ་ནས་བསམ་ཚུལ་ཞིག་ཞུ་ངེས་ཡིན། དེ་མིན་དེ་རིང་གི་རྒན་སྒོམ་སྡེ་བའི་འགྲེལ་བའི་སྐོར་ནས་གོང་དུ་དོགས་གཅོད་བྱས་ཟིན་པ་ཁག་ཅིག་འདུག་པ་དག་ལས་ཞུ་རྒྱུ་གང་ཡང་མེད། ཐུགས་རྗེ་ཆེ།
ལ་དྭགས་པ་འཇམ་དཔལ་ལགས་ཀྱི་གསུང་། “ཁང་པ་གཡར་ནས་བསྡོད་ན་མི་རྟག་པ་ དྲན་སྐུལ་ཤུགས་ཆེ་བ་ཡོང་། ལུས་གནས་གཙང་ལྟ་བུར་སྒོམ་པ་ལྟར། སྡོད་གནས་ཀྱང་གནས་སྐབས་གནས་སྐབས་གཡར་ནས་སྡོད་ཐུབ་ན་སེམས་ལ་ཕན་པ་ཆེ་” ཚིག་འདི་ནི་ས་ཟླའི་ཉིན་དྲུག་བདུན་ནང་ལ་བཀླགས་པའི་ཚིག་སེམས་ལ་ཕན་ཐོགས་ཤོས་ཅིག་བྱུང་སོང་བས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུའོ། །
སྡོམ་སྡེ་ལགས། ཁྱེད་ཀྱིས་ཞུ་དག་བགྱིས་པའི་རྩོམ་ཡིག་དེར་ཧ་ཅང་མང་བོ་ཞིག་བྲིས་འདུག་བས་ཚང་མ་ཀློག་ཐུབ་མ་སོང།
ཉུང་ཉུང་ཞིག་ཀློག་པའི་བརྒྱུད་རིམ་ཁྲོད་ནས་ཁོ་བོས་རྙེད་པ་ནི་ལྷ་རམས་པ་ལགས་ཀྱིས་སྣང་བྱས་པ་མིན་ན།
བོད་ཀྱི་བརྡ་སྤྲོད་གཞུང་ལུགས་འདྲིས་ཆེར་མེད་པར་མངོན། རེད་ཡ་ལྷ་རམས་པ་ལགས་སྤྱིར་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དེ་ཡང་སྒྲིག་འཛུགས་མ་ལག་ཚང་བའི་གཞུང་ལུགས་ཤིག་གི་རྣམ་པར་གནས་པས་ཚོད་དཔག་གིས་འགྲེལ་བཤད་བྱེད་པ་ནི་ལེགས་པའི་གནས་སུ་མི་འདོད།
ཨང་གྲངས་ཉི་ཤུ་རྟགས་ཅན་ལ་བསྐྱར་གཟིགས་ཤིག་བྱོས་དང། དོན་ངོ་མ། ལྗོན་དབང་ལས། ས་མཐར་དམིགས་བསལ་ཞེས་མ་གཏོགས་སོགས་ཀྱི་དོན་དེ་ཁྱེད་ཀྱིས་འགྲེལ་སྟངས་ལྟར་རེད་དམ། (༢༠ མཛད་གྲོགས་“ཞེས”གུས་པས་ཞུའོ། = མཛད་གྲོགས་“ཤེས”གུས་པས་ཞུའོ། །ལྗོན་དབང་ལས། ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤིག་ཤེའོ་ཤེ་ན་འཐོབ། །ཅེས་གསུངས་པ་ལྟར། གཞན་དང་ནོར་དོགས་ཀྱི་ཉེས་པ་མེད་ན་བརྡ་སྤྲོད་དང་མཐུན་པར་ཚིག་ཕྲད་“ཤེས”ཉིད་སྦྱར་དགོས་སོ། །)
ཕལ་ཆེར་སྔོག་ལོ་ཡབ་སྲས་ཀྱི་མ་བྱུང་སྔོན་ཙམ་ལ་ཕྲད་ཀྱི་ཐོབ་ཐང་ལྟར་ས་མཐར་ཤེས་སྦྱར་ཡོད་ཀྱང་སེམས་ཤེས་དང་ཕྲད་ཀྱི་ཤེས་གཉིས་ནོར་དོགས་མང་བོར་བྱུང་སྟབས། དོན་ལ་ནོར་བ་མི་འབྱུང་བའི་ཆེད་དུ་ཕྲད་ཀྱི་ཐོབ་ཐང་བསྒྱུར་ཏེ་ཡིག་འབྲིའི་ལམ་སྲོལ་དངོས་ཀྱི་ནང་ས་མཐར་ཞེས་སྦྱར་ལས་ཤེས་འབྲི་བའི་སྲོལ་མེད་པར་བཟོས་པ་རེད། ལྗོན་དབང་ལས། ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤེའོ་ཤེ་ན་ཤིག་སྦྱར་ཞེས་པའི་དོན། སྤྱིར་ས་མཐར་ཤིང་སོགས་ཕྲད་ཐོབ་ཀྱང་སྐབས་འདིར་དམིགས་བསལ་གྱིས་ཞེས་སྦྱོར་དགོས་ཞེས་པའི་དོན་ལས། ཁྱེད་ཀྱིས་འགྲེལ་སྟངས་ལྟར་ནོར་དོགས་མེད་ན་ཤེས་སྦྱོར་ཞེས་པའི་དོན་མིན། ཡ་ད་དེ་ཙམ་བྱེད།
རྗེས་སུ་ཁོམ་པོ་བྱུང་ན་དེའི་སྐོར་ཅུང་རྒྱུས་པ་འབྲི་འོང།
མདའ་ཚན་པ་ལགས།
ཁྱེད་ཀྱི་དྲི་བ་རྣམས་ལ་ལན་མཐར་ཆགས་སུ་ཕུལ་ཡོད་པས་གཟིགས་པར་ཞུ།
དྲི་བ་ ༡༽ བཀྱགས་ནས་ཁྱོགས། ཁྱོགས་ལ་འཕྱང་། ཟེར་ནས་འབྲི་བ་ནི་ཁྱོག་ལས་ཁྱབ་ཆེ་བར་སྙམ།
ལན༽ “ཁྱོག”ལ་“ཁྱོགས”ཞེས་བྲིས་པ་ནི་བོད་རྒྱ་ཚིག་མཛོད་ཆེན་མོ་དང་། དག་གསར་གཉིས་ཀ་དང་འགལ་ལོ། །དག་གསར་ལས། ༡ འགྲིམ་འགྲུལ་ཡོ་བྱད་རྙིང་པ་ཞིག་གི་མིང་སྟེ། སྔ་གཞུག་ན་རྟ་ནོར་ལ་འགེལ་བའམ་མིས་འདེགས་པ་ཞིག་ཡིན། དེའི་མིང་ལ་མདོ་ལིའམ་དོ་ལི། འགྱོགས་འཇམ་ཡང་ཟེར། ༢ རྨས་མ་དང་ནད་པ་འདེགས་བྱེད་ཀྱི་ཡོ་བྱད་ཀྱི་མིང་སྟེ། ཁྱོགས་རས། ཁྱོགས་ཤིང་ཞེས་པ་ལྟ་བུ། ༣ འགྱོག་གི་སྐུལ་ཚིག བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ༡ འགྱོགས་ཁྲིའམ། འགྱོགས་བྱམས། ༢ ལས་ཁྲི། ཞེས་གསུངས། ད་ཁྱེད་ཀྱི་གོང་དུ་བཤད་པའི་ཁྱོགས་ཞེས་བྲིས་པ་དེ། དོན་མང་པོ་ཡོད་པའི་ནང་ནས་གང་ལ་སྦྱར་རྒྱུ་ཡིན་ནམ།
དྲི་བ་༢༽ བླངས་ནས་ལོན་དང་བླངས་ནས་ལོངས་གཉིས་དོན་དག་མ་འདྲ་བ་གཉིས་མ་ཡིན་ནམ། སྔོན་མ་དེ་བླངས་ནས་ལེན་ཐུབ་པ་བྱུང་བ་དང་། རྗེས་མ་དེ་བླངས་ནས་གྲངས་ཀ་ལོངས་པའི་དོན་མ་ཡིན་ནམ།
ལན༽ དེ་གཉིས་སྐབས་སྟོབས་ཀྱི་དོན་འདྲ་བར་འཇུག་པ་དང་། ཡང་གྲངས་ཀ་ལོངས་པའི་དོན་ལའང་འཇུག་པ་མི་འགལ་ལོ། །
དྲི་བ་༣༽ གཙིགས་ཆེན་པོ་མཛད། ཁྱོད་ཀྱིས་ང་ལ་དགག་པ་ལྟར། དངོས་གནས་གཙིགས་ཆེན་པོར་མཛད་ཟེར་ནས་འབྲི་དགོས་པ་འདྲ།
ལན༽ འོ་དེ། དགེ་རྒན་གྱིས་བསླབས་པ་དེ་ཡག་པོ་བློ་ལ་ངེས་འདུག་ག ཁ་ཉིན་ངས་ལ་དྭགས་པ་འཇམ་དཔལ་གྱི་རྩོམ་གྱི་མཆན་བུར། ༼“ཡིན་པ”ཞེས་པའི་སྒྲ་ལས། “ཡིན་པར”ཞེས་པའི་ཚིག་འདི་ནུས་པ་ཆེ་བ་དང་། བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་ཆེའོ། །“ཡིན་པར”ཞེས་པའི་ར་སྒྲ་དེ། དེ་ཉིད་ཀྱི་སྒྲ་རེད། དཔེར་ན། བུམ་པ་དངོས་པོ་རྟོགས། ཞེས་བརྗོད་ན་གོ་རྒྱུ་ཡོད་མ་རེད། བུམ་པ་དངོས་པོར་རྟོགས། ཞེས་ལ་དོན་གྱི་སྒྲ་ངེས་པར་སྦྱར་དགོས་རེད། འདི་གཞུང་ཆེན་མོ་ལྟ་མྱོང་མཁན་ཚོས་ལས་སླ་པོར་ཤེས་ཐུབ༽ཅེས་བཤད་པ་དེ་ཡག་པོ་ངེས་འདུག་ག ཧ་ཧ་ཧ། ཀུ་རེ་ཡིན་ད།
དྲི་བ་༤༽ སོ་སོ་སྐྱེ་བོ་ལས་དང་པོ་པ་ཟེར་བ་དེ་སོ་སོའི་སྐྱེ་བོ་ལེའུ་དང་པོ་པ་མ་ཡིན་ནམ།
ལན༽ ཧ་ཧ། ད་མདའ་ཚན་པས། སྔོ་ལོ་ལངས་ནས་ཕྱུར་བྱུང་ང་། སོ་སོའི་སྐྱེ་བོ་ལེའུ་དང་པོ་པ་ཟེར་བ་ཞིག་དེ་རིང་མ་གཏོགས་གོ་མ་མྱོང་ངོ་། །
དྲི་བ་༥༽ སྟོང་པ་ཉིད་ཀྱི་གཏམ་ཕྱིན་ཅི་མ་ལོག་པ་ཐོས་པ་ན་ཟེར་བ་དེ། སྟོང་པ་ཉིད་ཀྱི་གཏམ་ཕྱིན་ཅི་མ་ལོག་པར་ཐོས་པ་ན་མ་ཡིན་ནམ། ར་ཡོད་མེད་གཉིས་ཀྱི་དོན་དག་ལ་ཁྱད་པར་འདུག
ལན༽ དེ་ཡང་རྒན་ལགས་ཀྱིས་བསླབས་པ་དེ་ཡག་པོ་ངེས་འདུག ཡག་བྱུང་། ཨེ་གོ ཀུ་རེ་ཡིན། དེ་ཁྱེད་བདེན།
དྲི་བ་༦༽ མཚམས་འཇོག་བྱེད་ན་མཛེས་སོ་ཟེར་བ་དེ། མཚམས་འཇོག་བྱས་ན་མཛེས་སོ་མ་ཡིན་ནམ།
ལན༽ དེ་ཁྱད་པར་ཆེར་མ་མཐོང་།
དྲི་བ་༧༽ སུན་འབྱུང་བྱ་དེ་དངོས་གནས་སུན་དབྱུང་བྱ་ཞེས་བྲིས་ན་ཁུངས་བཙུན་པར་འདོད། སྒོམ་སྡེ་བཙན་དྲགས་པ་རེད་མ་གཏོགས། འདི་འཇམ་དཔལ་དག
ལན༽ འབྱུང་བ། འབྱུང་བ། བྱུང་། ཞེས་པ་འདི་འཐད་ལྡན་དུ་ཁས་བླངས་ན་གོང་གི་དེ་ཡང་ཡི་གེ་དག་པར་དོན་གྱིས་ཁས་བླངས་སོ། །འོན་ཀྱང་ཁྱེད་ཀྱིས་གསུངས་པ་ལྟར་དབྱུང་བྱ་ཞེས་པ་ཡོངས་གྲགས་རེད།
དྲི་བ་༨༽ མཛད་གྲོགས་ཤེས་ཟེར་ན་རྩ་ནས་བརྗོད་བདེ་བོ་མི་འདུག འདི་འཇམ་དཔལ་དག
ལན༽ འདི་སུམ་རྟགས་ཀྱི་ཁྲིམས་དང་དགོངས་པ་རེད་དོ། །
དྲི་བ་༩༽ དོན་གཅིག་ཡིན་པར་ཡང་ཤེས་པར་བྱའོ།། དོན་གཅིག་ཡིན་པ་ཡང་ཤེས་པར་བྱའོ་མ་ཡིན་ནམ།
ལན༽ ངའི་ལད་མོ་བྱས་འདུག་ཀྱང་། དེ་ཁྱེད་རང་བདེན།
དྲི་བ་༡༠༽ ཨ་མདོའི་སྐད་ལྟར་ན། ཡར་བ་དང་འཕར་བ་གཉིས་ཀྱི་དོན་མི་འདྲ། གནམ་ལ་ཡར་རྒྱུ་ཁོ་ན་མིན་པར་འཕྲེད་དུ་ཡར་རྒྱུ་ཡང་ཡོད་པ་རེད།
ལན༽ ད་ཁྱོད་ང་དངོས་དགོད་སློང་གི་འདུག ཨ་མདོའི་ལུགས་ལ་འཕྲེད་ལ་འཕར་རྒྱུ་ཨེ་ཡོད། ཧ་ཧ།
དྲི་བ་༡༡༽ ཉི་མ་རངས་པར་བགྲང་བས་ནི་གཉིས་སོ། །ཉི་མ་དུམ་བུ་བགྲང་བས་ནི་གསུམ་མོ། ། ཞེས་པའི་རངས་པར་བགྲང་ལ་ར་ཡོད་པ་དང་། དུམ་བུ་བགྲང་བས་ནི་གསུམ་མོ་ཟེར་བའི་དུམ་བུ་ལ་ར་མེད་དོན་ཅི། དང་པོ་སྐྱེས་དུས་ནས་ར་མེད་པའི་ཨ་ཡུ་ཞིག་ཡིན་ནམ། ཡང་ན་ར་དེ་རྐུན་མས་བརྐུས་པ་རེད།
ལན༽ དུམ་བུར་བགྲང་ཟེར་ན་དུམ་བུ་དུམ་བུར་བགྲང་ཟེར་བའི་དོན་དང་། དུམ་བུ་བགྲང་ཟེར་ན་དུམ་བུ་“ཞིག”བགྲང་ཟེར་བའི་དོན་ཅུང་མི་འདྲའོ། །
དྲི་བ་༡༢༽ སོཌ་དང་ལེཌ་སོགས་ནི་དབུ་མེད་ནང་འབྲི་སྲོལ་ཡོད་པ་ལས། དབུ་ཅན་ནང་ལ་མ་དག་རྒྱུན་འབྱམས་སུ་ཕྱིན་པར་བརྗོད། འདི་ལས་འཕྲོས་ཏེ་མ་དག་པ་གཞན་ཞིག་ཡོང་བཞིན་པ་ནི། ཧྰུྃ་ཧྰུྃ་ཕཊ་ཕཊ་ལ་ཕགས་ཕགས་ཞེས་འབྲི་བཞིན་པ་ལྟར་རོ། མ་དག་པས་མ་དག་པ་ཁྲིད་ན་དེ་འདྲ་རེད།
ལན༽ བསྐུངས་ཡིག་དབུ་མེད་ལ་འབྲི་ཆོག་ལ། དབུ་ཅན་ལ་འབྲི་མི་ཆོག་པའི་རྒྱུ་མཚན་ཏིལ་འབྲུ་ཙམ་ཡང་མེད་དོ། །
ཨ་་ ཨ་་ ཨ་་ ད་ངོ་མ་རྩོད་པ་འདུག ལ་དགས་པ་འཇམ་དཔལ་ལགས་སུས་ཀྱང་སྙོན་དུ་མེད་པའི་མཁས་པ་ཞིག་ཡིན་པ་དོན་དངོས་ཡིན་པའི་དབང་དུ་བཏང་རུང་། རྩོད་པ་དང་དགག་པ་བྱེད་མི་རུང་བའི་སྐྱེ་བོ་ནི་སུ་ཡང་ཡོད་མ་རེད། དེ་བས། སྒོམ་སྡེ་ལགས་ནས་དགག་རྒྱག་བྱས་པ་རྣམ་པ་ཀུན་ཏུ་ནས་འགྲིག་པ་ལས་མི་འགྲིག་པ་ཞིག་གཏན་ནས་མ་རེད།
འོན་ཀྱང་། སུ་བདེན་སུ་རྫུན་ནམ། སུ་དག་སུ་མི་དག་གི་ཐག་གཅོད་ནི་ད་དུང་བགྲོ་གླེང་མང་པོའི་རྗེས་སུ་ཐག་གཅོད་དགོས་པ་ཞིག་རེད།
འདིར་བརྡ་སྤྲོད་རྩོད་ས་ཞིག་ལ། ཁ་ཤས་ཀྱི་མི་ཚེའི་ལོ་རྒྱུས་བཤད་ནས་ཁོམ་གི་ཞིག་མི་འདུག ཧ ཧ ཧ
ཨོ་ད་དུང་། ལ་དྭགས་པས་་་ ཇུ་ལེ་་་་ ཟེར་བ་དེ་དོན་དངོས་་་ བྱོན་ལེགས་་་་ ཟེར་བའི་སྒྲ་ཟུར་ཆགས་ནས་ད་ལྟའི་དེ་འདྲ་ཞིག་ཏུ་གྱུར་བ་ལས། རྩ་བའི་ཆ་ནས་བཀྲུས་ནས་མ་དག་པའི་བོད་སྐད་རེད་དོ།
གངས་ཅན་རིག་པའི་གཞུང་ལུགས་ཆེད་དུ་ལུས་སྲོག་ལོངས་སྤྱོད་ཡོངས་སུ་རྗོགས་པ་གཏོང་ཕོད་པ། རྒན་འཇམ་དཔལ་ལགས་ཀྱིས་མཛོད་རྩ་འགྲེལ་ལ་ཞུ་དག་གནང་བ་དེ་མང་ཆེ་ཤོས་ཡག་པོ་འདྲ་ཞིག་མཐོང་སོང་། ཡིན་ན་ཡང་སྒོ་སྡེ་བས་དགག་པ་གནང་བ་དེ་ཡང་ཁོང་གི་རེ་བ་ཡིན་ན་འགྲིག་བསྡད་ཡོད་ཀི མཁས་པ་མཁས་པའི་དྲུང་ན་མཛེས་ཟེར་བ་འདི་འདྲ་ཡིན་རྒྱུ་རེད། འོན་ཀྱང་ཁོང་ལ་ཞུ་དག་གཏོང་ན་སུམ་རྟགས་རྩ་འགྲེལ་གང་ཞིག་དྲངས་ནས་དགག་ན་དེ་ནི་ནོར་བ་རེད། གང་ཡིན་ཟེར་ན་སུམ་རྟགས་རྩ་འགྲེལ་གང་ཡིན་ན་ཡང་ཕྱིས་སུ་རང་རང་གི་ཡུལ་དུས་དང་བསྟུན་ནས་བཟོས་པའི་བརྡ་སྤྲོད་པའི་གཞུང་ཡིན་ཟེར་ནི་རེད། དཔེར་ན་ཁོང་གིས་ཨ་ཡིག་ནི་དབྱངས་ཡིན་པ་ལས་གསལ་བྱེད་མ་རེད་ཟེར་ནི་རེད། ཁོང་ལ་ཁོང་གི་ཁུངས་གཏུགས་ས་བཙན་པོ་ཟིག་ཡོད་པས། སུམ་རྟགས་རྩ་འགྲེལ་དྲངས་ནས་བགག་ན་དེས་ཕན་ཐོག་ནི་མ་རེད། ཁོང་གིས་སུམ་རྟགས་གིས་སྒྲིགས་གཞིས་འདིའི་མ་ཟིན་པའི་སྔ་རོལ་གྱི་བསྟན་བཅོས་རྣམས་ཁུངས་བཅོལ་གྱི་རེད། དེ་བཞིན་ན་སྐད་རིགས་གཞན་གྱིས་མ་གོས་པའི་མཐའ་མཚམས་གྲོང་གཟེབ་གྱིས་བོད་སྐད་དག་ལ་གཞི་བཅོལ་ནི་རེད། ཁོང་ལོ་ཤས་སྔོན་ཨ་མདོ་གྲོང་གསེབ་ཁ་ཤས་ལ་སྐད་གདངས་ཞིབ་འཇུག་ཆེད་དུ་ཕེབས་མྱོང་། དེ་བཞིན་དུ་མ་འོངས་པར་རྒྱ་རོང་ཁུལ་དུ་སྐད་རིགས་ཞིབ་འཇུག་ཆེད་དུ་ཕེབས་འཆར་ཡོད་ས་རེད།
ཡ་ད་དོན་ངོ་མ་གོང་གི་མཛོད་རྩ་འགྲེལ་གྱི་ཡིག་ནོར་སྐོར་ལ་ཞུ་དགོས་པ་འདུག་ན་ཡང་། རྗེས་ནས་ཡིན་དྰ།
ཨ་རིའི་ཨོཁལཧོམ་ཞེས་པའི་ས་གནས་སུ་སེར་བ་ཁུ་ཚུར་ཙམ་བབས་པའི་གློག་བརྙན་ལ་གཟིགས།
http://news.yahoo.com/video/us-15749625/hail-storm-hits-oklahoma-19917666#video=19917666
ངའི་དྲི་བ་བཅོ་བརྒྱད་ལས་བཅུ་གཉིས་ལ་མ་གཏོགས་ལན་རྒྱབ་མི་འདུག་ག ལན་རྒྱབ་པ་དེ་ཚོའང་འདོད་པ་ཁེངས་པ་ཞིག་རེད་མི་འདུག
༡ ཁྱོག་དང་ཁྱོགས་གཉིས་ལས་གང་ཁྱབ་ཆེ་བ་ཡིན་མིན་དྲིས་པར་ལན་གཞན་ཞིག་རྒྱབ་འདུག ངས་ཚིག་མཛོད་རེ་ཟུང་ནང་ཡོད་པ་དེ་མ་ཤེས་པར་འདྲི་གི་མེད། དྲ་གྲོགས་ཤིག་ནས་བརྗོད་པ་ལྟར། མགོ་ལ་ག་རེ་བྱས་སོང་ཟེར་ནས་དྲིས་ན། རྐུབ་ལ་ལུག་གིས་རྡུང་སོང་ཟེར་ནས་ལན་རྒྱབ་པ་འདྲ་བོ་རེད།
༢ དྲི་བ་གཉིས་པ་དེ་གསལ་པོ་བྱུང་མ་སོང་། དེ་གསལ་པོར་མ་བཟོས་པར་ཁྱོད་མཆོངས་ནས་འགྲོ་ས་ཡོད་མ་རེད། བླང་བྱ། ལེན་བྱེད། བླངས། ལོངས་ཤིག་ཟེར་བ་ལས་ལོན་ཤིག་མི་ཟེར། སྐབས་འདིར་སྦྱར་ན། ལོངས་ནི་སྐུལ་ཚིག་དང་ལོན་ནི་ལེན་ཐུབ་པའི་དོན་རེད།
༣ དྲི་བ་གསུམ་པའི་ལན་ནང་། ཡིན་པ་དང་ཡིན་པར་གྱི་ཁྱད་པར་བཤད་པ་དེ་ཁྱེད་རང་ནོར། ངའི་རྩོམ་སྔོན་མ་དེའི་མཆན་ལ་ལྟོས། དགེ་རྒན་གྱིས་འགྲེལ་བཤད་ག་ཚོད་གསལ་པོ་རྒྱབ་ན་ད་རུང་འཐོམས་མི་སངས་པའི་ལྷ་རམས་པ་འདི་འདྲ། འདི་འདྲའི་སྐབས་ཁྱེད་ཀྱི་རིགས་ལམ་དེས་ཕན་མ་ཐོགས་ན། དེས་ཁྱི་རྒྱག་གི་ཨོ་ཅོ་ཡང་ཉན་ས་མ་རེད།
༤ དྲི་བ་བཞི་བ་དེ་ངས་ཁས་ལེན། ང་ལ་དོན་ངོ་མའི་དྭོགས་པ་ཞིག་སྐྱེས་ནས་དྲིས་པ་ཡིན། ཐུགས་རྗེ་ཆེ།
༥ ཁྱེད་རང་གིས་ནོར་བ་ངོས་ལེན་གནང་འདུག ནོར་བ་ཚང་མ་མཉམ་གཅིག་ཏུ་ངོས་ལེན་གནང་རྒྱུར་ཅུང་ཟད་འཚེར་གི་ཡོད་པ་འདྲ། ཨ་ལ་ཀུ་རེ།
༦ ཁྱེད་རང་གིས་དེ་ལ་ཁྱད་པར་ཆེར་མ་མཐོང་ནའང་ངས་ཁྱད་པར་ཆེན་པོར་མཐོང་།
༧ ཁྱོད་ཀྱིས་ཁས་བླངས་འདུག འགྲིག་ག
༨ གོང་དུའང་དྲ་གྲོགས་ཤིག་ནས་བརྗོད་འདུག སུམ་རྟགས་ཀྱི་དགོངས་པ་དང་འགལ་མཁན་ཁྱེད་རང་རེད། ས་མཐའ་ལ་ཤིང་ཤིག་ཤེའི་ཤེ་ན་ཐོབ་ནའང་། ཤེས་ཀྱི་སྐབས་དམིགས་བསལ་གྱིས་ཞེས་ཐོབ་པ་རེད་དེ། ཁྱོད་ཀྱིས་སུམ་རྟགས་ཀྱི་དགོངས་པ་དངོས་དེ་མ་རྟོགས་པར། ས་ཡི་རྗེས་སུ་སྐབས་རེར་དམིགས་བསལ་གྱིས་ཞེས་ཐོབ་པ་མ་གཏོགས་སྤྱིར་བཏང་ཤེས་འཐོབ་པར་འདོད་འདུག་པ་དེ་ནོར་བ་ཆེན་པོ་རེད། ཁྱེད་རང་གི་དགེ་རྒན་ནོར་བ་མིན་འགྲོ།
༩ ནོར་བ་ངོས་བླངས་པ་ལེགས་སོ། རིགས་ཀྱི་བུ། དེ་དེ་བཞིན་ནོ། ར་སྒྲ་ཐོབ་མི་ཐོབ་སྐོར་ལ་ཡར་རྒྱས་དགའ་རབ་ཕྱིན་འདུག
༡༠ འཕྲེད་ལ་འཕར་རྒྱུ་ཡོད་པ་མ་རེད། ཡར་རྒྱུ་ཡོད་པ་རེད། འཕར་དང་ཡར་གཉིས་ཀྱི་ཁྱད་པར་ད་རུང་ཡག་པོ་ཞིག་ཤེས་མི་འདུག་ག
༡༡ དྲི་བ་བཅུ་གཅིག་པའི་ལན་ཡང་རྐུབ་ལ་ལུག་གིས་རྡུང་བའི་རྗེས་སུ་ཕྱིན་འདུག
༡༢ དྲི་བ་༡༢ སོཌ། ལེཌ་སོགས་ལ་འཇམ་དཔལ་ལགས་ཀྱིས་ཞུ་དག་བཏང་བར་ཁུངས་ཡོད་པ་རེད། ཁྱོད་ཀྱིས་འཇམ་དཔལ་ལགས་ལ་ཞུ་དག་བཏང་བར་ཁུངས་ཡོད་པ་མ་རེད།
ད་རུང་ངའི་མཆན་བཅུ་བའི་ལན་རྒྱབ་མི་འདུག་ག
སྐུ་ཞབས་སྒོམ་སྡེ་བ་ལགས། དབུས་གཙང་བའི་སྐད་དུ་སྔོ་ལོ་ལངས་ནས་འཕྱར་སོང་ཟེར་བ་མ་གཏོགས་སྔོ་ལོ་ལངས་ནས་འཕྱུར་སོང་ཟེར་བ་ཞིག་མེད་བསམས། བསྡུས་ན་སྔོ་ལོ་འཕྱར་སོང་ཞེས་དང་ཡང་ན་སྔོ་ལོའི་རྒྱལ་མཚན་འཕྱར་སོང་ཞེས་ཟེར་གིན་འདུག འདིའི་དོན་ནི་རྒྱལ་མཚན་གྱི་ཚབ་ཏུ་སྔོ་རྩྭའི་ལོ་མ་ཆུན་པོ་ཞིག་བསྡམས་ཏེ་འཕྱར་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རེ་ཡོད་པ་མིན་འགྲོ གསལ་བོ་ཞིག་ངས་ཀྱང་མི་ཤེས་ན་ཡང་ཡོངས་གྲགས་སུ་དབུས་གཙང་བའི་སྒྲུང་དང་གཏམ་རྒྱུད་དག་གི་ཁྲོད་དུ་སྔོ་ལོ་འཕྱར་སོང་དང་ཡང་སྔོ་ལོ་ལངས་ནས་འཕྱར་སོང་ཞེས་བྲིས་ཡོད་པ་ཁོ་བོས་མངོན་སུམ་མིག་གིས་མཐོང་བ་ཡིན།
གཅིག་བྱས་ན་སྐབས་འདིར་ཉིད་ཀྱི་སྤྱན་ལམ་དུ་ཕར་རིའི་རྒྱབ་ན་མེ་ཡོད་པར་སྒྲུབ་བྱེད་ཀྱི་དུ་བ་སྔོན་པོ་ཞིག་ལང་ལོང་དུ་འཕྱུར་བཞིན་ཡོད་པ་ཞིག་ཤར་ནས་དེ་ལྟར་བྲིས་པ་མིན་འགྲོ
མདའ་ཚན་པ་ལགས། ལན་བརྒྱབ་འདུག་དང་མི་འདུག་ནི་འདས་ཚིག་ཡིན་པས་བརྒྱབ་ཅེས་པ་སྔོན་རྗེས་གཉིས་ཀ་ཡོད་པ་འདི་འབྲི་དགོས་པ་ཉིད་ཀྱིས་ལོས་མཁྱེན། རྡ་རམ་ས་ལ་ན་ཡོད་ཚད་རྒྱབ་ཡིན་པས་ཉིད་ཀྱིས་དེ་ལ་ཁུངས་གཏུགས་པ་མིན་འགྲོ རྒྱབ་ནི་ཡོངས་གྲགས་སུ་མདུན་རྒྱབ་ཅེས་པའི་སྐབས་ཀྱི་མིང་ཚིག་ཅིག་ལ་གོ་བ་མིན་ནམ།
མ་འོངས་པ། རྒྱག་བྱའི་ལན།
ད་ལྟ་བ། ལན་རྒྱག་གིན་འདུག
འདས་པ། ལན་བརྒྱབ་ཟིན།
སྐུལ་ཚིག ལན་རྒྱོབས་ཤིག
ཚིག་མཛོད་ཆེན་མོ་ལས།
ད་ལྟ་བ། འདས་པ། མ་འོངས་པ། སྐུལཚིག
དབྱུག་རྡོ་སོགས། རྒྱག་པ་ བརྒྱབ་པ་ བརྒྱག་པ་ རྒྱོབ། ཐ་དད་པ།
རྒྱག་པ་ བརྒྱག་པ་ རྒྱག་པ་ ཐ་མི་དད་པ།
ཤ་སོགས། རྒྱགས་པ་ བརྒྱག་པ་ ཐ་མི་དད་པ་།
རྒྱགས་པ་ རྒྱགས་པ་ ཐ་མི་དད་པ།
རྡོ་རྒྱག་མཁན་གྱིས་བརྒྱག་བྱའམ་བརྒྱག་ཡ་རྡོ་དེ་ཕར་ལ་བརྒྱབ་ཟིན་ནས་ཚུར་ལ་རྒྱོབ་ཤོག ལྟ་བུ་མི་དགོས་སམ།
ང་ཤ་རྒྱགས་པ་ཆགས་བགྱིད་ཡོད། བསམ་བགྱིན་ཡོད་ལ། བྲོད་ཁོག་ཡང་བརྒྱག་སོང་། ད་དུང་མ་འོངས་པ་ལ་ཡང་། ཟ་རྒྱགས་པ་ཆགས་བགྱི་རེད། བསམ་ནས་ཕྱི་དྲོའི་ཁ་ལག་ཀྱང་ཟ་བགྱིད་མེད། ལྟ་བུར་བྲིས་ན་མཁོ་ཆེའོ།
ཟ་ཤ་ལ་བཅོས་ནས། ཤ་རྒྱགས་པ་ཆགས་བྱིད་རེད་བསམས་ནས།
དུས་གསུམ་འདི་རྙོག་དྲ་ཚ་ཤོས་ཤིག་རེད། མཁས་པ་ལྔ་དྲུག་ཅིག་གི་དུས་གསུམ་རྣམ་གཞག་མཉམ་གཅིག་ཏུ་ཁ་ཕྱེ་ནས་ཅིག་བལྟས་པ་ཡིན་ན་དེར་མ་མཐུན་པ་ཧ་ལས་པའི་མང་པོ་ཡོད་པ་རེད། འདིའི་སྐོར་གཅིག་གྱུར་ཅིག་ཡོང་ན་མ་འོངས་པ་ན་ཕན་ཐོགས་ཆེ་ས་རེད།
རྒྱབ་འདི་ད་ལྟ་འབྲི་ཁྱབ་ཆེ་བ་དང་སོར་ཡང་བ་ཞིག་ཡིན་པས་འདི་ལྟར་བྲིས་པ་ཡིན། ནོར་ཡོད་ན་དགོངས་འགལ་མེད་པ་ཞུ། ང་འདིར་དུས་གསུམ་གྱི་རྣམ་གཞག་དེ་འདྲ་གཅིག་ཀྱང་མེད། ཡིན་ན་ཡང་། རྒྱག་གི་དུས་གསུམ་བཞེད་པ་མི་མཐུན་པ་ཤེས་ཚོད་ཅིག་དྲངས་ན་འདི་ལྟར་ལགས། ད་ག་རེ་བྱེད་དགོས་རེད། ཁུངས་ཡོད་ཤོས་གཅིག་གཤམ་གསལ་གྱི་དང་པོ་དེ་ཡིན་པ་འདྲ་སྟེ། ད་ལྟ་མ་འོངས་པ་ལ་བརྒྱག་འབྲི་མཁན་ཞིག་ཡོད་ན་ཕལ་ཆེར་ནོར་བར་བརྩི་གི་མ་རེད་དམ། དེ་མིན་གཟུག དགུག དབྱུང་ལ་སོགས་པའང་དེ་བཞིན་ནོ། དུས་གསུམ་གྱི་སྐོར་དེ། སྔོན་མ་བཙན་བྱོལ་སློབ་དེབ་ནང་གི་བརྡ་སྤྲོད་སྐོར་འབྲི་སྐབས། དུས་གསུམ་གྱི་རྣམ་གཞག་ལག་ལ་ཐེབས་ཚད་ཅིག་ཁྱེར་ཡོང་ནས་རེ་རེ་བཞིན་བསྡུར་བ་ཡིན། འབྲི་ཚུལ་མི་མཐུན་པ་དེ། རྟ་མོགམོག་གི་སྤུ་རེད། མི་མཐུན་པ་དེ་ཚོ་ཡང་ཕལ་ཆེ་བ་ཞིག་ལ་ཁུངས་ཤིག་ཡོད་པ་རེད། དེའང་སྔོན་མའི་གཞུང་ཆེ་ཁག་དང་མཁས་པ་སྔོན་མ་ཚོ། རང་རང་སོ་སོའི་ཆོས་བརྒྱུད་དེ་འདྲར་ཁུངས་གཏུགས་ཡོད་པ་རེད། སྔོན་མ་དེ་ཚོ་ནོར་འདུག་ཟེར་མཁན་ཞིག་ཡོད་པ་མ་རེད། དེ་ནོར་འདུག་ཟེར་ན་ཁྱེད་རང་དམྱལ་བའི་ནང་ལ་མགོ་རྟིང་སློག་ནས་འགྲོ་གི་རེད། འདིའི་སྐོར་ཐབས་ཤེས་ཤིག་འཐེན་ནས་གཅིག་གྱུར་ཅིག་བཟོ་མ་ཐུབ་པ་ཡིན་ན། བོད་ཀྱི་སྤྲུལ་སྐུ་བཞིན་གདམ་ང་ཅན་མང་ནས་མང་དུ་འགྲོ་རྒྱུ་ཡིན་པ་ཉག་གཅིག་རེད
མ་འོངས་པ། ད་ལྟ་བ། འདས་པ། སྐུལ་ཚིག
བརྒྱག རྒྱག བརྒྱབ རྒྱོབ
བརྒྱབ རྒྱག བརྒྱབ རྒྱོབ
བརྒྱབ རྒྱག བརྒྱབས རྒྱོབས
རྒན་མདའ་ཚན་པས་དུས་གསུམ་ཡང་མཁྱེན་འདུག ད་དངོས་གནས་མང་པོ་ཞིག་ཤེས་ཀྱི་འདུག སྐྱབས་སུ་མཆི།
དེ་མིན་དྲངས་པའི་གཏམ་བཤད་དེ། དེ་འདྲ་འོས་པོ་ཞིག་མ་རེད་བསམ་སོང་། གལ་ཏེ་རྐུབ་ལ་ལུག་གིས་རྡུང་ནས་མགོ་ལ་རྨ་བཟོས་ཡོད་ན། མགོ་ལ་ག་རེ་བྱས་སོང་ཟེར་བའི་དྲི་བ་དེར་ལན་ཡག་པོ་ཕོག་འདུག མ་རེད་དམ།
གཡག་སྙིང་།
རྐུབ་ལ་ལུག་གིས་རྡུང་ནས་མགོར་རྨ་བཟོས་པ་མ་རེད། སྒོམ་སྡེའི་མགོའི་རྨ་དེ་ངས་བཟོས་པ་རེད། ཚང་མས་ཀྱང་ཤེས་ཀྱི་ཡོད་པ་རེད་དེ། ཁོ་རང་གིས་རྐུབ་ལ་ལུག་གིས་རྡུང་བ་རེད་ཟེར་གི་ཡོད་པ་རེད།
ཨ་ལ་རྩེད་མོ་ཡིན།
སྒོམ་སྡེ་ལགས། ཁྱེད་རང་གིས་ནམ་ཡིན་ཡང་ཁུངས་ཤིག་ཁྱེར་ཡོང་གི་འདུག་པར་དགའ་བོ་བྱུང་། ཡིན་ན་ཡང་། གཞུང་ཆེན་པོ་ཟེར་ནས་རྟག་པར་ཁྱི་རྒན་རུས་བཟུང་བྱེད་པ་དེ་རྦད་དེ་འགྲིག་པ་རེད་ཟེར་ནས་ངས་ཁས་ལེན་བྱེད་མི་ཐུབ། དག་ཆ་མ་མཐུན་པ་དེ་ཚོ་ཚང་མའི་ཁུངས་གཞུང་ཆེན་པོ་དག་ལ་ཐུག་འདུག གཞུང་ཆེན་པོ་དག་ཀྱང་ཕན་ཚུན་མི་མཐུན་པ་མང་པོ་འདུག དེ་ནས་ཡོངས་གྲགས་ཀྱི་འབྲི་ཐབས་དེ་ཚོར་ཡང་བརྩི་འཇོག་བྱེད་དགོས་ངེས་སུ་མཐོང་།
ངས་རྟ་ཞོན། མེ་མདའ་ཁུར་ནས་ཨ་མྱེས་གྱི་ལིང་གི་ཉག་ཁར་སོང་སྟེ། ཉིན་གང་སྒོམ་སྡེར་སྒུག་བསྡད་པ་ཡིན་ཡང་། ཁོང་ཡོང་ཡ་མི་འདུག ཅིག་མ་ཉན་ནི་མིན་ན། ཁྱེད་ཚོའི་གཅིག་སོང་ང་ཅིག་ལྟོས་ར།
མདའ་ཚན་པ་ལགས།
ང་ཉིན་ཤས་རིང་དྲ་རྒྱར་ཡོང་ཁོམ་མ་བྱུང་བ་ན་ཁྱེད་ཀྱིས་རྔམ་བརྗིད་དང་རྫིག་རྫིག་གི་རྣམ་འགྱུར་མང་པོ་ཞིག་བསྟན་འདུག་ག ཀུ་རེ་ཡིན་ད།
རྩོམ་ཡིག་དངོས་གཞི་མིན་པར། ཐད་ཀ་ཐད་ཀར་བྲིས་པའི་མཆན་བུ་ཙམ་ལ་ཕན་ཚུན་ཡིག་ནོར་འདོན་རེས་བྱེད་ན་བསྐལ་པའི་བར་དུ་ཡང་ཐག་ཆོད་པ་ཞིག་མི་ཡོང་ངོ་། །
ངོས་ནས་ལ་དྭགས་པ་འཇམ་དཔལ་ལ་རྫོགས་ཚིག་ལ་ཉིས་ཤད་དགོས་ཚུལ་བཤད་ནས་ཚོགས་གཏམ་ཕུལ་བ་དེ་ཁྱོད་ཀྱིས་བརྗེད་ཟིན་ཏམ། ཁྱེད་ཀྱིས་༼སྒོམ་སྡེ་ལ་དྲི་བར་བྱ་བ་བཞི་གསུམ་བཅུ་གཉིས་ཞེས་བྱ་བ་བཞུགས་“སོ།”༽ཞེས་ཕྱག་འཚལ་ལོ་ཞེས་ལབ་པ་དང་ལམ་སེང་ཡིག་ནོར་ཞིག་བཟོས་འདུག རྗེས་སོར་རྫོགས་ཚིག་ལ་ཉིས་ཤད་དགོས་པ་མ་བསྙེལ་བ་གནང་རོགས།
ད་ཁྱེད་ཀྱི་དྲི་བ་ལྷག་མའི་ལན་རྣམས་མཐར་ཆགས་སུ་འབུལ་བ་ལ།
དྲི་བ་༡༣༽ ཕྲན་བུའི་ཕྲན་བུའི་ཡོང་གི་རེད་ཅེས་པའི་ནང་གི་འི་སྒྲ་དོན་གང་ལ་འཇུག
ལན༽ དེ་ཁྱེད་རང་བདེན།
དྲི་བ་༡༤༽ མགོ་ལོག་ཆེན་པོ་བཟོ་དང་གོ་ལོག་ཆེན་པོ་བཟོ་གཉིས་ལས་གང་དག གོ་བ་ཡག་པོ་མེད་པ་ཞིག་གིས་གོ་བ་མ་ལོན་པར་ལོག་འགྲེལ་བྱས་ན་གོ་ལོག་བཟོས་པ་མ་ཡིན་ནམ། ལན༽ འདི་ཁྱེད་རང་གིས་གོ་བ་མ་ལོན་པར་ལོག་འགྲེལ་བྱས་འདུག “མགོ་ལོག་རྩེད”ཅེས་པ་ཡུལ་སྐད་ལ་ནོར་འཁྲུལ་བྱས་པའི་དོན་རེད། གོ་ལོག་དང་གོ་དོན་ཡོངས་སུ་ཐ་དད་རེད།
དྲི་བ་༡༥༽ ཅིག་གིས་སྦྱོར་ཀློག་རྒྱག ཅིག་ཤོས་ཀྱིས་ཡིག་འབྲུ་རེ་རེ་ནས་དེད་དེ་ཞེས་པའི་ཅིག་གིས་ཟེར་བ་དེ། གཅིག་གིས་མ་ཡིན་ནམ། ཡང་། ཅིག་གིས་སྦྱོར་ཀློག་རྒྱག་ཟེར་ནས་རྒྱག་ད་ལྟ་བ་འབྲི་བ་དང་། ཅིག་ཤོས་ཀྱིས་ཡིག་འབྲུ་རེ་རེ་ནས་དེད་དེ་ཞེས་དེད་འདས་པ་འབྲི་དགོས་དོན་ཅི་ཡིན་ནམ། སྦྱོར་ཀློག་རྒྱག་མཁན་གྱིས་སྦྱོར་ཀློག་རྒྱབ་མ་ཚར་བ་ལ་ཞུ་དག་གཏོང་མཁན་ནས་ཡིག་འབྲུ་རེ་རེ་ནས་དེད་ཚར་བ་དེ་ཡང་ཡ་མཚན་ཆེ། ལན༽ “འདེད་དེ”ཞེས་པ་དེ་ཁྱེད་རང་བདེན། འོན་ཀྱང་“ཅིག་དང་ཅིག་ཤོས”ཟེར་བ་དེ། གཅིག་དང་ཅིག་ཤོས་ཡིན་ཚུལ་འགྲེལ་བཤད་གསལ་པོ་ཞིག་བསྐྱོན་རོགས། ངས་ཤེས་མ་སོང་།
དྲི་བ་༡༦༽ གླགས་མི་རྙེད་པའི་གླགས་དེ་ཐུབ་པ། བཟོད་པ། བསྲན་པའི་དོན་ལ་འཇུག་པའི་དཔེ་ཞིག་ཞོག་དང་། བཟོད་གླགས་མེད་པའི་གླགས་དེ་གོང་བཞིན་བཟོད་པའི་གོ་སྐབས་བྲལ་བའི་དོན་མ་ཡིན་ནམ།
ལན༽ ཁྱེད་ཀྱི་དྲི་བ་དེར་གོ་རྒྱུ་མི་འདུག ངོས་ནས་གླགས་ཞེས་པའི་ཚིག་འདི་ལ་གོ་དོན་མི་འདྲ་བ་ཡོད་ཚུལ་གོང་དུ་བཤད་ཟིན་མོད། ད་དུང་འདོད་ན་གཤམ་དུ་གཟིགས། གླགས་ཀྱི་གོ་དོན། ❶ གོ་སྐབས། དུས་ཚོད། དུས་སྐབས། གླགས་འཚོལ་ཞེས་པ་ལྟ་བུ། ❷ དྲལ་བའམ་ཕུག་པའི་དོན། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། གླགས་པ་ནི་གླགས་སམ་དྲལ་བའམ་ཕུག་པར་གྱུར་པའོ། །ཞེས་གསུངས་སོ། །❸ བསྲན་པ། ཐུབ་པ། ཐབས། བཟོད་པ། སྡུག་བསྔལ་བཟོད་གླགས་མེད་པ་ཞེས་པ་ལྟ་བུ། ❹ ལྷག་པ། བསྣན་པ། ཕུལ་བྱུང་། ཁྱད་འཕགས་བཅས་ཀྱི་དོན། མཛོད་རང་འགྲེལ་ལས། གདོན་མི་ཟ་བར་འབྱུང་སྟེ། ས་མང་པོ་པ་བཅུ་དང༌། དགེ་བའི་ས་མང་པོ་པ་བཅུ་དང༌། རྟོག་པ་དང་དཔྱོད་པའོ། །ལ་ལ་དག་ཏུ་འགྱོད་པ་བསྣན། །དགེ་བའི་སེམས་ཐམས་ཅད་ལ་ནི་འགྱོད་པ་མེད་པས་གང་ལ་ཡོད་པ་དེར་དེ་ཉིད་ཀྱིས་གླགས་ན་སེམས་ལས་བྱུང་བ་ཉི་ཤུ་རྩ་གསུམ་འབྱུང་ངོ་། །ཞེས་གསུངས་པས་སོ། །གཞན་ཡང་མཛོད་རྩ་བ་ལས། འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །ཞེས་དང་། མཛོད་རང་འགྲེལ་ལས། སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཚད་ཇི་ཙམ་ཞེ་ན། གླང་ཆེན་སོགས་བདུན་ཅུས་གླགས་པའི་སྟོབས་ཡིན་ནོ། །ཞེས་སོགས་མང་དུ་གསུངས་སོ། །དེས་ན་གླགས་པ་དང་། ཀླགས་པ་གཉིས་འབྲི་ཚུལ་ཙམ་ལས་དོན་གཅིག་ཡིན་པར་ཡང་ཤེས་པར་བྱའོ། །གླགས་པ་དང་། ཀླགས་པ། ལྷག་པ། བསྣན་པ། ཁྱད་འཕགས། ཕུལ་བྱུང་རྣམས་འདིར་མིང་གི་རྣམ་གྲངས་སོ། །
མཆན་བུ་༡༣པར།
ཁྱེད་ཀྱིས་༼དགོངས་དག སྐབས་དང་བསྟན་ནས་མ་རེད་སྐབས་དང་བསྟུན་ནས་རེད༽ཅེས་རང་གིས་
བཏང་བའི་སྐྱག་པ་དེ་རང་གིས་མགྱོགས་པོ་མགྱོགས་པོར་གཙང་མ་བཟོས་འདུག ཐུགས་རྗེ་ཆེ། ཧ་ཧ་ཧ།
མཆན་བུ་༣༣པར།
མཆན་བུ་༣༣པར་སྐྱོན་འདུག་ཀྱང་རེ་ཞིག་བཞག་གོ།
དགེ་འདུན་རབ་གསལ་ལགས།
ཁྱེད་ཀྱིས་གནང་བའི་དྲི་བ་དེ་དག་ལས་འགའ་ཞིག་ནི་མདའ་ཚན་པའི་ལན་ནང་སོང་ཟིན། གཞན་རྣམས་ནི་ཁྱད་པར་ཆེན་པོ་ཞིག་མ་མཐོང་བས་དེ་ཙམ་གྱིས་འཐུས་པར་བྱས་སོ། །
ངོས་ནས་སྔོན་མའང་ལན་མང་པོ་བཤད་པ་ཡིན་ད་དུང་ལན་ཅིག་བཤད་ཀྱི་ཡིན། རང་ལ་ལུང་རིགས་ཀྱི་སྒོ་ནས་སྐྱོན་བརྗོད་གནང་མཁན་དེ་དག་ནི་ཧ་ཅང་རྩ་བ་ཆེན་པོ་རེད། དེ་དག་རང་ལ་སྡང་སེམས་འཆང་མཁན་དང་དམའ་འབེབས་བྱེད་ལྟ་བུར་རྩ་བ་ནས་བརྩི་མི་རུང་། དེ་ལྟར་བྱས་ཚེ་རང་ལ་བློ་སྐྱེད་ཀྱི་སྒོ་མོ་བཀག་པ་ཡིན་ནོ། །དེས་ན་ངའི་ཡིག་ནོར་ཐེར་འདོན་གནང་མཁན་ཐམས་ཅད་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུའོ། །རྗེས་སོར་ཡང་ད་མུས་བཞིན་གནང་རོགས།
ཡ་ཡ་ཡ། ཐུགས་རྗེ་ཆེ།
ད་ངས་ཁྱོད་གཡག་ཆད་གད་པར་གཏུག་གི་མིན། ཁྱེད་རང་གིས་དྲིས་ལན་ཐད་ཀར་བཏབ་མི་འདུག མི་སྤྱང་པོ་རེད། དྲི་བར་གཡོལ་ཤེས་ཀྱི་འདུག དེ་ཡང་རིགས་ལམ་གྱི་འཕྲུལ་ཞིག་ཡིན་ན་ཐང་།ཡིན་ནའང་། འུ་ཐུག་པའི་འཕྲུལ་ཞིག་རེད།
མཁས་དབང་རྣམས་ལ་དྲི་བ་ཐུང་ངུ་ཞིག་ཞུ་བ། ཐོན༽ཟེར་བ་འདིར་ཡང་གསང་བ་ཞིག་འདུག་པས་གསལ་བཤད་བཀའ་དྲིན་མ་ཆུང་། སྐབས་རེར་དུས་སུ་བབས་པ་ལྟ་བུ། སྐབས་རེར་འབྱུང་ཁུངས་། སྐབས་རེར་བདེ་འཇགས་སོགས་གོ་བ་ཐ་དད་པར་འདུག་པ་འདིར་ཚབ་ཚིག་གཅིག་རྙེད་དམ། དཔེར་ན། བསྟན་རིམ་ལས། འཆི་བ་མི་རྟག་པའི་ཐོན་ཆོས་འདི་བསྒོམ། ཞེས་དང་། མགོ་ཐོན་གཞུག་འཁྱོངས། ལམ་ཐོན་དུས་འཛོམས། གཞན་དུ། ཐོན་ཕྱག ཐོན་ཚད། ཐོན་ཡུལ། ཐོན་སྒོ། ཐོན་བབས། ཐོན་སྐྱེད། ཕྱིས་ཐོན། སྔོན་ཐོན་སོགས་ལ་དཔྱད་པ་ཅིག་གནང་འཚལ
ལྷག་བསམ་རྒྱ་མཚོ་ལགས།
གཤམ་གྱི་ཐོན་པའི་སྒྲ་ནི་འགྲོ་བའི་དོན།
ཐོན་ཆོས། (འགྲོ་བ) (ཕྱི་མར་འགྲོ་བའི་གྲབས་བྱེད་པའི་ཆོས་ཡིན་པས་ན། ཐོན་ཆོས་ཟེར་བ་ཡིན་ཚོད)
ཐོན་ཕྱག (འགྲོ་བ)
ཐོན་དུས། (འགྲོ་བ)
ཕྱིས་ཐོན། (འགྲོ་བ)
སྔོན་ཐོན། (འགྲོ་བ)
གཤམ་གྱི་ཐོན་པ་ནི་ཡོང་བའམ། བྱུང་བ། མངོན་དུ་གྱུར་པ་བཅས་ཀྱི་དོན།
ཐོན་སྒོ། (ཡོང་བའམ་བྱུང་བ)
ཐོན་འབབ། (ཡོང་བའམ་བྱུང་བ)
ཐོན་སྐྱེད། (ཡོང་བའམ་བྱུང་བ)
གཤམ་གྱི་དེ་འཁྱོལ་བའི་དོན། (མཐར་འཁྱོལ་བའམ་ཁུངས་འཁྱོལ་ཞེས་པའི་འཁྱོལ)
མགོ་ཐོན། (འཁྱོལ་བ)
དཔེར་ན་རང་མགོ འདོན་པ། བཏོན་པ། གདོན་པ། ཐོན་༼སྐུལ་ཚིག༽ ཡང་། རང་མགོ་བཏོན་ནས་ཐོན་པ།
རང་གི་བསམ་ཚོད་ཙམ་ཞིག་ཞུས་པའོ། །
ཨ་མདོ་བས་ཁོང་ཅག་གི་སྐད་དེ་ཁུངས་དག་ཡིན་ཚུལ་བཤད་པ་ལ་རྒྱུ་མཚན་མེད་པ་མ་རེད། ང་ཚོ་བོད་ཀྱི་ལོ་རྒྱུས་དག་ཏུ་ཨ་མདོ་བ་རྣམས་བོད་ཀྱི་མཐའ་མཚམས་བསྲུང་བའི་ཕྱིར་བཏང་བའི་དམག་མི་རྣམས་དེར་གཞི་ཆགས་པ་ལས་མི་རིགས་མཆེད་ཚུལ་གསུང་བ་ལ་གཞིགས་ན། ཁོང་ཚོའི་སྐད་དེ་ཁུངས་དག་པ་ཡོད་ཅེས་བཤད་པ་དེ་ལ་རྒྱུ་མཚན་ཆེན་པོ་ཡོད། དཔེར་ན་Denmarkཌེན་མག་རང་དུ་ཡོད་པའི་ཁོང་ཅག་གི་མི་རིགས་དང་། Canadaཁེ་ན་ཌ་སོགས་ཡུལ་ལུང་གཞན་དུ་གནས་སྤོ་བྱས་པའི་ཁོང་ཅག་གི་མི་རིགས་གཉིས་ཀྱི་དབར་སྐད་ལ་ཞིབ་འཇུག་བྱས་ཚེ། ཡུལ་ལུང་གཞན་དུ་སྤོས་པ་དག་གི་སྐད་དེ་བསྲེ་ལྷད་མེད་པར་གནས་ཐུབ་འདུག་ཅེས་བརྗོད་ཀྱི་འདུག དེ་ལ་གཞིགས་ན་ཨ་མདོ་བས་ཁོང་ཅག་གི་སྐད་དེ་ཁུངས་དག་ཡིན་ཞེས་བཤད་པ་ལ་རྒྱུ་མཚན་མེད་པ་མ་རེད། དེ་བཞིན་དུ་ཁམས་པ། སྟོད་པ། ལ་དྭགས་པ་ལའང་རྒྱུ་མཚན་མཚུངས་པར་སྙམ་མོ། །
གོང་གི་དེ་མཆན་འཇོག་ས་ནོར་འདུག དགོངས་དག
སྤྱིར་བཏང་པ་བ་འཇུག་ཚུལ་འདི་ལ་རྟགས་འཇུག་རྩ་བར། ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས།། མོ་ཡིས་མོ་ཡི་མིང་མཐའ་དྲངས།། མ་ནིང་གིས་ནི་མ་ནིང་ངོ་།། གསུངས་པ་ལྟར་བྱས་ན་སྐད་རིགས་གཅིག་གྱུར་ལ་ཕན་རྒྱུ་རེད། འོན་ཀྱང་སུམ་རྟགས་འགྲེལ་མཛད་རྣམས་ཀྱིས་དེའི་བར་དུ། ས་བཅད་ཐེབས་པ་ཞིག་བཅུག་ནས། རྟགས་མཐའ་འདྲེན་པ་དང་བརྗོད་བདེ་འདྲེན་པ་ཟེར་ནས་བཀྲལ་བས།། མི་མཐུན་པ་བྱུང་བ་རེད་སྙམ། བརྗོད་བདེ་དྲངས་ན། དབུས་གཙང་ལ་བརྗོད་བདེ་ཡིན་ན། མདོ་ཁམས་ལ་བརྗོད་བདེ་མིན་པ་ཆགས། གྲོང་ཁྱེར་ལ་བརྗོད་བདེ་ཡིན་ན། གྲོང་གསེབ་ལ་བརྗོད་བདེ་མིན་པ་ཆགས་ནས། དེ་ནས་པ་བའི་རྫོགས་རྒྱུ་རྩ་ནས་མེད་པའི་རྩོད་པ་འདི་བྱུང་བ་དང་། ཐག་ཆོད་རྒྱུ་མེད་པའི་རྩོད་པ་འདི་བྱུང་བ་རེད། འོན་ཀྱང་མདོ་སྨད་ཀྱི་སུམ་འགྲེལ་ཚང་མ་ཡང་བདག་སྒྲ་སྟེང་དུ་སླེབས་པ་ན་གཅིག་གྱུར་ཞིག་མིན་པ་འདྲ། སྔར་རིག་གནས་གསར་བརྗེའི་སྐབས་སུ་སུམ་རྟགས་ཁྲིད་ཆོག་གི་མ་རེད། དེའི་དབུ་ན་ལྷ་འདྲེ་གདོན་བགེགས་ལ་མཆོད་བརྗོད་ཡོད་པ་རེད་ཟེར་ནས་མེ་འབར་བ་ལྟ་བའི་སྐབས་སུ། ཐབས་ལ་མཁས་པ། སྡེ་ཚ་ཨ་ཁུ་གསུང་རབ་ཚང་གིས་༼སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས༽་གསར་རྩོམ་གནང་ནས་མཚོ་སྔོན་སློབ་གྲྭ་ཆེན་མོར་ཐོག་མར་ཁྲིད་པའི་རྨང་གཞི་བཏིང་། དེའི་ནང་ན་འདི་ལྟར། སྤྱིར་ན་པ་བ་འཇུག་ཚུལ་ནི།། ག་ད་བ་ས་ན་མ་པ།། ང་འ་ར་ལ་མཐའ་མེད་བ།། བདག་པོའི་སྒྲ་ལ་པ་ཉིད་ཐོབ། དཔེ་ན་བཟོ་པ་ཞིང་པ་བཞིན།། འདི་འདྲ་བཟོས་འདུག།