སྒོམ་སྡེ་ལྷ་རམས་པ།
ངེད་རང་ཕྱི་ལོ་(༡༩༧༢)
ཕྱི་ཟླ་གསུམ་པའི་འགོ་སྟོད་ཙམ་ལ་སེ་ར་ཐེག་པ་ཆེན་པོའི་གླིང་གི་ཡ་གྱལ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་བསྡུས་གྲྭ་སོགས་ནང་ཆོས་སློབ་གཉེར་བྱེད་འགོ་བརྩམས།
༸གོང་ས་སྐྱབས་མགོན་ཆེན་པོ་མཆོགགི་ཞལ་སྔ་ནས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་དང་མདོ་སྔགས་ཀྱི་ ཆོས་བཀའ་མཐའ་ཡས་པ་ཞིག་གི་བཀའ་དྲིན་ཞུས་ཤིང་། ཕལ་ཆེར་(༡༩༨༧)ལོ་མཇུག་ཙམ་(ཡིན་ནམ་ སྙམ)ལ།
སེ་ར་ཆོས་སྒར་གྱིས་གཙོས་པའི་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་ལ་སློབ་གཉེར་ལེགས་ཉེས་གཟིགས་ཞིབ་སླད་ཆེད་གཏད་ཀྱིས་ཆིབས་བསྒྱུར་བསྐྱངས་ཏེ། སེ་རར་ཉིན་བཅུ་གཉིས་ཙམ་རིང་སྐུ་ངལ་འཛེམས་མེད་ཀྱིས་གྲྭ་དམངས་དང་གཅིག་མཚུངས་སུ་ཚོགས་ཕེབས་ཀྱིས་ཉིན་ལྟར་རྩོད་རྒྱུགས་ལ་གསན་གཟིགས་ཉིན་འཁྱོངས་མཛད་ཅིང་། ༸རྒྱལ་དབང་མཆོག་གདན་སའི་སློབ་གཉེར་དང་བརྩོན་པ་བཅས་ཀྱིས་ཐུགས་འཕྲོགས་ཏེ། དགྱེས་ཚོར་ཆེན་པོས་སངས་རྒྱས་ཀྱིས་བསྟན་པ་ཉུང་མཐར་ཡང་མི་ལོ་ལྔ་བཅུའི་རིང་བློ་བདེ་པོ་བྱེད་ཆོག་པ་འདུག་གསུངས་སྐད། སྐབས་དེ་དུས་༸རྒྱལ་དབང་མཆོག་གིས་བཀའ་སློབ་གནང་ཚད་ལ་གྲྭ་ཇ་མང་ཇ་གཏོང་རྒྱུ་ཡོད་ན་གྲྭ་ས་ལ་ཐོངས་། བསྙེན་བཀུར་བྱེད་རྒྱུ་ཡོད་ན་གྲྭ་ས་བྱོས་ཞེས་བཀའ་སློབ་ཡང་ཡང་ཕེབས་པའི་རྐྱེན་གྱིས། གདན་སའི་ཆེ་མཐོང་དང་མཚན་སྙན་ཡང་ལྷག་པར་རྒྱས་ཏེ་བསྙེན་བཀུར་ཞུ་མཁན་ཡང་མང་དུ་སོང་། དེ་དུས་ངེད་རང་འཛིན་གྲྭ་དབུ་མ་ལ་སླེབས་ཡོད་ཅིང་། དེ་ནས་བཟུང་༸རྒྱལ་ དབང་ཐམས་ཅད་མཁྱེན་པས་བོང་བ་གསེར་གཟིགས་ཀྱིས་བྱམས་གཟིགས་དང་སྤྱན་བསྐྱངས་ཚད་མེད་མཛད་དེ་སྐུ་གམ་དུ་ལན་གཉིས་བཀའ་འགུགས་ཀྱིས་གཟིམས་ཆུང་མཇལ་ཁ་དང་གསོལ་རས་གྱ་ནོམ་པ་བསྩལ།
གཞན་ཡང་ཉེ་སྔོན་ཕྱི་ལོ་(༢༠༠༤)ལོར་༸རྒྱལ་དབང་མཆོག་ཁེ་ན་ཌའི་གྲོང་ཁྱེར“ཀྲོ་རན་ཀྲོ”རུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀའ་དྲིན་ཆེ་སྐབས་ཚིག་མཛོད་ཀྱི་སྤར་ཕུད་སྤྱན་སྟར་ཞུས་པར་ཐུགས་དགྱེས་ མཉེས་ཆེན་པོས་སྤར་སྐྲུན་མཐུན་འགྱུར་ཨ་སྒོར་གསུམ་སྟོང་གསོལ་རས་བསྩལ་བ་སོགས་ཆོས་དང་ཟང་ ཟིང་གི་བཀའ་དྲིན་གྱི་ཕུང་པོ་ནི་ཚེ་རབས་མང་པོར་ཡང་གཞལ་བར་དཀའོ། །སྐབས་དེ་དུས་བཀའ་སློབ་སྤྱི་ བོར་ཕེབས་དོན་དུ། ཀྲོ་རན་ཀྲོ་སོགས་བོད་པའི་སྤྱི་ཚོགས་རྣམས་དང་། ཝཱ་རཱ་ཎ་སཱིའི་བོད་ཀྱི་ཆེས་མཐོའི་ གཙུག་ལག་སློབ་གཉེར་ཁང་སོགས་བོད་ཀྱི་སློབ་གྲྭ་ཆེན་མོ་རྣམས་སུ་དུས་དུས་སུ་སློབ་སྟོན་བྱེད་ཐུབ་ན་ ཡག་པོ་ཡོད་ཚུལ་གྱི་བཀའ་སློབ་ཡང་སྤྱི་བོར་ཕེབས།
ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། «སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང»ཆེན་པོ་ལས་དགེ་ཚུལ་གྱི་ བསླབ་སྡོམ་མནོས་ཏེ་མིང་ཐུབ་བསྟན་བསམ་གྲུབ་ཅེས་བསྩལ། «སེར་བྱེས་ཏྲེ་ཧོར་མཁན་ཟུར་བློ་བཟང་དབང་ཕྱུག་རིན་པོ་ཆེ་མཆོག»དང་། གཞན་ཡང་བསྡུས་གྲྭ་ནས་བཟུང་གཞུང་ཆེན་མོའི་བར་སློབ་ཁྲིད་ལམ་སྟོན་དང་བྱམས་སྐྱོང་གནང་མཁན་གྱི་བདག་གི་བླ་མ་མཁས་བཙུན་བཟང་གསུམ་གྱི་བདག་ཉིད་«ཡོངས་ འཛིན་དམ་པ་བྱ་བྲལ་དགེ་བཤེས་བཀྲ་ཤིས་འབུམ»གྱི་ཞལ་སྔ་ནས་དང་། འདུལ་མཛོད་བཀའ་དྲིན་ཞུ་སའི་བླ་མ་མང་ཐོས་འདུལ་བའི་མངའ་བདག་ཧར་གདོང་དགེ་བཤེས་ཐུབ་བསྟན་བཀྲ་ཤིས་མཆོག»དང་། ངེད་ རང་ཆུང་དུས་ནས་འཚོ་་སྐྱོང་གནང་མཁན་གྱི་ཤག་གི་དགེ་རྒན་
དགེ་བཤེས་བྱམས་པ་བརྩོན་འགྲུས»ལ་ སོགས་པ་བཤེས་གཉེན་དུ་བསྟེན་ཏེ། སློབ་གཉེར་ལ་བརྩོན་པ་མི་ལྷོད་པ་ཞིག་བྱས། གསར་བུའི་སྐབས་དཔེ་ ཆ་བལྟས་ནས་ཤི་ཡང་མི་འགྱོད་སྙམ་པའི་སེམས་ཤུགས་དང་ཆོད་སེམས་ཆེས་བརྟན་པ་ཞིག་ཡོད། ངེད་ཚོ་གསར་བུའི་སྐབས་མཁར་རྔ་མ་བརྡུང་གོང་སྐར་མ་བཅོ་ལྔ་ཉི་ཤུའི་གོང་ཆོས་གྲྭའི་ནང་རྩོད་སྒྲ་འུར་ཆིལ་ལེ་ སྡོད། དགེ་བསྐོས་ཀྱིས་མཁར་རྔ་དུས་ཐོག་མ་བརྡུངས་ན་ཁ་གཏོང་བ་སོགས་བྱེད། དེང་སང་ནི་དེ་ལས་གོ་ལྡོག་སྟེ་མཁར་རྔ་ཅུ་ཟད་བརྡུང་སྔས་ན་དགེ་བསྐོས་ལ་དམོད་མོ་འདེབས། དེ་དུས་བདུན་གཅིག་ཧྲིལ་པོ་སློབ་ གཉེར་བྱེད་ཅིང་སུས་ཀྱང་རྟིང་སྐུལ་མི་དགོས། གཟའ་མིག་དམར་གྱ(འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་བདུན་རེར་ཉིན་གཉིས་དགུང་སེང་ཡོད་ཀྱང་། གྲྭ་བཙུན་སྤྱི་དང་ལྷག་པར་གདན་ས་ཁག་ལ་དེང་སང་ཡང་ཉིན་གཅིག་ལས་དགུང་སེང་མེདདགུང་སེང་ཉིན་ཡང་མ་སྐུལ་དང་བླངས་ཀྱིས་པདྨོའི་མཚོ་ལ་ངང་མོ་འཇུག་པ་བཞིན་དུ་ཚོགས་དང་ཆོས་གྲྭར་དགའ་བཞིན་སྤྲོ་བཞིན་དུ་འཇུག ད་ལྟ་ཕྱི་མིག་ཅིག་བལྟ་དུས་སྐབས་དེ་དུས་ཀྱི་དགེ་བསྐོས་དང་མཁན་པོ་ནི་སྒྲིག་ལམ་གནོན་མི་དགོས་པ་སྐྱིད་པོ་རེད་འདུག་སྙམ།
དེ་དུས་གྲྭ་ཚོགས་ཆུངས་པས་རུང་ཁང་དུ་ཐབ་རེས་ཀྱང་བདུན་ཕྲག་གཅིག་ཧྲིལ་པོ་རྒྱུག་དགོས། འོན་ཀྱང་དཔེ་ཆ་ལ་དོ་དབྱིངས་ཧ་ཅང་ཆེ་བས་དགོང་མོའི་ཆོས་གྲྭ་རྩ་བ་ནས་འཆད་ཀྱི་མ་རེད། ངེད་ཚོ་གསར་བུའི་སྐབས་གླང་གོག་མེད་ན་གྲྭ་པས་ཐེར་ག་འཐེན་ནས་འཐུང་ཆུ་ལེན་དུ་འགྲོ་དགོས། དེ་ཡང་གྲྭ་པ་གཉིས་ཀྱིས་མདུན་ནས་འཐེན།གཉིས་ཀྱིས་རྒྱབ་ནས་འཕུལ་ཏེ་གྲྭ་ཚང་སྨད་ཀྱི་རུམ་ཐག་བཟོ་གྲྭ་ཡོད་སའི་ལུང་གཤོངས་དེ་ནས་གྲྭ་ཚང་གི་རུང་ཁང་(གྲྭ་ཚང་གི་རུང་ཁང་རྙིང་པ་དེ་ད་ལྟའི་སེར་བྱེས་འཕྲོད་བསྟེན་ཁང་གི་མདུན་དེར་ ཡོད)རྙིང་པའི་བར་འོར་འདྲེན་བྱེད་དགོས།ངེད་ལ་ཡོན་ཏན་ཅུང་ཟད་ཡོད་པ་འདི་ཁ་ལ་ཞིམ་ཟས་ཟོས། ལུས་ལ་གཟབ་མཆོར་སྤྲས། སྡོད་ས་སྐྱིད་པོ་ ཞིག་ལ་བསྡད་ནས་བྱུང་བའམ། ཡང་ན་ལྷན་སྐྱེས་ཀྱི་ཤེས་རབ་ཆེ་བས་མིན་གྱི།དཔེ་ཆ་ལ་བརྩོན་འགྲུས་དང་སྙིང་སྟོབས་བསྟེན་ཏེ་ཁ་ནས་ཁྲག་ལིང་བསྐྱུགས་བསྐྱུགས་ཀྱི་བར་སློབ་གཉེར་བྱས་པའི་ཉེར་འབྲས་ཡིན། ཚོགས་ཆོས་ཚུལ་བཞིན་འགྲིམས་པའི་དགེ་རྩ་འདི་གཅིག་པུས་ཀྱང་ཚོགས་གང་འཚམ་ཞིག་རྫོགས་ཡོད་པར་སྙམ། འཛིན་གྲྭ་ལྷ་རམས་ལ་སླེབས།དགེ་ཕྲུག་མང་དག་ཅིག་ཡོད་རུང་ཆེ་སྒྲོབ་དང་སྤམ་མདོག་མི་བྱེད་པར་ གསར་བུ་བ་རྣམས་དང་གཅིག་མཚུངས་སུ་སྲང་ལམ་དུ་དཔེ་ཆ་སྐྱོར་སྦྱང་བྱས་ཤིང་། འདུལ་སྡོམ་ནི་སེ་ར་བྱེས་པའི་ཟ་ཁང་རྙིང་པའི་སྒོ་འཆོར་འོག་མཚན་མོ་ཆུ་དང་ཆར་པའི་དཀྱིལ་ལ་བློ་འཛིན་བྱས། མདོར་ན་སློབ་གཉེར་བསྟན་པའི་གསོས་སུ་སྨན་པ་ཞིག་བྱས།འཚོ་གོས་ཞན་པ་དང་སློབ་གཉེར་ལ་ཧ་ཅང་ བརྩོན་ཆེས་པས་ཤ་སྐམ་རུས་སྐམ་ལ་སོང་ནའང་ཆོས་ལ་མོས་གུས་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་བརྩོན་པ་རྒྱུན་བསྲིངས་ཏེ་རྒྱལ་བསྟན་ཉག་ཕྲར་གྱུར་པའི་དུས་སུ་བཀའ་དྲིན་ཅན་གྱི་མི་རབས་གོང་མ་ལ་ ངེད་ཚོ་མི་རབས་རྗེས་མས་འཕྲོ་མཐུད་ཐུབ་པ་བྱུང་ནས་ད་ལྟ་སེར་བྱེས་མཁས་སྙན་གྲྭ་ཚང་ཞེས་སྙན་པའི་ གྲགས་པ་འཛམ་གླིང་ཡོངས་ལ་ཁྱབ་པ་འདི་ཉིད་བྱུང་བ་ལགས་སོ། །
ཕྱི་ལོ་(༡༩༧༢)ལོར་གྲྭ་ཚང་བྱེས་སྨད་གཉིས་ལ་དགེ་འདུན་ཞལ་གྲངས་སུམ་བརྒྱ་ལྔ་(༣༥༠)བཅུ་ལྷག་ཙམ་ ལས་མེད་ནའང་། ཕྱི་ལོ་(༡༩༩༣
ལོར་ངེད་རང་དགེ་བཤེས་གཏོང་སྒོ་གཏོང་སྐབས་སེར་བྱེས་གྲྭ་ཚང་གཅིག་པུར་ཡང་དགེ་འདུན་ཞལ་གྲངས་སུམ་སྟོང་ལྔ་བརྒྱ་(༣༥༠༠)བརྒལ་བ་འདུག ༸གོང་ས་མཆོག་གིས།
བཙན་བྱོལ་དུ་ཕེབས་ནས་མི་རིང་བར་ས་དགེ་བཀའ་རྙིང་སུ་མ་ཆད་པའི་དགེ་འདུན་པ་ཆིག་སྟོང་ལྔ་བརྒྱ་ཞིག རྒྱལ་བསྟན་སླར་གསོའི་སླད་རྒྱ་གར་ཤར་ཕྱོགས་སྦག་ས་ཞེས་པའི་ས་གནས་སུ་བཏང་པ་ཡིན་ཞེས་ཕྱི་ལོ་(༢༠༠༧༦༡)ཉིན་དྷ་སྟེང་བོད་ཁྱིམ་སློབ་གྲྭར་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་
ཀྱི་བཀའ་སློབ་བཀའ་དྲིན་ཆེ་སྐབས་སུ་བཀའ་བསྩལ།དཀྱུས་ལ་འཇུག་པར་བྱ་སྟེ། དེ་ནས་ཐེམ་སྐས་རིམ་འཛེགས་ཀྱིས་རིགས་ཆེ་ཆུང་གི་ཚོགས་ལངས
(སེ་ར་བའི་རིགས་ཆེ་ཆུང་གི་ཚོགས་ལངས་ཀྱི་བགྲོ་གླེང་བྱེད་སྟངས་འདི་ནམ་རྒྱུན་རྟགས་གསལ་གཏོང་སྟངས་དང་མི་འདྲ་བར་ཧ་ ཅང་གི་དཀའ་ལས་ཁག་པོ་ཞིག་ཡོད། འདི་སེ་ར་བའི་ཁྱད་ཆོས་ཤིག་ཡིན)དང་། ལྷག་པར་རིགས་ཆེན་ཚོགས་ལངས་ཨང་གཉིས་པའི་གཟེངས་གནས་ཐོབ། སེར་བྱེས་གྲྭ་ཚང་དུ་དགེ་བཤེས་གཏོང་སྔ་ཕྱིའི་གོ་རིམ་ནི་རིགས་ཆེན་ཚོགས་ལངས་ཀྱི་ཨང་ཐོབ་གོ་རིམ་ལྟར་ཡིན་པས་གལ་འགངས་ཆེན་པོར་བརྩི་ཞིང་། གྲྭ་ཚང་སྨད་ལ་དགེ་བཤེས་ཀྱི་གཏོང་སྔ་ཕྱིའི་གོ་རིམ་ཡང་རིགས་ཆུང་ཚོགས་ལངས་ཀྱི་ཨང་རིམ་ལྟར་འཇོག་པ་རེད། གཞན་ཡང་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་བཀའ་རམས་ལོ་རིམ་གཉིས་དང་། སློབ་དཔོན་ལོ་རིམ་གཉིས་ཀའི་རྒྱུགས་སྤྲོད་ཡང་ཨང་སྡེ་དང་པོའི་གྲས་ཤ་སྟག་ཏུ་ཡོད།
ཕྱི་ལོ་(༡༩༩༢
ལོར་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་ལུང་བཞིན་རྒྱ་གར་དུ་བྱེས་སུ་འབྱོར་ནས་སྔོན་ བྱུང་མ་མྱོང་བའི་ལྷ་རམས་རྒྱུགས་སྤྲོད་ཧ་ཅང་དམ་དོགས་ཆེ་བ་ཞིག་རྗེ་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ ལྡན་ཁྲི་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་མཆོག་གི་ཞལ་སྔ་ནས་དང་།ཤར་བྱང་གི་ཆོས་རྗེ་རྣམ་གཉིས། གྲྭ་ཚང་དྲུག་གི་མཁན་པོ་ལས་ཐོག་བཅས་གདན་འཛོམས་པའི་དབུས་སུ་ཉིན་ཧྲིལ་པོ་བཅུ་གཉིས་རིང་རྩོད་རྒྱུགས་སྤྱན་འབེབས་ལམ་ལྷོང་གིས། ཕྱི་ལོ་(༡༩༩༣)ལོར་ལོ་ངོ་ཉི་ཤུ་རྩ་གཅིག་སློབ་གཉེར་བགྱིས་རྗེས་གདན་ས་
ཆེན་པོ་སེ་འབྲས་དགའ་གསུམ་གྱི་དགེ་འདུན་ཁྲི་ཁྲག་བརྒལ་བའི་དབུས་སུ་ལྷ་རམས་དགེ་བཤེས་འཇོག་རྒྱུའི་ སྐལ་བཟང་ཐོབ།དེ་སྔ་ནི་འཛིན་གྲྭ་འཕོས་རིམ་བཞིན་དགེ་བཤེས་གཏོང་འགྲོ་བ་མ་གཏོགས་རྒྱུགས་འཕྲོད་ མ་འཕྲོད་ཀྱི་ཐ་སྙད་མེད་ཅིང་།ངེད་ཚོ་ནི་ཐེངས་དང་པོར་སོང་གཤིས་རྒྱུགས་སྤྲོད་དམ་དོག་ཧ་ཅང་ཆེས་ པས་རྩོད་རྒྱུགས་འབུལ་མཁན་གྱི་དགེ་བཤེས་ཉི་ཤུ་ལས་དཔེ་ཆ་དྲག་གྲས་འགའ་རེ་དང་བཅས་མི་བརྒྱད་རྒྱུགས་མ་འཕྲོད་པས་ཁོང་རྣམ་པ་ལྷ་རམས་པ་གཏོང་རྒྱུ་བཤོལ་དགོས་བྱུང་སོང་། གདན་གསུམ་གྱི་གྲྭ་ཚང་ཐམས་ཅད་ནས་རྒྱུགས་མ་འཕྲོད་པ་རེ་རེ་ལས་མི་ཉུང་བ་བྱུང་སོང་། བྱེས་པ་གྲྭ་ཚང་ནས་ངེད་དང་ངེད་ཀྱི་ཆོས་གྲོགས་མོན་པ་དགེ་བཤེས་བློ་བཟང་ཆོས་དར་ལགས་གཉིས་ཀ་རྒྱུགས་འཕྲོད་ཁུལ་རེད། རྩོད་རྒྱུགས་ཉིན་དང་པོའི་ཉིན་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་ནས་ལྷ་རམས་གཏོང་རྒྱུའི་གདེང་སྤོབས་ཡོད་ ངེས་ཤེས་པ་མ་གཏོགས་རང་གཞན་ངལ་ཞིང་སྐྱེངས་པའི་རྒྱུ་ཙམ་ལས་གོ་འཕེར་མ་བྱུང་ཚེ་ཐད་ཀར་མཛུབ་ བཙུགས་ཀྱིས་ཕྱིར་དབྱུང་གནང་རྒྱུ་ཡིན་སྐོར་གྱི་བཀའ་སློབ་ཚ་ནན་ཕེབས་པའི་རྐྱེན་གྱིས་འགའ་རེ་ནི་རྒྱུགས་ སྤྲོད་མ་བྱས་གོང་ནས་དགོངས་པ་རང་ཞུ་བྱེད་མཁན་ཡང་བྱུང་སོང་། དེའི་ཕྱི་ལོ་རྣམས་སུ་ངེད་ཚོ་ལ་གནང་པའི་དམ་དོག་གི་རྒྱ་དེ་ལྷོད་དུ་སོང་སྟེ། ཙི་ཙིའི་མཇུག་མ་ལྟར་གྱུར་འདུག་གོ། དེང་སང་ནི་དགེ་ལུགས་རྒྱུགས་སྤྲོད་འཕྲོད་མ་འཕྲོད་ཀྱིས་ལྷ་རམས་འོས་མིན་གྱི་དབྱེ་མཚམས་འབྱེད་ཀྱི་ཡོད་འདུག
དགེ་བཤེས་ལྷ་རམས་པའི་རྩོད་རྒྱུགས་ཀྱི་བྱུང་བ་མདོ་ཙམ་བརྗོད་ན། དེ་སྔ་བོད་དུ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐབས་གཞུང་ས་མཆོག་ནས་ནོར་བུ་གླིང་ཁའི་ཕོ་བྲང་གི་གཟིམས་ཆུང་ཉི་འོད་འཁྱིལ་ དུ་དགེ་བཤེས་ལྷ་རམས་པའི་རྩོད་རྒྱུགས་བཞེས་སྲོལ་ཕྱི་ལོ་(༡༩༡༩
ལོར་གསར་གཏོད་མཛད་ཅིང་། དེ་ནི་
སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་པའི་སྔ་ལོ་དེར་ཡིན་འདུག དེ་ལོར་རྩོད་རྒྱུགས་ཟིན་མཚམས་གདན་ས་སོ་སོའི་མཁན་པོ་རྣམས་བཀའ་འགུགས་ཀྱིས་འདི་ལོའི་དགེ་བཤེས་ གྲས་ནས་འགའ་ཤས་ལྷ་རམས་པ་མི་འོས་པ་ལྟ་བུ་འདུག་རུང་། ད་ལམ་རྩོད་རྒྱུགས་ཐོག་མར་སོང་གཤིས་ དམིགས་བསལ་རང་བབས་བཞག་པ་ཡིན་ཞིང་། ཕྱི་ལོ་ནས་བཟུང་དགེ་བཤེས་སློབ་གཉེར་བཟང་གྲས་གོ་འཕེར་ཤ་སྟག་མ་བྱུང་ཚེ་དོ་བདག་དགེ་བཤེས་ཕྱིར་འཐེན་བྱ་རྒྱུ་སྨོས་མེད་ཁར། གྲྭ་ཚང་སོ་སོའི་མཁན་པོར་ ཡང་ཉེས་བཀོད་གནང་རྒྱུ་ཡིན་ཞེས་བཀའ་ནན་ཕེབས་འདུག དེའི་རྟིང་ལོར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཚན་རྟགས་བཞེས་སྐབས་སྒོ་མང་ཨུ་ཆུ་མུ་ཅིན་སོག་པོ་ཧོ་ཐོག་གུར་བཀའ་ཉེས་གསེར་སྲང་བཅུ་དང་། སེར་བྱེས་ལྡན་མ་སྤྲུལ་སྐུར་གསེར་སྲང་ལྔ། སེར་སྨད་ར་ལྟག་དང་། དགའ་ཤར་འབའ་ཐར་གཉིས་ལ་གསེར་སྲང་རེ་བཅས་བཀའ་ཉེས་ཕབ་ནས་དགེ་བཤེས་རང་འཇགས་གནས་ཙམ་བྱུང་འདུག རྩོད་རྒྱུགས་སྐབས་རྒྱལ་དབང་མཆོག་ཀྱང་སྐབས་རེར་གཟིམས་ཆུང་ཉི་འོད་ཀྱི་གདེངས་ཆའི་གཟིམ་སྒོའི་ཡོལ་བའི་ཕག་ཏུ་བྱོན་ ནས་མངོན་ཆུང་གིས་གསན་གཟིགས་བསྐྱངས་ཀྱི་ཡོད་འདུགགནའ་བོར་གྲྭ་ཚང་སོ་སོའི་མཁན་པོས་དགེ་ བཤེས་བསྐོ་གཞག་མཛད་ཅིང་།རྒྱ་གར་དུའང་དགེ་བཤེས་མིང་རྟགས་མཁན་པོས་གནང་རུང་ལྷ་རམས་ པའི་གཏོང་སྔ་ཕྱིའི་གོ་རིམ་ནི་གོང་ཞུས་ལྟར་སེར་བྱེས་གྲྭ་ཚང་ལྟ་བུར་ཆ་མཚོན་ན་རིགས་ཆེན་ཚོགས་ལངས་ ཀྱི་ཨང་རིམ་གྱི་ཐོག་ནས་ཐག་ཆོད་འགྲོ་བ་རེད། ཞོར་འཕྲོས་ཀྱི་གནས་ཚུལ་འདི་དག་ལྐོག་ཏུ་ལུས་ན་ཕངས་པར་བསམས་ནས་གསུང་རྒྱུན་བཞིན་བཀོད་དོ། །སླར་ཡང་དཀྱུས་ལ་འཇུག་པར་བྱ་སྟེ།༸རྒྱལ་དབང་མཆོག་གི་སྤྱན་སྔར་དཀར་སྤྲོ་ཚོགས་ལངས་ལན་གཉིས་ སྤྱན་འབེབས་ཞུས་ཤིང་།བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་ ༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱིས་དབུས་ བཀའ་ཡི་མདུན་ན་འདོན་སོགས་གཞུང་ཞབས་ལྷན་རྒྱས་དང་།གཞན་ཡང་རྣམ་རྒྱལ་གྲྭ་ཚང་གི་མཁན་བླ་ འདུས་དམངས་དང་དེ་བཞིན་རིགས་ལམ་སློབ་གྲྭའི་དབུ་དགེ་རྒན་བློ་བཟང་རྒྱ་མཚོ་སོགས་གདན་འཛོམས་ པའི་དབུས་སུ་ལོ་གསར་གྱི་དཀར་སྤྲོའི་ཚོགས་ལངས་ཐེངས་གཉིས་སྤྱན་འབེབས་ཞུ་རྒྱུའི་སྐལ་བཟང་ཐོབ། དཀར་སྤྲོའི་ཚོགས་ལངས་དང་པོ་དེ་(༡༩༨༨
ལོར་ཕན་བདེ་ལེགས་བཤད་གླིང་ངམ་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་ལྡན་མ་བློ་ཆོས་རིན་པོ་ཆེ་མཆོག་ནས་༸གོང་ས་མཆོག་གིས་ཁོ་བོར་ཚོགས་ལངས་དགོས་ཀྱི་ བཀའ་ཕེབས་སོང་ཞེས་གསུངས་བྱུང་བར་ཚོགས་ལངས་ཀྱི་གྲ་སྒྲིག་བྱེད་པར་བདུན་གཉིས་ཙམ་ལས་མེད་ རུང་བཀའ་བཟློག་མ་ནུས་པར་དང་བ་ལྷུར་ལེན་གྱིས་སེར་བྱེས་བྱ་བྲལ་བློ་བཟང་རྡོ་རྗེ་དང་ངེད་གཉིས་ནས་ ཚོགས་ལངས་བྱས།དེ་དུས་ཚོགས་ལངས་ལམ་ལྷོང་གཟེངས་སུ་ཐོན་པ་བྱུང་སོང་བར་མང་པོས་བསྔགས་ བརྗོད་ཀྱི་མེ་ཏོག་གཏོར།སྐབས་དེ་དུ་རིགས་ལམ་སློབ་གྲྭའི་འགན་འཛིན་ངེད་ཀྱི་ཆོས་གྲོགས་དམ་པ་མཁས་ པའི་ཡང་རྩེ་ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་བློ་བཟང་རྒྱ་མཚོ་ལགས་ནས་“ཁོ་རྟགས་གསལ་དངོས་གནས་བོད་ཀྱི་རྟགས་གསལ་གཏོང་སྟངས་ནང་བཞིན་གཏོང་གི་རེད”ཅེས་བསྔགས་བརྗོད་ཀྱང་གནང་བ་མོན་པ་རྒན་ཐུབ་བསྟན་དགེ་འདུན་ནས་ཕྱིས་སུ་ངེད་ལ་གསུངས་བྱུང་། དེ་ནས་བཟུང་རྒན་ལགས་མཆོག་ནས་ཐུགས་བརྩེ་ཆེན་པོས་དྷ་སར་གསུང་ཆོས་ནམ་ཡོང་ལ་གནས་ཚང་སོགས་ཀྱི་བཀའ་དྲིན་མུ་མཐུད་ནས་ བསྐྱངས།ངེད་གཉིས་ཀྱི་ཚོགས་ལངས་དེ་བཞིན་ལམ་ལྷོང་གང་ལེགས་བྱུང་བའི་ཉེར་ལེན་གྱིས་དེའི་རྗེས་ལོ་ (༡༩༨༩)ནས་གདན་གསུམ་སོ་སོའི་ལོ་འཁོར་དགེ་བཤེས་རྣམས་ནས་ཚོགས་ལངས་བཞེང་ན་ཡག་པོ་འདུག་ ཅེས་༸གོང་ས་མཆོག་བཀའ་ཕེབས་ཏེ་དེ་ནས་བཟུང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལོ་གསར་གྱི་ དཀར་སྤྲོ་ཚོགས་ལངས་དེ་བཞིན་གདན་གསུམ་རེ་མོས་ཀྱིས་བཞེང་རྒྱུའི་ལམ་སྲོལ་གསར་པ་ཆགས་པ་རེད། ཕྱི་ལོ་(༡༩༨༩)
ལོར་སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནས་དཀར་སྤྲོ་ཚོགས་ལངས་བཞེངས་ཚོད་ཡོད་འདུག ངོས་ནས་དཀར་སྤྲོ་ཚོགས་ལངས་ཐེངས་གཉིས་པ་དེ་བཞིན་ཕྱི་ལོ་(༡༩༩༣)ལོར་ ཕྲན་ལྷ་རམས་པ་དམ་འཇོག་སྐབས་སྟེས་དབང་གིས་མ་བསྒྲིགས་ལྷུན་གྲུབ་བྱུང་སོང་།
སྔར་གྱི་འཕྲོས་ལ་འཇུག་པར་བྱ་སྟེ། ཕྱི་ལོ་(༡༩༩༣)ལོར་ལྷ་རམས་དམ་བཅའ་གྲུབ་རྗེས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་གདིང་རྒྱག་སྒྲིག་ཞུགས་ཀྱིས་སྤྱི་མཚུངས་ལྟར་གསང་སྔགས་ཀྱི་གཞུང་ལ་ཐོས་བསམ་གང་ནུས་ བྱས་ཤིང་།ལྷག་པར་ཆོ་ག་ཕྱག་ལེན་གྱི་སྐོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཆོད་གཡོག་བགྲེས་པ་རྒན་ བསམ་བཏན་མཐར་ཕྱིན་ལགས་མདུན་བར་གསེང་ཡོད་ཚད་ལ་སྦྱངས་ཤིང་ཁ་གཏད་དགེ་བཤེས་ཀྱང་ཟླ་བ་ དྲུག་རིང་བྱས། སྐབས་དེར་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བདག་བསྐྱེད། མདུན་བསྐྱེད། བུམ་ བསྒྲུབ།
སྦྱིན་སྲེག་དང་བཅས་པའི་ཆོ་ག་དང་འབྲེལ་བའི་ཕྱག་རྒྱ་སོགས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཕྱག་ བཞེས་ལྟར་གསར་བར་བཀོད་པ་ཟླ་བའི་འོད་སྣང་ཞེས་བྱ་བའི་ཟིན་བྲིས་ཤོག་ལྡེབས་(༦༤)ཅན་ཞིག་ཀྱང་བཏབ།
རྒྱུད་སྟོད་ཀྱི་ཆོས་ཐོག་ཟིན་ནས་སེ་རར་ཕྱིར་འབྱོར་མཚམས་སུ་གྲྭ་ཚང་མང་ཚོགས་ནས་འོས་འདེམས་ཀྱིས་ སློབ་གཉེར་དགེ་རྒན་དུ་བསྐོ་གཞག་གནང་།
ཕྱི་ལོ་(༡༩༩༥)ལོར་བླ་མ་བཟོད་པ་རིན་པོ་ཆེ་སེ་རར་ཕེབས་
ཞོར་ཞིག་ལ་གཟིམས་ཤག་ཏུ་ཆེད་འབོད་ཀྱིས་ཕྱི་རྒྱལ་དུ་འགྲོ་བློ་ཡོད་མེད་བཀའ་བརྩད་གནང་ནས་ཐེ་ཝེན་དུ་བསྐྱོད་ཐུབ་ན་ཐུགས་བརྟག་ལེགས་པོ་བབས་ཚུལ་གསུངས་བྱུང་། དེ་ཡང་བོད་གཞུང་ཆོས་དོན་ལྷན་ཁང་དང་བཀའ་བསྡུར་དགོངས་ཁྲོལ་འོག་ཚུལ་མཐུན་གྱིས་འགྲོ་རྒྱུ་ཡིན་སྐོར་གསལ་བཤད་གནང་བྱུང་ཡང་། སྐབས་དེར་ཐེ་བོད་གཉིས་དབར་སྲིད་དོན་གྱི་དཀའ་རྙོག་ཡོད་མུས་ཡིན་སྟབས་འགྲོ་རྒྱུ་བཤོལ། དེ་ནས་ལོ་གསུམ་རིང་ཨ་རིར་བཏང་གནང་བྱུང་།ཕྱི་རྒྱལ་དུ་བསྐྱོད་དགོས་པའི་རྒྱུའི་གཙོ་བོ་ནི་སྒོམ་སྡེ་ཁང་ཚན་གྱི་གྲྭ་ རྒྱུན་རྣམས་ལ་སྡོད་ཤག་དང་འདུ་ཁང་དང་དེ་རྒྱག་སའི་ས་ཆ་བཅས་ལ་ཧིན་སྒོར་ལྔ་འབུམ་ཙམ་གྱི་བུ་ལོན་ཆགས་པ་དེ་འཇལ་བའི་ཆེད་དང་། ཞར་ཞོར་གཞན་ལ་སློབ་ཁྲིད་བྱ་རྒྱུ་དང་དབྱིན་སྐད་སྦྱོང་རྒྱུའི་གོ་སྐབས་ཡོད་པ་དེ་ཡིན། འཇིག་རྟེན་གྱི་ཁ་དཔེར་ན། སེམས་ལ་སྡུག་བསྔལ་མེད་ན། བུ་ལོན་ཁག་འཁྱག་གྱིས། ལུས་ལ་ན་ཚ་མེད་ན། ཁྱི་རྔ་རྡོག་བརྫིས་ཐོང་།
ཞེས་པའི་གཏམ་དེ་བདེན་པར་སྣང་སྟེ་དེའི་སེམས་ཁྲལ་གྱིས་ལོ་ བཞིའི་རིང་ཉིན་མོ་ཟས་དང་མཚན་མོ་གཉིད་ཀྱང་ལེགས་པོ་མ་བྱུང་། ཁོ་བོ་ནི་བླ་མ་དཀོན་མཆོག་ལ་ཡིད་ ཆེས་བློ་འགེལ་བྱ་རྒྱུ་ལས་གཞན་མགོ་བདེ་དྲན་འཕྲུལ་གྱིས་བསྒྲུབས་པའི་ལོག་འཚོའི་འཚོ་བ་ལ་ཆུང་དུས་ནས་མི་མོས་ཤིང་། བུ་ལོན་གསབ་རྒྱུའི་དཔལ་འབྱོར་འདུ་འགོད་གནད་སྨིན་ཞིག་མ་བྱུང་རུང་། འོན་ཀྱང་ གནས་ཚུལ་དེ་དག་རིམ་པས་སྐྱབས་མཆོག་བཟོད་པ་རིན་པོ་ཆེའི་སྙན་ལམ་དུ་འཁྱོལ་ཏེ་ཐུགས་བརྩེ་ཆེན་ པོས་སྔ་ཕྱི་བསྡོམས་ཨ་སྒོར་བརྒྱད་སྟོང་གསོལ་རས་བསྩལ་བྱུང་བ་དེས་བུན་ཆགས་རྣམས་གཙང་འཇལ་གྱིས་ སེམས་ལྷོད་སིང་ངེ་བར་བདེ་བར་གཉིད་ལོག་རྒྱུ་བྱུང་། དེ་ནི་བཟོད་པ་རིན་པོ་ཆེའི་ཐུགས་རྗེ་ཉག་གཅིགཡིན་ པས་ཁོང་ལ་ལག་གཉིས་ཐལ་མོ་སྦྱར་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ལགས། ལོ་ཡུན་དེའི་རིང་ནུས་པ་ཡོད་དགུ་ཁང་ཚན་སྤྱི་ལ་བཏང་ནས་ངེད་རང་སྒེར་གྱི་ཤག་ལ་ནི་འགྱུར་བ་ སྣ་གཅིག་ཀྱང་གཏོང་རྒྱུའི་རྩོལ་བ་མ་བྱས་སོ། །
སྒོམ་སྡེ་ཁང་ཚན་འདི་ཉིད་གང་སྤྱིའི་ཐད་ནས་ཚགས་སུ་ཚུད་པ་ཞིག་བྱས་རྗེས། ཕྱི་ལོ་(༡༩༩༨)ནས་ད་བར་
མི་ལོ་བཅུ་གཉིས་རིང་གསང་ཡུམ་དྲིན་ཅན་འདི་ཙམ་ལས་གཞན་མཐུན་སྦྱོར་སྦྱིན་བདག་སོགས་གང་ཡང་ མེད་པར་འཚོ་བ་ངན་ངོན་ཙམ་གྱིས་ཆོག་ཤེས་པར་བྱས་ཏེ།གྲྭ་རྐྱང་ཞིག་དང་མཚུངས་པར་དཔལ་འབྱོར་ འདུ་འགོད་དང་དགྲ་འདུལ་གཉེན་སྐྱོང་སོགས་བློས་བཏང་སྟེ།འདོད་ཆུང་ཆོག་ཤེས་ཀྱི་རྟུལ་ཞུགས་བཟུང་སྟེ། རང་རེའི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་བརླག་ཏུ་འགྲོ་ལ་ཉེ་བའི་ཉེན་འཕྲང་ཅན་གྱི་དུས་ སྐབས་འདི་ལ། འཇིག་རྟེན་གྱི་ཁ་དཔེར།
མ་ཁྱོག་ཀྱང་འདྲུད་ཅེས་པའི་དཔེ་ལྟར་རང་ནུས་གང་ཡོད་ཀྱིས་མི་ རིགས་ཀྱི་ཞབས་འདེགས་སུ་ལྷག་བསམ་གྱི་ཞེན་པ་དཀར་པོས་མདོ་སྔགས་ཀྱི་གཞུང་ཆེན་མོའི་ཚིག་མཛོད་ རིས་མེད་མཁས་པའི་ཞལ་ལུང་ཞེས་བྱ་བ»འདི་ཉིད་བརྩམས། བོད་རིགས་སྤུན་ཟླ་སྤྱི་དང་། ལྷག་པར་གཞི་
ལུས་སྤུན་ཟླ་རྣམས་ནས་རང་གི་གཅེས་པའི་ལུས་སྲོག་ཀྱང་རང་མི་རིགས་ཀྱི་ཆེད་དུ་ཕངས་མེད་དུ་བཏང་ ནུས་ན།ངེད་ཅག་རང་དབང་ལུང་པར་ཡོད་པ་རྣམས་ནས་རང་མི་རིགས་ཀྱི་ཆེད་དུ་སྙན་གྲགས་དང་། དཔལ་འབྱོར། དུས་ཚོད་སོགས་ཅིས་ཀྱང་གཏོང་བར་རིགས་སོ། ། གཞན་ཡང་«གསང་བ་འདུས་པའི་རྫོགས་རིམ་གྱི་ཁྲིད་ཡིག་སྐལ་བཟང་དགའ་སྟོན་ཞེས་བྱ་བ»ཤོག་ལྡེབས (༤༥)ཅན་རྩོམ་འཕྲོ་དང་། «མཎྜལ་གྱི་འཁྲིད་ཡིག་ཕན་བདེའི་ཆར་འབེབས»ཞེས་བྱ་བ་ཤོག་ལྡེབས་ (༡༡)ཅན་དང་། «ཆོ་ག་དང་འབྲེལ་བའི་ཕྱག་རྒྱ་སོགས་ཀྱི་སྐོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཕྱག་བཞེས་ ལྟར་བཀོད་པ་ཟླ་བའི་འོད་སྣང»ཞེས་བྱ་བ་ཤོག་ལྡེབས་(༦༣)དང་། «ཤེས་རབ་སྙིང་པོའི་འགྲེལ་པ་ཡང་ དག་ལྟ་བའི་མིག་འབྱེད»ཅེས་བྱ་བ་ཤོག་ལྡེབས་(༢༣)དང་། «རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསོལ་
འདེབས་ངོ་མཚར་དང་བ་འདྲེན་པའི་ཤིང་རྟ»ཚིགས་བཅད་མ་དང་། «གཞོན་ནུའི་ཚིག་མཛོད་སེམས་ཀྱི་ ངལ་གསོ»ཞེས་བྱ་བ་ཤོག་ལྡེབས་(༢༥)ཅན་ལ་སོགས་པ་རྩོམ་ཐུང་མི་ཉུང་བ་ཞིག་བརྩམས་སོ། །
མདོར་ན་གདན་ས་ལོ་ཉེར་གཅིག་སློབ་གཉེར་བྱས་ཤིང་ད་ལྟ་ཡང་དཔེ་ཆ་ལྟ་མུས་ཀྱི་མི་ལོ་སུམ་ཅུ་སོ་བརྒྱད་ ལ་ཉེ་བ་ཞིག་རིང་ནང་ཆོས་ལ་སྦྱངས་པ་བྱས་ཤིང་། སེ་རར་དགེ་ཕྲུག་བརྒྱ་སྐོར་ཞིག་ལ་ལོ་བཅུ་བཞིར་དཔེ་ ཆ་སློབ་ཁྲིད་དང་ཕྱི་རྒྱལ་གཉིས་བསྡོམས་ལོ་ཉེར་གཉིས་ཙམ་གཞན་ལ་སློབ་ཁྲིད་བྱས་དང་བྱེད་མུས་སུ་ མཆིས་སོ། །
སྨྲས་པ། བསླབ་སྡོམ་ལང་ཚོ་ཉམས་ན་ཡང་། །ཤེས་རབ་ལང་ཚོ་ག་ལ་ཉམས། །
གླང་ཆེན་ཤི་བའི་མཆེ་བ་ལའང་། ། བ་སོར་ཆེས་ཆེར་བསྔགས་ལ་ལྟོས། །
ཤེས་རང་ལ་གཟེངས་པའི་ཚིག་གི་མཇུག་སྡུད་དང་བཅས་རང་གི་ལོ་ རྒྱུས་མདོར་བསྡུས་སུ་བཀོད་པ་རྫོགས་སོ། །
ཉིད་ཀྱི་ལོ་རྒྱུས་ཡག་པོ་བཀོད་འདུག་པས་ཐུགས་རྗེ་ཆེ།
བསླབ་སྡོམ་རྩ་བ་ཆད་པ་ན།
ཤེས་རབ་ལང་ཚོ་རྒྱས་འདྲ་ཡང་།
རྩ་ཆུ་རྐྱེན་ལ་ལྟོས་མེད་ཀྱི།
གྱིག་གི་ལོ་འདབ་ལྟར་མིན་ནམ།
ཟླ་འགའི་སྔོན་ནས་སྒོམ་སྡེ་ལྷ་རམས་ཞེས། །
མིང་དུ་འབོད་པས་ཁ་བརྡ་དྲ་རྒྱའི་ཐོག །
སྡེབས་ལེགས་དོན་བཟང་ཟིན་བྲིས་སྤེལ་མཁས་བོ། །
གང་ཟག་གང་དུ་གནས་བཅས་ཡེ་མ་ཚོར། །
དེ་རིང་འདི་རུ་ཉིད་ཀྱི་བྱུང་བ་དག །
མ་གསང་དྲང་བོར་གཏམ་གྱི་ཚིག་གི་ཕྲེང་།
ལྷུག་པར་བརྗོད་པ་དེ་ཡང་བདག་གིས་ནི། །
རྣམ་དཔྱོད་མཛེས་པའི་ཆས་སུ་ལྷག་པར་མཐོང་། །
ངལ་རྩོལ་ལེགས་པའི་གཞུ་ཡིས་འཕང་པའི་མདའ།།
གསེར་ཏོག་རྩེ་རེ་ཞིག་མཛེས་གྱུར་ཀྱང་།།
ཐབས་ཤེས་དཔུང་པའི་རྩལ་གྱིས་མ་འདང་པས།།
རིང་མིན་ས་རུ་ཟག་པའི་ཚུལ་དེས་སྐྱོ།།
གཟར་ཞིང་རིང་པའི་རྐང་ལམ་ཕ་མོ་བརྒྱུད།།
མཐོ་ཞིང་བརྗིད་པའི་ས་འཛིན་ཕྲག་ཏུ་འཛེགས།།
མེ་ཏོག་མདའ་ལྔའི་སྤྲུལ་བའི་ཡིད་དབང་མས།།
བྱམས་པའི་ཟོལ་གྱིས་སྔོན་གྱི་མལ་དུ་བསྙལ།།
སྔོན་གྲོགས་པོ་ཞིག་ལ་རྩེ་མོའི་ཚུལ་གྱིས་སྨྲས་པ་དེ་དྲན་པར་བྱས་སོ།
གཟར་ཞིང་རིང་བའི་རྐང་ལམ་ཕྲ་མོ་བརྒྱུད། དག་བཅོས
གསེར་ཏོག་རྩེ་རུ་རེ་ཞིག་མཛེས་གྱུར་ཀྱང་།
མཁས་དབང་སེངྒེ་རལ་བ་ཅན་ལགས།
པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་དབུ་མ་ཆེན་པོའི་ལུགས་གཉིས་རྣམ་པར་ཕྱེ་ནས་ངེས་དོན་གཅིག་ཏུ་བསྡུས་པ་རྒྱ་མཚོའི་སྤྲིན་གྱི་འབྲུག་སྒྲ་ཟབ་མོ་དང་།
བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་གྱི་གཞན་སྟོང་གི་གྲུབ་མཐའ་ལ་དཔྱད་པ་མདོར་བསྡུས་མཁས་པ་དགྱེས་པའི་གླུ།
ཏཱ་ར་ནཱ་ཐའི་དབུ་མ་ཐེག་མཆོག་མཛོད།
མཁན་ཆེན་གཞན་ཕན་མཐའ་ཡས་ཀྱི་ཕྱི་ནང་གི་གྲུབ་མཐའ་མདོར་བསྡུས་སུ་བཀོད་པ་འཇམ་མགོན་ཞལ་ལུང་བཅས་ཕྲན་ལ་སྐུར་རྒྱུ་བྱུང་ན་བཀའ་དྲིན་ཆེ། གུས་པ་གཞན་སྟོང་ལ་མཁས་པ་ཞིག་མ་ལགས་ཀྱང་སྙིང་ནས་དགའ་མཁན་ཞིག་ཡིན་པས་དད་མོས་ཀྱི་གསོས་འདེབས་སུ་ཐལ་མོ་སྦྱར་དེ་ཐུགས་རྗེ་ཆེ་ཞུ། །གུས་པའི་ཁ་བྱང་ནི། lhakbsam@yahoo
སྒོམ་སྡེ་ལྷ་རམས་པ་ལགས།
འདི་ལྟར་མི་ལོ་དེ་དག་གི་རིང་སྐུ་ངལ་བརྒྱ་ཕྲག་གི་ཁྲོད་ནས་རིག་པའི་ལང་ཚོ་རྒྱས་པར་ང་རང་ཡིད་དད་པར་གྱུར་། འདི་ལྟར་རྣམ་དཔྱོད་ཀྱི་ལེགས་སྐྱེས་དེ་དག་དྲ་ཐོག་ཙམ་མ་ཡིན་པར་གསར་ཤོག་སོགས་ལའང་གང་ཡང་བསྐུར་གནང་ཐུབ་ན། སྐུ་ཉིད་ཀྱིས་སྤྱི་ཚོགས་ལ་ཕན་བདེའི་བྱ་གཞག་མང་ཙམ་བསྒྲུབ་ཐུབ་པའི་དགེ་ཕན་ཆེ་སྙམ།།
སྒོམ་སྡེ་ལྷ་རམས་པ་ལགས།
ཁྱེད་རང་སྒོམ་སྡ་ཚིག་མཛོད་བརྩམས་གནང་མི་དེ་ཡིན་ནམ།་ཡིན་ན་ང་ལ་འབྲེལ་བ་ཞིག་གནང་རོགས།
ངས་དེ་སྔོན་ཁྱེད་ལ་སྒོམ་སྡེའི་སྐོར་ལ་ལོ་རྒྱུས་ཞུ་མྱོང་ཡོད།
ངའི་མྱུར་འཕྲིན་ནི་
gangkarlhamo@gmail.com