ལྷ་ལུང་རྒྱལ།
སློབ་གཉེར་བའི་ལོ་འཁོར་བཤད་རྒྱུགས་ཆེན་མོར་ཉན་པ།
ཨི་ནེས་ཞེས་པ་ནི་བོད་ཡུལ་དབུས་ཁུལ་གྱི་སྐད་ཆའི་སྦྱོར་མཚམས་གང་སར་ཐོན་པའི་ཚིག་གྲུབ་མཐུད་སྦྱོར་བྱེད་པའི་རང་དབང་ཅན་གྱི་ཚིག་ཕྲད་ལྟ་བུ་ཞིག་གམ་ཡང་ན་ངག་གི་དབུགས་རྩོལ་དང་སྨྲ་ལྕེའི་འདུ་བྱེད་ཀྱི་ངལ་གསོའི་མཚམས་ཀྱི་ནུས་པ་ཐོན་ལ། སྐབས་བབ་བརྗོད་དོན་དང་མ་འབྲེལ་བའི་ངག་སྦྱོར་གྱི་གྲུབ་ཆ་ལྷག་མ་ཅིག་ཡིན་ཞིང༌། ཚོགས་སུ་གཏམ་གླེང་དང༌། ཕན་ཚུན་ཤགས་འགྱེད་ཀྱི་སྐབས་སོགས་སྨྲ་ལྕེ་གཡོ་འགུལ་གྱི་དུས་ནམ་དུའང་རུང༌། རྒྱུན་ལྡན་གྱི་སྤྱི་ཚོགས་འཚོ་བའི་ཁྲོད་ཨི་ནེས་ངག་འདྲིས་སུ་སོང་བའི་མི་ཞིག་ཡིན་ཕྱིན། དེས་རང་ཉིད་ཀྱི་སྐད་ཆའི་དམ་ལྷོད་དང༌། དབྱངས་ཀྱི་མཐོ་དམན། བསྟན་དོན་ཉིང་བསྡུས་སོགས་མདོར་ན་སྐད་ཆའི་སྟེང་གི་ཕ་རོལ་འགུགས་ཤུགས་ཀྱི་ནུས་པར་ཚབས་ཆེའི་གཏོར་བརླག་ཐེངས་ཀྱིན་པ། སྨྲ་བ་པོའི་ངག་གི་སྤང་བྱར་གྱུར་ཡོད་སྟབས། འཕོང་འཕྱིས་ཀྱི་རྡོ་ལྟར་བོད་སྐད་ཡིག་གི་བེད་སྤྱོད་འཁོར་སྐྱོད་ཀྱི་བྱེད་ལས་ཁྱབ་ཁོངས་དང་རིང་དུ་དབྲལ་པར་མཐོང་མོད་ཀྱང༌། འོན་ཏེ། དབུས་ཀྱི་སྐད་ལ་བྱང་འདྲིས་སུ་སོང་ཡོད་རིགས་དང༌། མདོ་ཁམས་ཀྱི་སྐད་དང་འདྲེས་སྦྱོར་བེད་སྤྱོད་བྱེད་མཁན་གྱི་མི་སུ་ཞིག་ཡིན་རུང༌། བརྗོད་ངག་རྒྱས་བསྡུས་དང༌། གསལ་དག་སྙན་པོ་ཡིན་མིན་ལ་མ་ལྟོས་པར། ངག་ལ་སྤྱད་པའི་གྲངས་ཀྱི་མང་ཉུང་ཙམ་ལས། བྱུ་རུའི་ཕྲེང་བའི་མཚམས་ལ་རྡོ་རིལ་བཏགས་པ་ལྟར་འོས་འགབ་གཏན་ནས་མེད་བཞིན། ངག་ལས་འགོག་མེད་དུ་བྱུང་བ་ནི་འདྲ་མཉམ་ཡིན།
དེ་ལྟར་ཨི་ནེས་ཟེར་བ་འདི་དམིགས་གསལ་བོད་མི་དང༌། ཁྱད་པར་བོད་ཡུལ་དབུས་ཀྱི་སྐད་སྦྱོར་དང་དུ་ལེན་མཁན་ཚོའི་ངག་ལས་བྱུང་བའི་མིང་གི་ཐ་སྙད་རེའི་ལྷན་སྐྱེས་ཀྱི་སྒྲའི་གྲུབ་ཆ་ལྟ་བུ་ཞིག་ལ་གྱུར་འདུག་པ་འདི་ཅི་ཡིས་ཞེ་ན། གནད་དོན་དེ་ལས་སླ་མོས་ངོས་འཛིན་བྱ་ཐུབ་པ་ཞིག་མ་ཡིན་ཡང༌། དེ་དོན་བསམ་གཞིག་འཚོལ་ཞིབ་ཀྱིས་བསྐྱེད་པའི་འདོད་ཚུལ་ཁ་ཤས་ཡོད་པ་ནི།
དང་པོ། ཨི་ནེས་ནི་སྨྲ་ལྕེའི་འཁྱུག་རྩལ་གྱི་ཚད་གཞི་དམན་ཞིང་ངག་གི་ལྷན་སྐྱེས་ཀྱི་སྒྲ་ལྷུག་པར་འབྱིན་མི་བདེ་བར། འཛར་འཛར་དང་ཀྱག་ཀྱོག་ཆེ་བའི་ངག་གི་ལམ་བུ་བརྒྱུད་དགོས་པའི་རིགས་གཅིག་ལ་མཁོ་བའི་ཚིག་གི་འབྱིན་རོགས་ལྟ་བུ་ཞིག་སྟེ། ཚིག་རེའི་རྗེས་ལ་ཨི་ནེས་རེ་རྒྱག་ཅིང༌། གལ་སྲིད་མིང་གི་ཐ་སྙད་བརྒྱས་གྲུབ་པའི་ཚིག་གི་ཕྲེང་བ་ཞིག་ངག་ལས་དཀྲོལ་བའི་དབང་དུ་བཏང་ན། དེ་རུ་བརྗོད་དོན་མི་སྟོན་པའི་ཨི་ནེས་བརྒྱ་ཡོད་ཤག་ལ། ད་དུང་དགོས་མེད་འབྲེལ་མེད་ཀྱི་ངག་གི་སྦྱོར་བ་གཞན་རེ་འགའ་བཅས། དམིགས་དོན་སྟོན་བྱེད་ཀྱི་མིང་གི་ཐ་སྙད་ལས། ཨི་ནེས་སོགས་མང་བར་གྱུར་བས། གསེར་ལ་ས་རྡུལ་བབ་པ་བཞིན། ངག་རྩལ་གྱི་འགུག་ཤུགས་ཡོད་རྒྱུ་ཕར་ཞོག མཐའ་དོན་ཅི་ཞིག་བཤད་འདོད་པའི་དོན་གྱི་ཕུང་པོའང་རྙེད་མི་ཐུབ་པ་ཡིན།
གཉིས་པ། ཨི་ནེས་ནི་འཚོ་གནས་ཁོར་ཡུག་གི་དབང་གིས་ཆུང་ནས་དགོས་མེད་ངག་འདྲིས་སུ་སོང་བའི་སྒྲའི་ཆ་ཤས་ཤིག་སྟེ། ཚིག་གི་བར་མཚམས་གང་རུང་ལ་ལན་རེར་མ་སྦྱར་ན་མི་བདེ་བའི་ཚོར་བ་ལྟ་བུ་ཞིག་གིས་ངག་ནས་དབང་མེད་དུ་ཤོར་འགྲོ་ཡི་ཡོད་ལ། དེས་ཀྱང་ཚིག་སྦྱོར་ཚགས་ཚུད་དང༌། སྐད་ཆའི་འགུག་ཤུགས་ཀྱི་ནུས་པ་ཆུང་ནས་ཆུང་དུ་གཏོང་གི་ཡོད།
གསུམ་པ། ཨི་ནེས་ནི་བལ་བོའི་སྐད་དེ་དེས་དང་སྒྲ་ལྟ་བུའི་ནུས་པ་ཞིག་ཐོན་གྱི་ཡོད་སྐད་འདུག་ནའང༌། བོད་པས་དང་སྒྲའི་ཚབ་ཏུ་མི་སྤྱོད་པར་ཕལ་ཆེ་དེ་ནས་དང་གཅིག་མཚུངས་སུ་སྤྱོད་ཀྱི་ཡོད་པ་རེད། འོ་ན། བོད་རང་སྐད་དུ་དེ་ནས་ཞེས་པ་གོང་འོག་མཚམས་སྦྱོར་གྱི་ངག་སྦྱོར་ཡོད་བཞིན། དེ་དོད་ཨི་ནེས་སྤྱོད་དགོས་པ་ཅི་ཞིག་གིས་ཡིན་ནམ་ཞེ་ན། ངག་ལས་འབྱིན་བདེ་ཡོད་མེད་ཀྱི་དབང་གིས་ཨི་ནེས་ཞེས་པར་འབྱིན་པ་པོའི་ངག་གི་བྱེད་རྩོལ་ཆུང་ཞིང༌། སྨྲ་ལྕེས་ཕྱི་ལ་འབྱིན་པར་སླ་བ་སོགས་ཀྱི་ཁྱད་ཆོས་ཡོད་པར་བརྟེན། ཐུ་བྷོད་མི་རིགས་ཀྱི་སྐད་ལ་བཙན་འཛུལ་གྱི་གོ་སྐབས་རྙེད་དེ། མི་རིགས་རང་གི་སྐད་ཆའི་ཁྱད་ཡོན་སྐོར་ཞིག་དམར་གསོད་བཏང་བ་དང༌། བཙན་གྱིས་གནས་ནས་དབྱུང་བ་བཅས་ཐུ་བྷོད་མི་རིགས་འདིའི་སྐད་ཀྱི་རང་བཙན་ལ་བློ་ལས་འགོངས་པའི་གཏོར་རྒོལ་ཐེབས་ཡོད།
བཞི་པ། ཨི་ནེས་དང་ཀྭེ་སོགས་ལོ་ཙཱས་བོད་སྒྱུར་མ་བྱས་ཤིང༌། བོད་རང་གི་སྐད་ཀྱི་དགོས་མཁོས་བཏང་བའི་ཆལ་ཆོལ་གྱི་སྒྲ་ལྡོམ་ཁྱུ་གཅིག ཞིང་ཁའི་ལྡུམ་བུ་ཇི་བཞིན་ཐུ་བྷོད་མི་རིགས་ཀྱི་སྐད་ཆའི་ཞིང་སར་སྐྱེས་ཟིན་པ་དང༌། འབུས་གྱིན་པའི་ངང་ཚུལ་འདི་ནི་མི་རིགས་ཉམས་རྒུད་ཀྱི་རྟགས་མཚན་ངོ་མ་དེ་ཡིན་པས། མ་འོངས་མི་རིགས་དར་རྒུད་ལ་བློའི་སེམས་ཁུར་ཡོད་པ་ཞིག་དང༌། རིག་གཞུང་གཅེས་གཉེར་གྱི་བགྱི་བ་དོན་དུ་བཞེས་མཁན་ཞིག་ཡིན་ན། མགོ་རང་ཉིད་ནས་བཟུང་སྟེ། སྐད་ཀྱི་བཙན་རྒོལ་འཐབ་རྩོད་བྱ་རྒྱུ་ནི་མི་རིགས་འཕེལ་རྒྱས་དང༌། རིག་གཞུང་གཅེས་གཉེར་གྱི་དགོས་མཁོའི་ཐབས་ལམ་བླ་ན་མེད་པ་དེ་ཡིན་པར་སྙམ་མོ།།
ཉིན་དེའི་སློབ་གྲོགས་ཚོའི་གཏམ་གླེང་འདུ་ཚོགས་ལ་ཞུགས་ཤིང༌། ཁོ་ཚོའི་ངག་གི་ཉམས་འགྱུར་འདྲ་མིན་བརྒྱུད། ཁད་ཀྱིས་ཆོད་ཅིང་རྒྱང་ཐག་རིང་བའི་འཇིག་རྟེན་ཞིག་གི་ལྟད་མོ་མང་པོ་མཐོང་སོང་བ་ནས། གཅིག་ནི་ཨི་ནེས་རེད། ཉིན་རེའི་བསམ་བློའི་འཁོར་སྟངས་མི་འདྲ་བའི་དབང་གིས། ཉིན་དེའི་ཨི་ནེས་དང་ངེད་གཉིས་གདོང་ཐུག་མང་པོ་ཞིག་རྒྱག་དགོས་བྱུང་ཞིང༌། གདོང་ཐུག་རེའི་སྐབས་ཀྱི་ན་ཟུག་བཟོད་དུ་མི་བཏུབ་ཅིང༌། འཇགས་ཐབས་མ་རྙེད་པས། མི་ཡུལ་ལ་འདི་ལྟར་འུ་ཐུག་གི་ངུ་འབོད་ཐེངས་ཤིག་བྱས་པ་ཡིན།།
ཉིད་ཀྱིས་ཤིང་ལ་མི་དགོས་པའི་འཛེར་བ་ལྟ་བུར་མཐོང་བའི་ཨི་ནེས་ཞེས་པའི་ཚིག་སྐྱག་དེ་དོན་གྱིས་འུང་ནས་ཟུར་ཆག་པ་ཡིན་ཤས་ཆེ་སྟེ། ཏུང་ཧོང་གི་ཡིག་རྙིང་དུ་འུང་ནས་ཞེས་པ་ཚིག་སྔ་ཕྱི་མཚམས་སྦྱོར་དུ་སྦྱར་བ་མང་བས། ཨི་ནེས་ཟེར་བ་འུང་ནས་ཀྱི་སྒྲ་ཟུར་ཉམས་པ་ཡིན་ན། མཐའ་གཅིག་ཏུ་སྤང་འོས་སུ་མི་ཆེའོ་ཞེས་ཞུའོ། །
ཁྱེད་ཀྱིས་ཟུར་ཙམ་ཞིག་བརྗོད་པ་ལྟར། ཨེ་ནས་ཞེས་པ་ནི་དེ་ནས་ཞེས་པའི་རྨང་གཞིའི་སྒྲ་ཉམས་པ་ཞིག་ཡིན་པར་འདོད། འདི་འདྲ་ལ་ཨི་འདྲ། ད་ལྟ་ལ་ཨ་འདའ་འམ་ཨ་ཏ་ཟེར། ད་དུང་རྨང་གཞིའི་ཡི་གེའི་གདངས་ཉམས་པ་སྐོར་ཅིག་འདུག་སྙམ།