ཟླ་བ་ཚེ་རིང། ༼ ཧྥ་རན་སི ༽
གོང་གི་ཁ་བྱང་འདི་གཟིགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གིས་ཉེ་ཆར་དཔར་དུ་བསྐྲུན་པའི་༼ སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ ༽ ཞེས་པ་བཀླགས་རྗེས། ངས་རྩོམ་དེབ་དེའི་ནང་འཁོད་པའི་ཉེ་རབས་བོད་ཀྱི་ལོ་རྒྱུས་ཀྱི་ངོས་དང་། རྩོམ་པ་པོ་མའེ་ཀེལ་ ཌྰ་ནྰམ་ལགས་ཀྱི་རྩོམ་རྩལ་ཀྱི་ངོས། དེ་བཞིན་བོད་བསྒྱུར་བྱེད་པོ་དགེ་འདུན་རབ་གསལ་ལགས་ཀྱི་འགྱུར་རྩལ་གྱི་ངོས་སོགས་ལ་བྲིས་པའི་དཔེ་དེབ་བསྐྱར་ཞིབ་ཀྱི་རྩོམ་ཡིག་ཅིག་ཡིན་པར་དགོངས་ངེས། དྲང་པོར་བཤད་ན། ང་ལ་ཕྱོགས་ངོས་དེ་དག་ལ་དཔྱད་པ་སྤེལ་རྒྱུའི་ཤེས་འཇོན་གང་ཡང་མེད་ལ། ནམ་རྒྱུན་རང་ཉིད་ལ་དང་བ་འདྲེན་པའི་དཔེ་དེབ་གང་རུང་བཀླགས་རྗེས་དེར་དྲན་ཐོའམ་ཟིན་བྲིས་ཤིག་འགོད་པར་ཡང་དཀའ་ངལ་འཕྲད་བཞིན་ཡོད། འོན་ཀྱང་། ངས་གོང་གི་ཁ་བྱང་འདི་བེད་སྤྱོད་བྱེད་དོན་ནི་དཔེ་དེབ་འདི་དང་འབྲེལ་བའི་སེམས་ཁྲལ་གཞན་ཞིག་གླེང་འདོད་པས་ཡིན།
འདས་ལོའི་ལོ་མཇུག་ལ་རྒྱ་གར་དུ་ཕྱིན་སྐབས་བོད་ཀྱི་དུས་བབ་གསར་ཁང་གིས་༼ སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ ༽ཞེས་པའི་ལོ་རྒྱུས་རྩོམ་དེབ་དེའི་བོད་འགྱུར་མའི་པར་ཕུད་ཅིག་གནང་བྱུང་། ཕྱིར་ཡོང་རྗེས་གཟའ་མཇུག་གི་ངལ་གསོ་དང་ལས་ཀའི་བར་གསེང་ཡོད་ཚད་སྤྱད་ནས་བཀླགས་པ་ཡིན། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རྒྱབ་རྩ་བྱས་པའི་བོད་རང་བཙན་འཐབ་རྩོད་པ་རྣམས་དང་། རྒྱ་ནག་གི་བཙན་འཛུལ། མཐར་བོད་ཤོར་བ་བཅས་ལོ་རྒྱུས་རྩོམ་དེབ་འདིའི་གཞི་བཅོལ་སའམ་ཁུངས་གཏུགས་ས་ལ་སྐབས་ཐོག་དེའི་གནད་ཡོད་ལོ་རྒྱུས་མི་སྣ་ཁག་ཅིག་ལ་བཅར་འདྲི་བྱས་པ་དང་། དུས་སྐབས་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་རྒྱལ་སྤྱིའི་ཁྲིམས་དོན་ལྷན་ཚོགས། དེ་བཞིན་ཨ་རི་དང་། རྒྱ་གར། དབྱིན་ལན་བཅས་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་བོད་སྐོར་གཞུང་འབྲེལ་ཡིག་ཚགས་ཁག་ཅིག་ཡོད་པ་མ་ཟད། གཞན་ད་དུང་ ༼ བོད་ཀྱི་རྒྱལ་ཁབ། ༽དང་ ༼ བླ་མའི་ལུང་བ། ༽ ༼ གྱེན་ལོག་ཁྲོད་ཀྱི་བོད། ༽ ༼ བོད་ནང་ཁུ་སིམ་སིམ་གྱི་དམག ༽ ༼ པདྨའི་མིག་ཆུ །༽ ༼ གྲང་དམག་ཁྲོད་ཀྱི་དྭ་ཕྲུག་ཚོ། ༽ ༼ ཁམས་ཀྱི་རྟ་བ་ཚོ། ༽ ༼བདེ་སྐྱིད་ཉམས་པའི་ལུང་བ་ནས།༽ ༼ བོད་ཡལ་སོང་། ༽སོགས་སྐད་ཡིག་གཞན་ནང་བརྩམས་པའི་བོད་སྐོར་གྱི་དཔེ་དེབ་སུམ་ཅུ་ལྷག་འདུག ལོ་རྒྱུས་རྩོམ་དེབ་འདིའི་གསེག་ཡིག་ནང་མངོན་གསལ་ལྟར་ན། བོད་སྐོར་གྱི་དཔེ་དེབ་འདི་དག་ཡང་དུས་སྐབས་དེར་བོད་ནང་བཞུགས་པའི་ཕྱི་རྒྱལ་གྱི་གཞུང་འབྲེལ་མི་སྣ་དང་ཆོས་སྤེལ་མི་སྣ། ཡུལ་སྐོར་མི་སྣ། དེ་བཞིན་ཨ་རིའི་གསང་བའི་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་ཚོས་སྐབས་ཐོག་དེར་བོད་ནང་རང་ཉིད་ཀྱིས་ཅི་བྱས་ཅི་མཐོང་གི་བྱུང་རབས་རྣམས་དྲན་ཐོར་བཀོད་པ་དང་། ཕྱིས་སུ་གནད་ཡོད་བོད་མི་ཚོར་བཅར་འདྲི་བྱས་པ་སོགས་གཞི་རྩར་བཞག་ནས་བྲིས་འདུག་ལ། དངོས་ཡོད་ཉེ་རབས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་དང་། ཀློག་འདུན་ཡོད་མཁན། དེ་ལས་ཀྱང་བོད་མི་ཕྱི་རབས་པ་ཚོར་མཚོན་ན་མ་བཀླག་ཐབས་མེད་ཀྱི་དཔེ་དེབ་ཞེ་གཅིག་ཏུ་འཁུམས་འདུག རྩོམ་དེབ་འདི་དག་ལས་མང་ཤོས་ཤིག་ལོ་ངོ་ཉི་ཤུའི་སྔོན་ནས་མི་རིགས་གཞན་པའི་སྐད་ཡིག་ནང་དཔར་བསྐྲུན་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་སྐད་ཡིག་གཞན་པའི་ནང་དེ་དག་གནའ་རྫས་ནང་བཞིན་རྙིང་བ་ཆགས་ཡོད། དེ་ལྟ་ནའང་། རྩོམ་དེབ་འདི་དག་ཁོ་ཚོའི་བརྗོད་གཞི་ངོ་མར་གྱུར་བའི་རྒྱལ་ཁབ་དང་མི་རིགས་དེའི་སྐད་ཡིག་སྟེ། ཀ་མད་སུམ་ཅུ་ཕྲེང་བར་བརྒྱུས་པའི་བོད་ཡིག་ནང་ད་དུང་སླེབས་ཐུབ་མེད།
བདུན་ཅུ་དོན་གྲངས་ནང་བོད་རྒྱའི་བར་ཐོག་མའི་འབྲེལ་བ་བྱུང་ཞིང་། བརྒྱད་ཅུ་གྱ་གྲངས་ནང་བོད་ཀྱི་སྐུ་ཚབ་སྔ་ཕྱི་ཁག་བོད་ནང་གཟིགས་སྐོར་དུ་ཕེབས་སྐབས་རྒྱ་ནག་གཞུང་གིས་བོད་དོན་ཐག་གཅོད་བྱེད་སྟངས་ཐད་གྲོས་གཞི་དོན་ཚན་འགའ་བཏོན་ཡོད། དེ་དག་གི་དོན་ཚན་གཅིག་ནི་བོད་རྒྱ་ཕྱོགས་གཉིས་ཀའི་ངོས་ནས་དེ་སྔའི་ལོ་རྒྱུས་ཀྱི་བྱུང་རབས་རྣམས་བརྗེད་རྒྱུ་དེ་ཡིན། པེ་ཅིན་གྱི་ངོས་ནས་དོན་ཚན་འདི་བརྩི་སྲུང་བྱས་ཡོད་མེད་གང་ལྟར་ཡང་། ངྷ་རམ་ས་ལའི་ངོས་ནས་དོན་ཚན་དེར་མཐོང་ཆེན་གནང་ཡོད་པའི་སྣང་ཚུལ་བྱུང་། ཕྱི་ལོ་ ༡༩༨༨ ལོར་བོད་གཞུང་བཀའ་ཤག་གི་བཀའ་བཀོད་འོག་ཤེས་རིག་ལས་ཁུངས་ཀྱིས་སྐུ་ཞབས་མ་ཡེ་ཁལ སྰི ཝན ཝལཊ པ་རག་གིས་བརྩམས་གནང་པའི་༼ བོད་ཀྱི་གནས་བབ ༽ ཐོག་དང་པོར་བོད་བསྒྱུར་ཐོག་དཔར་བསྐྲུན་བྱས་ཤིང་། དཔར་བསྐྲུན་ཆེད་བརྗོད་ནང་བཀའ་ཤག་གིས་༼ དེབ་འདིའི་ནང་དོན་ཁག་བརྒྱུད་ནས་བོད་ཀྱི་གནས་བབ་ངོ་མ་ཇི་ཡིན་རྒྱལ་སྤྱིའི་མི་རིགས་ཁག་གིས་ཤེས་རྟོགས་ཐུབ་པ་ཡོང་རྒྱུ་ལྟ་ཅི་སྨོས། ངེད་ཅག་བོད་ཀྱི་བདག་པོ་བོད་མི་ཡོངས་ནས་ཀྱང་གནད་དོན་ངོ་མ་རྣམས་རང་གིས་ཇི་བཞིན་གསལ་རྟོགས་ཐུབ་པ་དང་། གཞན་ལ་གདེང་སྤོབས་ཀྱི་སྒོ་ནས་འགྲེལ་བརྗོད་བྱེད་ཐུབ་པ་ཡོང་རྒྱུའི་མཐུན་རྐྱེན་དགོས་མཁོར་སྨན་ངེས་ལ་བརྟེན།༽ བཙན་བྱོལ་བོད་གཞུང་གིས་འགྲོ་གྲོན་བཏང་ནས་བོད་ཡིག་ནང་ཕབ་བསྒྱུར་དང་དཔར་འགྲེམས་གནང་བ་ཡིན་ཚུལ་གསུངས་ཡོད་ལ། བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གི་རྒྱབ་ཤ་དཀར་པོའི་དགག་ལན་༼ དངོས་ཡོད་ཀྱི་ལམ་ནས་བོད་ཀྱི་བདེན་པ་ར་སྤྲོད་ ༽ཅེས་པའི་ནང་བོད་རང་བཙན་ཁུངས་སྐྱེལ་སྒྲུབ་བྱེད་ལའང་རྩོམ་དེབ་འདིའི་བརྗོད་དོན་རྣམས་གཞི་བཅོལ་བྱས་ཡོད། ཡིན་ནའང་། ༼ བོད་ཀྱི་གནས་བབ་ ༽བོད་བསྒྱུར་དཔར་བསྐྲུན་བྱས་ནས་ད་བར་དུ་མི་ལོ་ཉི་ཤུ་ལྷག་ཕྱིན་ཡོད། ལོ་ངོ་འདི་དག་གི་རིང་བོད་གཞུང་བཀའ་ཤག་ལ་༼གནས་བབ་༽ལྟ་བུ་རྒྱལ་སྤྱི་དང་བོད་མི་ཚོར་སྨན་པའི་ལོ་རྒྱུས་རྩོམ་དེབ་ཞིག་མ་རག་པ་ཡིན་ནམ། གང་ལྟར་ལོ་ངོ་དེའི་རིང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་༼ བོད་ནང་ལོ་བདུན་༽དང་། བོད་ཀྱི་དུས་བབ་གསར་ཁང་གིས་༼ བོད་མི་གསར་བརྗེ་བ་ཞིག༽ དང་༼ སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ ༽བོད་བསྒྱུར་དཔར་བསྐྲུན་བྱས་པ་ལས། བཀའ་ཤག་གི་བཀའ་བཀོད་འོག་ཤེས་རིག་ལས་ཁུངས་ཀྱིས་ལོ་རྒྱུས་རྩོམ་དེབ་གང་ཞིག་བོད་བསྒྱུར་དཔར་བསྐྲུན་བྱས་མེད་ལ། བོད་དོན་དྲིལ་བསྒྲགས་དང་བོད་ནང་གི་གནས་སྟངས་ལ་ཐད་ཀར་འབྲེལ་བ་ཡོད་པའི་བོད་གཞུང་ཕྱི་དྲིལ་དང་བདེ་སྲུང་ལས་ཁུངས་ཀྱིས་ཀྱང་དེའི་ཐད་ཕྱག་ལས་གང་ཡང་གནང་མེད། ཕྱེད་གཞུང་འབྲེལ་ཅན་གྱི་སྡེ་ཚན་ལྡི་ལི་བོད་ཁང་དང་། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་ཀྱང་དེ་བཞིན་ཡིན། གཞུང་འབྲེལ་དང་ཕྱེད་གཞུང་འབྲེལ་ཅན་གྱི་ཚོགས་སྡེ་འདི་དག་གིས་བོད་བསྒྱུར་དཔར་བསྐྲུན་མ་གནང་བའི་ནང་གོང་གསལ་༼ སངས་རྒྱས་ཀྱི་དཔའ་རྟུལ་ཚོའི་༽ གསེག་ཡིག་ནང་འཁོད་པའི་༼ བོད་ཀྱི་རྒྱལ་ཁབ ༽དང་༼ བོད་ནང་ཁུ་སིམ་སིམ་གྱི་དམག ༽ ༼ བོད་ཡལ་སོང་ ༽ སོགས་ཚུད་ཡོད་པ་མ་ཟད། སྐད་ཡིག་གཞན་པའི་ནང་དཔར་བསྐྲུན་བྱས་ནས་མི་ལོ་བཅུ་ཙམ་འགོར་ནའང་འདས་ལོའི་ལོ་མཇུག་བར་བོད་བསྒྱུར་དཔར་བསྐྲུན་བྱེད་མ་ཐུབ་པའི་ཏྰ་ལའི་བླ་མའི་མཛད་རྣམ་ ༼ ཕྱི་ཡུལ་གྱི་རང་དབང་ ༽ ཞེས་པའང་ཚུད་ཡོད།
བོད་ཡིག་ནང་ཉེ་རབས་བོད་ཀྱི་ལོ་རྒྱུས་སམ་དེ་འབྲེལ་གྱི་རྩོམ་དེབ་གཅིག་ཀྱང་མེད་པ་ག་ལ་ཡིན། ཡོད་པས་མི་ཚད་མང་པོ་ཡོད། བརྒྱད་ཅུ་གྱ་གྲངས་ནས་བོད་རང་སྐྱོང་ལྗོངས་སྲིད་གྲོས་རིག་གནས་ལོ་རྒྱུས་མི་རིགས་ཆོས་ལུགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་༼ བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་ ༽ཞེས་པའི་དེབ་ཕྲེང་ཞིག་འདོན་འགོ་ཚུགས་ཤིང་། ཕྱི་ལོ་༢༠༠༧ ཕྱི་ཟླ་༡༠ བར་འདོན་ཐེངས་༢༧ ཙམ་བཏོན་ཡོད། དེབ་ཕྲེང་འདི་དག་གི་ནང་ལོ་རྒྱུས་འབྲི་མཁན་དང་བཤད་མཁན། སྒྲིག་མཁན་བཅས་ཀྱི་ཁྲོད་དུ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་བསམ་སྡིང་རྡོ་རྗེ་ཕག་མོ་ལྟ་བུ་བོད་ཀྱི་བླ་སྤྲུལ་ཆེ་ཁག་དང་། ང་ཕོད་ངག་དབང་འཇིགས་མེད་དང་ལྷའུ་རྟ་ར་ཐུབ་བསྟན་བསྟན་དར་སོགས་དེ་སྔའི་བོད་ཀྱི་བཀའ་བློན་དང་སྐུ་དྲག་ཁག ཀྲང་ཅི་ཨུ་དང་ཝའེ་ཁེ་སོགས་བོད་ལ་དྲག་པོའི་དམག་ཐབས་བྱེད་མཁན་གྱི་རྒྱ་རིགས་དམག་དཔོན་དང་དམག་མི་ཕལ་བ། དེ་བཞིན་ད་ལྟ་རྒྱ་ནག་དང་བོད་ནང་རྒྱ་གཞུང་གི་ལས་གནས་གཉེར་བཞིན་པའི་བོད་མི་༼ཡར་ལངས་ཞིང་བྲན ༽ཁག་ཅིག་བཅས་ཚུད་ཡོད་ལ། ཁོང་ཚོས་ཉེ་རབས་བོད་ཀྱི་བྱུང་རབས་སྤྱི་དང་། ལྷག་པར་མི་སྒེར་དང་ས་གནས། དགོན་སྡེ། ཆོས་གཞིས། གཞུང་ཁྲལ། གཞུང་དམངས་བར་དང་ས་གནས་སོ་སོར་བྱུང་བའི་ཡུལ་དམག་སྡེ་གཟིར་གྱི་བྱུང་བ་རྣམས་རྩོམ་བྲིས་དང་བསྒྱུར་སྒྲིག་བྱས་ཡོད་པ་མ་ཟད། ཐ་ན་བོད་མི་མང་གིས་སྡེ་བ་གཞུང་ལ་འཛང་སྤུའི་དཔྱ་ཁྲལ་སྤྲོད་སྟངས་ཚུན་ཀྱང་རེའུ་མིག་གི་ལམ་ནས་གསལ་བོར་བཀོད་ཡོད། འོན་ཀྱང་། ཁོང་ཚོར་ལོ་རྒྱུས་ཀྱི་བྱུང་རབས་དེ་དག་འབྲི་རྩོམ་བྱེད་སྐབས་ངེས་པར་བརྩི་སྲུང་བྱེད་དགོས་པའི་རྩ་དོན་ཞིག་ཡོད། དེབ་ཕྲེང་དེ་དག་གི་རྩོམ་ཡིག་རྒྱས་བསྡུས་གང་འདྲ་ཞིག་ཀློག་སྐབས་ཐད་ཀར་མཐོང་ཞིང་ཚོར་ཐུབ་པ་ནི། ཆེས་མུན་ནག་དང་ཆེས་རྗེས་ལུས། ཆེས་ཀླ་ཀློ་དང་ཆེས་གདུག་རྩུབ་ཀྱི་ཡུལ་ལུང་ཞིག་རྒྱ་ནག་གིས་༼ ཞི་བའི་བཅིངས་གྲོལ ༽ བཏང་རྗེས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་བ་བྱུང་ཞིང་། དེ་འདྲའི་ཡུལ་ལུང་དེ་བཞིན་༼ ལོ་རྒྱུས་ཐོག་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ ༽པའི་པེ་ཅིན་གཞུང་གིས་བོད་དོན་དྲིལ་བསྒྲགས་ཐད་གཏན་འབེབས་བྱས་པའི་གཞི་རྩའི་སྲིད་བྱུས་དེ་ཡིན། དེ་དང་ཕྱོགས་མཚུངས་ངྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་ཀྱང་དགུ་བཅུ་གོ་གྲངས་ནས་བཟུང་༼ ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ ༽ ཞེས་པ་ཞིག་བཏོན་ཏེ། ཕྱི་ལོ་༢༠༠༥ ཕྱི་ཟླ་༩ བར་དེབ་ཕྲེང་བཅོ་བརྒྱད་ཙམ་དཔར་བསྐྲུན་བྱས་ཡོད། དེབ་ཕྲེང་འདི་དག་གི་ནང་དེ་སྔའི་བོད་སྡེ་བ་གཞུང་གི་སྲི་ཞུ་ལས་བྱེད་པའམ། ཡུལ་བྱོལ་དུ་འབྱོར་རྗེས་བཙན་བྱོལ་བོད་གཞུང་གི་སྡེ་ཚན་མཐོ་དམན་ནང་སྲི་ཞུ་བསྒྲུབས་མྱོང་བའི་གཞུང་ཞབས་རྒན་རབས་པ་ཁག་ཅིག་གིས་ཆ་ཤས་བཞེས་ཡོད། དེ་ལྟ་ནའང་དེབ་ཕྲེང་འདི་དག་གི་ནང་ལོ་རྒྱུས་འཆད་འབྲི་ཐད་ཆ་ཤས་བཞེས་མཁན་ཚོས་བོད་སྤྱི་བའི་ལོ་རྒྱུས་འཆད་རྒྱུ་ལས་མི་སྒེར་གྱི་ལོ་རྒྱུས་འཆད་རྒྱུ་གཙོ་བོར་བཟུང་ཡོད་ལ། ལོ་རྒྱུས་ཀྱི་དོན་རྐྱེན་ངོ་མ་གླེང་རྒྱུ་ལས་དོན་རྐྱེན་གང་དང་འབྲེལ་བ་ཡོད་པའི་མི་སྒེར་གང་རུང་ལ་དོ་ཕོག་མི་འགྲོ་རྒྱུ་གཙོ་འདོན་བྱས་ཐོག བོད་མ་ཤོར་གོང་གི་ལོ་རྒྱུས་ཀྱི་ཆབ་སྲིད་རྒྱབ་ལྗོངས་དེ་ཡང་བོད་ཤོར་རྗེས་ཀྱི་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལ་གཞི་རྩ་བཅོལ་ཡོད། དེ་ཙམ་དུ་མ་ཟད། ཉེ་རབས་བོད་ཀྱི་ལོ་རྒྱུས་ལ་ཆེས་གལ་ཆེན་དུ་ཆགས་པའི་ཆུ་བཞི་སྒང་དྲུག་གིས་རང་བཙན་འཐབ་རྩོད་ཆེད་དྲག་པོའི་ངོ་རྒོལ་གང་བྱས་ཚང་མའང་ད་ལྟའི་བཙན་བྱོལ་བོད་གཞུང་གི་༼ འཚེ་མེད་ཞི་བ་༽ ཞེས་པའི་ཁ་གཡང་ཁྲོད་གླེང་རྒྱུ་ལས་གཡོལ་རྒྱུ་གཙོ་བོར་བཟུང་ཡོད། ངྷ་ས་དང་པེ་ཅིན་གྱིས་བཏོན་པའི་དེབ་ཕྲེང་གཉིས་ལ་དཔེ་དེབ་བཅུ་ཙམ་གྱི་མང་ཉུང་ཤོར་བའི་ཁྱད་པར་ཙམ་ལས། ཕྱོགས་གཉིས་ཀར་ཐུན་མོིང་གི་འདྲ་ས་ཞིག་ཡོད་པ་ནི་སོ་སོའི་ཁེ་ཕན་གྱི་ཆེད་དུ་ལོ་རྒྱུས་ཀྱི་དོན་དངོས་ལ་སྣང་ཆུང་ལས་མཐོང་ཆེན་ཞུས་མེད་པ་དེ་ཡིན་ལ། དེ་ལས་ཚབས་ཆེ་པའམ་མཐར་གཏུགས་ཀྱི་སྒོ་ནས་བཤད་ན། ཕྱོགས་གཉིས་ཀས་ལོ་རྒྱུས་འབྲི་བ་ནི་ཕན་ཚུན་དཀར་པོ་དང་ནག་པོ་བཟོ་རྒྱུ་ཙམ་དམིགས་འབེན་དུ་བཟུང་ཡོད།
༼ བོད་མི་རྒན་རབས་པ་ཚོས་སྒྲོ་སྐུར་སྤངས་པའི་རང་གི་མྱོང་ཚོར་ངོ་མའི་ལོ་རྒྱུས་བྲིས་པ་བརྒྱུད་མ་འོངས་བོད་ཀྱི་མི་རབས་གསར་པ་ཚོས་སྤྱི་ཚོགས་རྙིང་པའི་གནས་སྟངས་ཤེས་རྟོགས་ལ་ཕན་ཁྱད་འབྱུང་རྒྱུ་། ༽ ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་གི་རྩོམ་དེབ་འགའི་མགོར་༧གོང་ས་མཆོག་གིས་ཐུགས་སྨོན་དང་འབྲེལ་འདི་འདྲའི་ཆེད་བརྗོད་བསྩལ་ཡོད། འོན་ཀྱང་ད་ལྟའི་ཆར་བོད་མི་ཕྱི་རབས་པ་ཚོར་མཚོན་ན་སྒྲོ་སྐུར་སྤངས་པའི་ཉེ་རབས་བོད་ཀྱི་ལོ་རྒྱུས་ཀྱི་རྩོམ་དེབ་ཅིག་བོད་ཡིག་ནང་མཐོང་རྒྱུ་དཀོན་ལ། བོད་ཡིག་ནང་ཕྱིའི་རིག་གནས་གསར་བའི་མུ་གེ་བྱུང་བའི་ཐོག་རང་གི་ལོ་རྒྱུས་ཀྱི་ཟླ་ལྷག་བྱུང་བ་འདི་ངས་༼སངས་རྒྱས་ཀྱི་དཔའ་རྟུལ་ཚོ༽བཀླགས་རྗེས་ཀྱི་སེམས་ཁྲལ་ཆགས་པ་ཡིན།
ཟླ་བ་ཚེ་རིང་ལགས།
ཁྱེད་ཀྱིས་དངོས་གནས་གནད་ལ་འཁེལ་བའི་དཔྱད་རྩོམ་ཞིག་བྲིས་འདུག་གའ།
༼སངས་རྒྱས་ཀྱི་དཔའ་རྟུལ་ཚོ༽་ཟེར་རྒྱུ་འདི་དབྱིན་དེབ་དུ་ Buddha’s Warriors ཟེར་བ་དེ་ཨེ་རེད།
ཨེ་མ་ཧོཿ
ལོ་ལོན་འཆི་མེད་ཉི་མ། །
གཞོན་ནུ་ཚེས་གསུམ་ཟླ་བ། །
ན་ཆུང་འོད་སྣང་སྐར་མ། །
རང་བློར་ངེས་ཤེས་སྒྲོན་མེ། །
རང་ཡུལ་ཆོས་དཔལ་ཞིང་དུ་། །
ཕུན་ཚོགས་ལྔ་ལྡན་འཛོམས་ན། །
མུན་པ་གནས་པར་མི་སྲིད། །
རང་ཆོས་འོད་གསལ་སྙིང་པོ། །
ཀུན་དགྱེས་ཆོས་སྲིད་ཟུང་འབྲེལ། །
བསྟན་འགྲོར་ཕན་བདེས་སྨིན་གྲོལ། །
གངས་ཅན་ལྗོངས་ཀྱི་ཁྱད་ཆོས། །
༢༠༠༩ ༥ ༥
ཤྲྰིས་ཕུལ།། །།
བོད་ཀྱི་ལོ་རྒྱུས་ཐོག་གི་ཟིན་ཐོ་གསར་བ་ཞིག
བོད་གངས་ཅན་པ་ཚང་ལ་གཏམ་དཔེ་འདི་འདྲ་ཞིག་ཡོད་། ཁ་ནས་གང་བཤད་ལ་མ་བལྟ། ལག་ནས་གང་བྱེད་ལ་ལྟོས་ཟེར་བ་དེ་ནི་ཅི་འདྲའི་དོན་སྙིང་ལྡན་པ་ཞིག་མ་རེད་དམ། ལྷག་པར་དུ་དེ་རིང་སང་གི་དུས་ཚོད་འདི་ལ་དྲ་ཐོག་པ་ང་ཚོའི་ཁ་ལས་ཡིག་རྨོངས་པའི་ལག་ལེན་ལ་ནུས་ཤུགས་བླ་མ་མེད་པ་ཞིག་ཐོན་བཞིན་པ་ཡོད་པ་འདི་དག་ནི། ད་སྐབས་ང་ཚོས་མིག་མཐོང་ལག་ཟིན་དུ་གྱུར་ནས་འོང་དུས། ང་ཚོ་ནི་བཤད་རྒྱུ་དགའ་བ་ལས་ལག་ལེན་བྱེད་མཁན་མིན་པར་ཁས་ལེན་མི་བྱེད་ཐབས་མེད་དུ་གྱུར་ཡོད།
འདི་ནི་ཕྱོགས་གཞན་ཞིག་ནས་བཤད་པ་ཡིན་ན་༧རྒྱལ་བའི་བཀའ་གསུང་ལག་ལེན་དངོས་སུ་བསྟར་བའི་ལྷ་སྡེ་ཐོག་མ་ཞིག་རེད།
ཨོ་རེད། ངས་འདི་ལྟར་སྐད་ཆ་མགོ་བཙུགས་དུས་ཁྱེད་ཅག་ གིས་མི་འདིས་ག་རེ་བཤད་འདོད་ཡོད་དམ་སྙམ་ནས་ང་རང་གི་སྐད་ཆ་ལ་རྣ་བ་གཏད་ཡོད་ཤས་ ཀྱང་ཆེ་ལ། མི་ཁ་ཤས་ཀྱིས་མགོ་ནས་ཅུང་ཙམ་ཀློག་རྗེས་མི་འདིས་ཁ་བྱང་བརྫིག་པོ་ཞིག་བཏགས་པ་ མ་གཏོགས་སྐད་ཆ་ནང་དོན་ཡོད་པ་གང་ཡང་བཤད་རྒྱུ་མི་འདུག་དྲན་ནས་སུན་སྣང་དང་བཅས་ དེ་ཀློག་མཚམས་བཞག་ཡོད་ཀྱང་སྲིད། གང་ལྟར། ད་ནི་སྐད་ཆ་འདིའི་ནང་དོན་དངོས་དེ་བཤད་པ་ཡིན་ན། ༧རྒྱལ་བ་ཡིད་བཞིན་ནོར་བུས་ལོ་མང་རིང་དུ་བོད་པ་ཚོས་ཆང་འཐུང་བ། ཐ་མག་འཐེན་པ། ཤོ་རྒྱག་པ་སོགས་བྱས་དེ་ཉིན་མ་བཏང་བ་ཡིན་ན་དངོས་ནས་སེམས་སྐྱོ་བའི་གནས་སྟངས་རེད། རབ་བྱུང་ན་ཤོ་མི་རྒྱག་པ་དང་ཆང་མི་འཐུང་བ། ཐ་མག་མི་འཐེན་པ་སོགས་བྱེད་ཐུབ་ན་ཡག་པོ་ཡོད་རབས་ཀྱི་བཀའ་གསུང་ནི་ལོ་མང་རིང་གནང་མྱོང་ཡོད་པ་རེད། ཡིན་ཡང་། སྐྱེ་བོ་སྒེར་བ་དག་གིས་ཐ་མག་འཐེན་པ་ནས་གཅོད་པ། ཆང་འཐུང་བ་ཆང་བཅད་པ། ཤོ་རྒྱག་མྱོང་བ་གཏན་ནས་སྤང་བ་སོགས་ད་ལྟའི་བར་དུ་མང་བོ་བྱུང་མྱོང་ཡོད་པ་དེ་ནི་རྒྱུན་ལྡན་ལྟ་བུ་ཞིག་ལ་ང་ཚོས་བརྩི་བཞིན་ཡོད་པ་རེད། འོན་ཀྱང་། དེ་རིང་ངས་འདི་ནས་གླེང་བཞིན་པ་ནི་དེ་འདྲའི་དོན་དག་ཆུང་ཆུང་མིན་པར་ཆེ་ས་བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་ཞིང་། ཆུང་ས་སྐྱེ་བོ་སྒེར་གྱི་ཁྱིམ་ཚང་དང་བཟའ་མི་ཉེ་འབྲེལ་གྱི་ཚེ་འདིའི་སྐྱིད་སྡུག་ལ་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཆགས་ཡོད་པ་དེ་རེད།
སྤྱིར་བཏང་འཛམ་གླིང་གི་ཡུལ་གྲུ་ཕལ་མོ་ཆེ་ནས་སྐྱིད་སྐྱིད་གཏོང་བ། བཟའ་སྟོན་བྱེད་པ། སྡེ་ཁྲོམ་པ་འདུ་ས། ཆུང་ན་ཆུང་འཛོམ་ས། གླུ་ལེན་གར་རྩེད་བྱེད་ས་སོགས་གང་དུ་ཡང་ཆང་མེད་ས་ཞིག་མེད་ཟེར་ནས་གླེང་ཆོག་ལ་དེ་ཡང་དགོས་འཁོ་ལྟ་བུ་ཞིག་དུ་ཡང་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ལ། མི་མང་གིས་ཀྱང་སྟོན་མོ་དང་གླུ་ལེན་གར་རྩེད་བྱེད་སར་ཆང་གླུ་དང་ཆང་གཞས་ཟེར་ནས་དམིགས་བསལ་གྱིས་གླུ་ལེན་བྱེད་སྲོལ་གྱང་ཡོད་པ་རེད། དེ་འདྲའི་གནད་འགག་གི་འབྲེལ་བ་ཞིག་ཀྱང་ཡོད་པ་རེད་ལ། ཕྱོགས་གཞན་འཁོན་བརྡུང་རེས་བྱེད་པ། ནང་སྤུན་ཟླ་གསོད་པ། གྲོགས་ན་ཟླའི་བར་དུ་ཁ་འཆི་ཤོར་བ། ཁྱིམ་བཟའ་ཚང་གཏོར་བ། ངོ་ཚ་དང་ཁྲེལ་མེད་དུ་ཆགས་པ་སོགས་ཀྱང་ཆང་འཐུང་གི་མཇུག་འབྲས་སྡུག་ཤོས་དེ་ཆགས་ཡོད་པ་རེད།
ཤོ་རྒྱག་པ་ནི་དེ་མཚུངས་ཀྱི་གནད་དོན་ངན་པ་ཆེས་མང་བོ་ཞིག་དང་འབྲེལ་ཡོད་པ་ནི་དྲ་ཐོག་པ་ཚང་མས་ཤེས་གསལ་རེད་ལ། ལྷག་པར་དུ་ཤེས་ཡོན་ཅན་མང་བོ་ཞིག་དང་བླ་ མ་དང་མཁས་པ་སོགས་ཀྱིས་དེ་ལ་འགག་བྱ་མང་བོ་བྱས་ཡོད་ཀྱང་དེང་མི་མང་བོ་ཤོ་རྒྱག་ པར་མགོ་འཁོར་ནས་ཆུང་ས་ནས་རང་གི་རང་དོན་འཐུས་ཤོར་དང་ཆེ་ས་ནས་བོད་སྤྱི་བའི་ སྤྱི་དོན་འཐུས་ཤོར་དུ་འགྲོ་བཞིན་ཡོད་པ་ངེད་ཅག་གིས་ཤེས་གསལ་མཐོང་གསལ་ཞིག་ ཆགས་ཡོད་པ་རེད། ཐ་མག་གམ་དུ་བ་ཡང་། མིའི་རིགས་ཀྱི་འཕྲོད་བརྟེན་ལ་གནོད་འཚབ་ཆེ་ཤོས་ཤིག་དང་། སྐྱེ་བོ་སྒེར་སོ་སོའི་འགྲོ་སོང་ ཐོལ་བ་དང་ནང་ནས་འཐེན་ན་ནང་མི་དག་གི་འཕྲོད་བརྟེན་ལ་གནོད་པ་དང་ཕྱི་ནས་འཐེན་ན་ ཡང་རང་ཉིད་གཙོ་བའི་ཁོར་ཡུག་ལ་བཙོག་པ་བཟོ་བཞིན་ཡོད་པ་མ་ཟད། ནད་ཚ་ཆེས་སྡུག་ཆག་དུ་འབོད་པའི་ཀན་སར་ན་བའི་རྒྱུ་རྐྱེན་སོགས་ཀྱང་ཆགས་བཞིན་ ཡོད་པ་ནི་མི་མང་བོ་ཞིག་གིས་ཤེས་པ་ནས་ད་དུང་དེ་ཉིད་སྐྱུར་ཐུབ་ཀྱི་མེད་པ་ང་ རང་ལྟ་བུ་ཆེས་མང་བོ་ཞིག་ཡོད་པ་རེད།
ད་ ནི་སྐད་ཆ་འདིའི་བརྗོད་གཞི་ངོ་མ་ཞུས་པ་ཡིན་ན་ནི། བོད་མདོ་སྨད་བླ་བྲང་སྔོན་ཆགས་སྡེ་བའི་སྡེ་དཔོན་དཔལ་ལྡན་བཀྲ་ཤིས་ཀྱིས་ད་ལོ་ ངེད་ཅག་གིས་བླ་མའི་བཀའ་བཞིན་སྡེ་མི་ཡོངས་ཀྱི་མ་གྲོས་བསམ་པ་གཅིག་མཐུན་གྱིས་ བླ་མའི་ཞབས་བརྟན་དང་སྐུ་ཚེ་བརྟན་ཆེད་དུ་ཟེར་ན་རེད། སྡེ་མི་ཡོངས་ཀྱིས་ཚོགས་བསགས་ཟེར་ན་འདྲ་སྡེ་མི་ཡོངས་ཀྱིས་རྒན་གཞོན་དབྱེ་བ་མེད་པར། ཤོ་བཅད། ཆང་བཅད། ཐ་མག་བཅད་པ་རེད། ད་སྡེ་བ་ཡར་མར་ཚང་མས་ང་ཚོའི་སྡེ་བའི་མིང་གི་བཟུང་དེ་བསྟོད་བསྔགས་བྱེད་ཀྱི་འདུག་ཟེར་བས། ངས་ཀྱང་དེ་བས་ལྷག་ཞིག་དངོས་ནས་བྱེད་རྒྱུ་ཡོད་ནི་མ་རེད། ཤེས་ཡོན་པ་ཡིན་ཟེར་མཁན་དེ་ཚོ་ཡིན་ཡང་འདི་འདྲའི་ལྷག་གི་དོན་དག་ཞིག་བྱེད་ཐུབ་ཀྱི་ཡོད་པ་མ་རེད། དངོས་ནས་རླབས་ཆེན་རེད། ཁྱེད་རང་ཡི་གེ་མི་ཤེས་མཁན་ཞིག་ལ་མཚོན་ན་དེ་བས་ལྷག་ཞིག་དངོས་ནས་བྱེད་རྒྱུ་ཡོད་ནི་མ་རེད་ཅེས་བཤད་དུས། ཁོས་རེད་རེད། ང་རང་ཡིན་ན་དངོས་ནས་དགའ་ནས་བསྡད་ཡོད། ན་ནིང་སྡེ་དཔོན་ལ་བསྡད་དེ་ཚང་མས་བཟང་གི་ཟེར་ནས་ད་ལོ་ཡང་བསྐྱར་འདུག་རོགས་ཟེར་ནས་འབོད་སྐུལ་བྱས་པ་ལྟར་བསྡད་པ་ཡིན། ད་ནི་བསྡད་པ་དོན་གོ་ཡང་བྱུང་འདུག་བསམ་ནས་ང་རང་ཡང་དགའ་ནས་བསྡད་ཡོད་ཟེར། དྲ་ཐོག་པ་ཚོ་ཁྱེད་ཅག་གིས་གཟིགས་དང་བོད་ནང་གི་བོད་པ་དག་གི་དད་པ་དང་ཡིད་ཆེས་ཁ་ལག་གཉིས་སུ་འདུག་པ་མཐོང་དེ་འོང་དུས། ཁྱེད་ཅག་གིས་ག་རེ་བསམ་བཞིན་འདུག འདི་ནི་བོད་མི་རིགས་ཀྱི་འགུལ་ཤུགས་བྱེད་སྟངས་ཐུན་མོང་མ་ཡིན་པ་ཞིག་མ་རེད་དམ། ངས་ཉིན་མ་འདི་ཚོས་རང་དུ་བསམ་བློ་གཏོང་བ་ཡིན། སྡེ་མི་ཚང་མས་ཆང་བཅད། ཤོ་བཅད། ཐ་མག་བཅད། དངོས་ནས་བློ་ཡུལ་དུ་མི་གཤོང་བའི་བྱ་བ་རླབས་ཆེན་ཞིག་མ་རེད་དམ་སྙམ་ཞོར་དུ། ད་ནི་ཁོང་ཚོ་ལ་ཡང་མིང་གསར་བ་ཞིག་བཏགས་དེ་གནོད་ཤུགས་སྤྲོད་མཁན་རེ་བྱུང་མི་ཡོང་ངམ་དྲན་ནས་སེམས་འཁུར་གྱང་ཡོང་གི་འདུག དྲ་གྲོགས་ཚོ། སྡེ་བ་འདི་ལ་བོད་མི་ཚང་མས་དམིགས་དཔེ་ལྟ་སྲིད་དམ། སྡེ་བ་འདི་བརྒྱུད་དེ་བོད་མི་ཆེས་མང་བོ་ཞིག་གིས་ཤོ་དང་ཆང་། ཐ་མག་སོགས་གཅོད་རྒྱུའི་གྲ་སྒྲིག་བྱེད་སྲིད་དམ། ཁོང་ཚོས་ཀྱང་རང་གི་སྡེ་བ་ནས་མགོ་གཙུགས་དེ་ རང་གི་རང་དོན་དང་སྤྱི་བའི་སྤྱི་དོན་ལ་ཕན་པས་ལས་ཀ་འདི་འདྲ་བྱེད་པར་འདོད་པ་ ཡོད་དམ། ངས་འདི་ལྟར་དྲན་ཞོར་དུ་སྡེ་བ་འདིས་མིང་ལ་འདི་ལྟར་འབོད་འདོད་བྱུང་། ༧རྒྱལ་བའི་བཀའ་གསུང་ལག་ལེན་ལ་བསྟར་བའི་ལྷ་སྡེ་ཐོག་མ་ཟེར་འདོད་བྱུང་།
དྲ་གྲོགས་ཚོ་འདི་ནི་གནས་ཚུལ་དངོས་ཡོད་ཅིག་ལས་རྫུན་བཟོ་དང་རང་གི་རྟོགས་བཟོ་ བྱས་པ་དེ་འདྲ་རྩ་བ་ནས་མིན་པ་ཐུགས་སུ་འཛིན་རོགས་ཞུ།
རིག་འབྱུང་ལགས། འདི་ཡང་ཁ་བརྡའི་དྲ་ཐོག་དུ་འགོད་རོགས་ཞུ།
རྒད་པོ་ལྷ་ཀླུ་ཁྱོས་བོད་ལ་ཕྱི་ནང་དགར་རྒྱུ་ཅིག་མང་ཐལ། ད་ཡིན་ན་བཤད་དགོས་རྒྱུ་མི་དགོས་རྒྱུ་ཉ་ཉོག་དེ་ཚོ་ག་བ་ག་སར་བཀྲམས་མ་ཡོང་། སྡེ་དཔོན་སོགས་ལ་དཀའ་ངལ་འཕྲད་སྲིད་ན་ཁྱོས་ཁ་བདག་པོ་མ་བརྒྱབ་པར་དར་འཕྱར་དུང་བུད་ནས་ཅི་བྱེད་ག མ་གཞི་ནས་ཨེ་མ་ཧོ་དང་ཁྱོད་ཚོ་ཁ་ཤས་ཀྱིས་དུས་རྒྱུན་བཙན་བྱོལ་བའི་སྐུ་ཚབ་ཡིན་མདོག་མདོག་བྱས་ནས་བོད་ཕྱི་ནང་གཉིས་ལ་ཁ་ཏྭ་བསླབ་བྱ་འདྲ་བརྒྱག་ཁ་བྱས་ནས་ཞབས་འདྲེན་ལུང་པ་གང་ཞུ་གིན་འདུག་གོ།
རྒན་ཟླ་བ་ཚེ་རིང་ལགས་ཀྱིས་སངས་རྒྱས་ཀྱི་དཔལ་རྟུལ་ཚོ་བཀླགས་པ་ཟེར་བའི་དཔྱད་བརྗོད་ཅིག་མཐོང་སོང་ལ། ནུབ་ཕྱོགས་རྒྱལ་ཁབ་ནང་ཁོལ་བོའི་ལས་བྲེལ་ཀྱི་བར་གསེང་བེད་སྤྱད་ཀྱིས་འདི་ལྟར་དཔྱད་བརྗོད་ཡག་པོ་ཞིག་སྤེལ་བ་ལ་རྗེས་སུ་ཡི་རངས་ཡོད། ཡིན་ནའང་ཕྱེས་སུ་ང་ཆེ་ངའོ་སྙམ་པའི་བོད་ཀྱི་ལོ་རྒྱུས་པ་དང༌། ལོ་ཙཱ་བ་སོགས་ལ་ཁ་ཚ་དགོས་གཏུགས་ཀྱི་འཁྲི་བའི་ལས་འགན་དེར་མི་གཞོལ་བར་ཁེ་ཕན་དང་སྙན་གྲགས་ཕྱོགས་སུ་ཕྱིན་པ་དེར་ཁ་བརྡ་སློབ་གསོ་ཅིག་བཏང་སོང་ལ། གཞུང་དམངས་མཉམ་སྦྲེལ་དང་ཚོགས་པ་ཁག་གིས་གོང་དུ་བཀོད་པའི་བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་སོགས་ལ་དགག་ཡིག་དང་བོད་ཀྱི་རྒྱལ་ཁབ་དང་བླ་མའི་ལུང་པ་སོགས་ལ་ཡིག་སྒྱུར་གྱི་ལས་ལ་ཞུགས་ནས་ཁ་ཚ་དགོས་གཏུགས་ཀྱིས་བཏོན་ཐུབ་ན་ཅི་མ་རུང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།