སྒྱུར་མཁན། ཐང་ང་ལྷ་མོ།
༼རྩོམ་པ་པོ་Virgin Radio Lebanon ཀྱིས་བརྩམས་པའི་”The last words to the daughter”ལས་བོད་བསྒྱུར་བྱས།༽
རྒས་ཤིང་འཁོགས་པར་གྱུར་པའི་ཨ་མ་ངའི་སྙིང་གི་ཟབ་ས་ན་ཡོད་པའི་གཅེས་ཕྲུག་མ། ཁྱེད་རང་གིས་ཨ་མ་ང་རྒས་བཞིན་པ་མཐོང་བའི་ཉིན་དེ་ནས་བཟུང་། ཨ་མ་ངས་ཁྱེད་ལ་རེ་བ་ཆེས་རྒྱག་འདོད་པ་ནི། ཨ་མས་ཅི་བྱེད་པ་དེར་ཁྱེད་ཀྱིས་བཟོད་སྒོམ་དང་བསམ་ཤེས་བྱེད་རྒྱུ་དེ་ཡིན།
ཨ་མས་ཁྱེད་དང་མཉམ་དུ་གླེང་མོལ་བྱེད་སྐབས། གླེངས་ཟིན་པའི་དོན་དག་དེ་དག་ཡང་ནས་ཡང་དུ་བསྐྱར་ཟློས་བྱེད་སྲིད་ཀྱང་། ཁྱེད་རང་གིས་དོན་དག་འདི་ནི་སྐར་ཆ་འགའི་སྔོན་ལ་གླེངས་ཟིན་པ་ཡིན་ཞེས་ཨ་མ་ལ་ཁེངས་ར་རྩ་བ་ནས་མ་གནང་རོགས། ཁྱེད་རང་གིས་རྣ་བས་ཨ་མ་ང་ལ་ཉན་རོགས། ཁྱེད་ཀྱིས་འདས་སོང་ལ་ཕྱིར་དྲན་ཐེངས་གཅིག་གྱིས་དང་། ཁྱེད་རང་ཆུང་ཆུང་བྱིས་པ་ཡིན་པའི་སྐབས་སུ། ཁྱེད་རྨི་ལམ་གྱི་ཞིང་ཁམས་ལ་སོང་བའི་སྔོན་དུ། ཨ་མ་ངས་ཁྱེད་ལ་སྒྲུང་གཅིག་རྟག་ཏུ་བཀླགས་ཡོད་པ་དེ་ཁྱེད་ཀྱིས་དྲན་པ་བརྗེད་མེད་དམ།
ཨ་མས་གཟུགས་པོ་བཀྲུ་མ་འདོད་པའི་སྐབས་སུ། ཁྱེད་ཀྱིས་ཨ་མ་ང་ལ་འཕྱ་སྨོད་དང་ཟུར་ཟ་མ་བྱེད་རོགས། ཁྱེད་རང་ཆུང་ཆུང་བྱིས་པ་ཡིན་པའི་དུས་དེར། ཁྱེད་ཀྱིས་བྱ་བ་ག་གེ་མོ་ཞིག་ལ་ཁ་གཡར་ནས་ཐག་རིང་ཐུང་ལ་མ་ལྟོས་པར་བྲོས་སྐབས། ཨ་མ་ང་ཁྱེད་ཀྱི་རྗེས་སུ་བསྙེགས་ནས་ཕྱིར་ཁྲིད་དེ་ཁྱེད་རང་ལ་ཁྲུས་རྒྱག་བཅུག་པའི་གནས་ཚུལ་དེ་དག་དྲན་པ་བརྗེད་མེད་དམ། དེང་དུས་ཀྱི་འཕྲུལ་ཆས་ཡར་རྒྱས་འགྲོ་བཞིན་པའི་གནས་སྐབས་འདིར། རྒས་ཤིང་འཁོགས་པར་གྱུར་པའི་ཨ་མ་ངས་ཅི་ཡང་མི་ཤེས་པས། ཁྱེད་ཀྱིས་ཨ་མ་ང་ཅི་འདྲའི་དོ་སྣང་དབེན་པ་དང་རྨོངས་པ་ཡ་མེད་ཅིག་རེད་སྙམ་སྲིད་ཀྱང་། རྒྱུ་མཚན་དེས་ཨ་མ་ང་ལ་སྡང་མིག་གིས་མ་ལྟ་རོགས། ཨ་མ་ང་ལ་དེ་སྦྱོང་བའི་གོ་སྐབས་སྤྲོད་དང་། ཨ་མའི་གཅེས་ཕྲུག་མ། ཁྱེད་ཀྱིས་ཤེས་སོང་སམ།
ཁྱེད་རང་བྱིས་པ་ཆུང་ཆུང་ཡིན་དུས། ཁྱེད་ལ་འཇིག་རྟེན་གྱི་བྱ་བ་ཆེ་ཕྲ་ཆུང་གསུམ་ཀུན་ཐོག་མར་སློབ་མཁན་ནི་ཨ་མ་ང་རང་ཡིན། ཨ་མས་ཁྱེད་རང་གི་གོམ་པ་སྤོ་སྟངས་དང་། སྐད་ཆ་བཤད་སྟངས། ཟས་ཟ་སྟངས། གོས་གྱོན་སྟངས་དང་། ཐ་ན་སྐྲ་བཤད་སྟངས་སོགས་མི་ཚེའི་ནང་གི་དཀའ་ཁག་གང་མང་མང་ཞིག་ལ་གདོང་ལེན་ཇི་ལྟར་བྱ་དགོས་མིན་གྱི་སྐོར་བསླབ་བྱ་མང་ཐག་ཆོད་ཅིག་བྱས་ཡོད། ད་ནི་ཨ་མ་ང་ལ་རེ་བ་ཉག་གཅིག་ཡོད་པ་དེ། ཁྱེད་ཀྱིས་ཨ་མ་ལ་བཟོད་སྒོམ་དང་བསམ་ཤེས་བྱེད་རོགས་གྱིས།
སྐབས་རེར་འུ་ཅག་མ་སྨད་གཉིས་ཀྱིས་བརྗོད་གཞི་ཞིག་གི་ཐོག་ནས་གླེང་མོལ་བྱེད་བཞིན་པའི་མཚམས་སུ། ཨ་མས་གློ་བུར་དུ་བརྗོད་སྙིང་དེ་བརྗེད་ནས་དྲན་པ་སོས་མི་ཐུབ་པར་གྱུར་ཀྱང་། སྐབས་དེར་ཁྱེད་རང་གི་ཨ་མ་ང་ལ་སྡུག་སྨོད་དང་ངང་རྒྱུད་ཐུང་ཐུང་ཞེས་ཁེངས་དྲེགས་དང་བཅས་ཏེ་མ་ཟེར་རོགས། དེ་ལས་རྒས་ཤིང་འཁོགས་པར་གྱུར་པའི་ཨ་མ་ང་ལ་དྲན་གསོ་བྱེད་རོགས། གལ་སྲིད་དེ་ལྟར་མ་ཐུབ་ན་ཡང་། ཁྱེད་ཀྱིས་སེམས་སུ་ད་སྐབས་ནི་ཆེས་གལ་ཆེ་བ་དེ་ང་རང་ཨ་མའི་འགྲམ་དུ་ངེས་པར་སྡོད་རྒྱུ་དེ་ཡིན་བསམས་ན་ཨ་མ་ལ་དེས་ཆོག་པ་རེད།
རྒས་ཤིང་འཁོགས་པར་གྱུར་པའི་ཨ་མ་ངའི་ལྗིད་ཏིག་ཏིག་གི་ཁོམ་ཁ་བསྒྱུར་མ་ཐུབ་པའི་སྐབས་སུ། ཁྱེད་ཀྱིས་སྔར་ལྟར་ཨ་མ་ཁྱོད་མགྱོགས་པོ་མགྱོགས་པོར་རྒྱུགས་ཤིག་ཅེས་ནམ་ཡང་མ་ཟེར་རོགས། ཁྱེད་རང་ལོ་གཅིག་ཟིན་པ་དང་གོམ་ཁ་ཐོག་མར་སྤོ་དུས་ཨ་མས་ཁྱེད་ལ་བརྩེ་བའི་ངང་ནས་ལག་ཟུང་ལྷོད་པོར་བརྐྱངས་ཏེ་ཁྱེད་རང་གང་འདོད་འདོད་དུ་ཁྲིད་པ་ནང་བཞིན། ད་ནི་ཁྱེད་ཀྱིས་ཀྱང་རྒས་ཤིང་འཁོགས་པར་གྱུར་པའི་ཨ་མ་ང་ལ་ལྷོད་ལྷོད་ངང་ལག་ཟུང་གིས་དལ་གྱིས་སྐྱོར་རོགས།
དུས་ཚོད་ཀྱི་བརྒྱུད་རིམ་དེ་དག་དངོས་སུ་སླེབ་སྐབས་ཁྱེད་རང་ཡིད་མ་སྐྱོ་ཨ། སེམས་མ་སྡུག་ཨ། བློ་མ་ཕམ་ཨ། ཨ་མ་ངའི་མི་ཚེ་ནི་འདི་ལྟར་བརྩེ་བ་དང་ལྷན་དུ་མཇུག་སྒྲིལ་སོང་། ཁྱེད་རང་གིས་ཨ་མ་ལ་གནང་བའི་དུས་ཚོད་དང་བློས་གཏོང་ད་དུང་བཟོད་སྒོམ་དང་བསམ་ཤེས་སོགས་ནི་ཨ་མའི་མི་ཚེའི་ནང་གི་ཐོབ་མྱོང་མེད་པའི་ཆེས་རིན་ཐང་ཆེ་བའི་ལེགས་སྐྱེས་ངོ་མ་དེ་ཡིན། ཨ་མའི་བཅོས་མིན་གྱི་འཛུམ་མདངས་དང་ལྷད་མེད་ཀྱི་བརྩེ་ཞེན་དེ་དུས་ནམ་ཡང་འགྱུར་བ་མེད་ཅིང་འབྲལ་བ་མེད་པར་ཁྱེད་རང་དང་ལྷན་དུ་ཡོད་ངེས་ཡིན། ཨ་མ་ང་ཁྱེད་ལ་དགའ་ཞིང་དུང་། ཨ་མའི་སེམས་ཀྱི་ནོར་བུ་མ།
༢༠༡༤/༨/༣༡
རྩོམ་རབས་ཤིག་རེད།