མེ་ཏོག་དཀར་པོ།
ཀ་ཁ་ག་ང་ཤེས་པའི་ཁེངས་པས། །
ཁ་ལྕེ་བརྒྱ་དང་སྟོང་དུ་སྤྲུལ་ཏེ། །
ག་ས་ག་རུ་ཆོས་ལ་སྨོད་མཁན། །
ང་ཚོའི་ཁྲོད་དུ་མང་དུ་མང་དུ། །
ཅ་ལག་ཙག་ཙིག་བཙོང་མཁན་ཡན་གྱི། །
ཆ་འཇོག་བློ་བཏད་བཅོལ་སའི་ཡུལ་ཞིག །
ཇ་ཕུད་ཆང་ཕུད་མཆོད་ཡུལ་སྲུང་མར། །
ཉ་སོགས་དུད་འགྲོ་འདྲ་འོ་སྐད་དོ། །
ཏཱ་ལའི་བླ་མ་བཙན་བྱོལ་བརྟོལ་བ། །
ཐ་མའི་ནང་ནས་རབ་མཆོག་འདི་ཡང་། །
ད་ལྟ་མནོ་བསམ་ལེགས་པར་གཏོང་དུས། །
ན་རེར་སྲུང་མས་ལུང་བསྟན་དེས་སོ། །
པ་ལོ་བྲེག་པའི་གྲྭ་པ་ཨ་ནེར། །
ཕ་བསད་དགྲ་བོ་ལྟ་བུར་ལྟ་ཞིང་། །
བ་གླང་སྲུང་མ་དགྲ་མཉམ་རྩིས་འདི། །
མ་འོ་རྒན་པོའི་རྣམ་ཐར་མིན་ནམ། །
ཙ་ར་དཔྱད་པ་ལེགས་པར་གཏོང་ན། །
ཚ་བའི་ཡུལ་དུ་སྡོད་དགོས་བྱུང་བ། །
ཛ་ལང་སྤྱོད་པའི་འབྲས་བུར་འདུག་པ། །
ཝ་ཞ་ཕུད་ནས་མནོ་བསམ་གཏོང་ཞིག །
ཞ་མོ་དམར་སེར་ནག་ཕྲའི་དོན་དང་། །
ཟ་མ་ས་ཞིང་མངའ་རིས་ཆེད་དུ། །
འ་ཆད་འུ་ཐུག་ལས་ངན་རྣམ་གྲངས། །
ཡ་ཆའི་ལོ་རྒྱུས་ཁྲག་གིས་བྲིས་ཡོད། །
ར་མ་གསོན་པོ་མེ་ལ་སྲེག་པའི། །
ལ་ཡོག་དམར་པོ་རང་མགོར་འཁྲིས་པར། །
ཤ་འཁོན་ལྟ་བུས་སྲུང་མར་སྨད་འདི། །
ས་སྟེང་འདི་ཡི་བལྟས་ངན་རེ་ཀོ །
ཨ་ཐོད་རི་མོར་ཉེས་པ་ཡོད་ན། །
ཨ་བ་གླང་མགོས་སྐྱོབ་ཐབས་མེད་དོ། །
ཧ་ཅང་འབར་བའི་མེ་ནང་བཞུགས་པའི། །
ཧ་ཧ་སྒྲོགས་རྣམས་སྤྱན་གྱིས་གཟིགས་ཤིག །
ཀ་ལ་ཆེན་པོ་འཇིགས་རུང་སྲིན་པོའི་གཟུགས། །
ཁ་གདངས་མིག་གཅེར་མཐུ་སྟོབས་ནུས་པའི་བདག །
ག་དུས་ཡིན་ཡང་ཤ་ཆང་བཟའ་གཏུང་མཁན། །
ང་ཚོའི་སྲུང་མ་འདི་ཉིད་ཕྲིན་ལས་མྱུར། །
ཀ་ར་སོགས་ཀྱི་ཟས་ཕུད་མཆོད་སྟངས་ལ་བལྟས་ན་ཡོད་ཡོད་འདྲ་བོ། །
ཁ་བ་ཅན་གྱི་རླུང་རྟ་རྒུད་ཚུལ་ལ་བལྟས་ན་མེད་མེད་འདྲ་བོ། །
ག་ནས་བལྟས་ན་ཡང་ཡོད་དང་མེད་ལ་ཤོད་རྒྱུ་དཀའ་མོ་ཞིག་གིས། །
ང་ཡི་མགོ་ཐོག་ལ་གཟའ་དམར་ཐེངས་གསུམ་བརྒྱབ་དང་གཅིག་པ་གཅིག་རྐྱང་། །
ཀ་ཁ་ག་ང་ཟེར་དུས་བྱིས་པ་སྣམ་ལུད་འདྲ་པོ། །
ཁ་ནས་དྲན་ཚད་བཤད་དུས་ལང་ཤོར་སྨྱོན་པ་འདྲ་པོ། །
ག་དུས་ཡིན་ནའང་ནང་ཆོས་སྨད་དུས་མའོའི་ལྟ་བ་འདྲ་པོ། །
ང་བཟང་ཁྱོད་ཞན་ཟེར་དུས་སྤྱིར་གཏང་མི་ཞིག་འདྲ་པོ། །
ཀ་ཁ་ཟེར་ནས་ཀ་རྩོམ་བྲིས་ན་ཡང་།།
ཀ་ར་ལྟ་བུའི་བྲོ་བ་མེད་པས་ན།།
ཁ་ནས་ཅི་བཤད་འདི་བཤད་སྨྱོན་པའི་རྟགས།།
ཁ་འདི་རང་མཚམས་ཟིན་ན་མཁས་པ་ཡིན།།
ག་ནས་ཡོང་མིན་སུ་ལ་བཤད་ཀྱི་མེད།།
ག་པར་བསྡད་ཡོད་སུས་ཀྱང་ཤེས་ཀྱི་མེད།།
ང་ཅག་མཆན་འབྲི་མཁན་པོ་ཁྭ་ཏའི་ཚོགས།།
ང་ཅག་སྔུན་ནས་སྤོབས་གཏམ་མཐོ་ལ་ལྟོས།།
ཅ་དག་སེམས་ཀྱི་གཞི་རྩ་ཡེ་ནས་བྲལ།།
ཅ་ཅོ་ལུང་པ་འགེངས་པའི་འུར་སྒྲ་ཁྲོད།།
ཆ་མེ་ཆོ་མེས་གཞན་དོན་གླེང་ཁུལ་གྱི།།
ཆ་བྱད་བཅོས་མའི་གདོང་པ་དམར་རྗེན་རྗེན།།
ཇ་ཆང་ཚར་གླུ་ཟེར་ནས་ཀ་གཞེས་ཤིག།།
ཇ་སྙིགས་ཤིང་ལོ་བཞིན་དུ་གང་སར་གཏོར།།
ཉ་ཉོག་འདྲེས་མའི་སེམས་ཀྱི་རྫོབ་རྟགས་ཁྲོད།།
ཉ་རེ་ཉོ་རེའི་རང་གཟུགས་བསྟན་ལས་ཅི།།
ཅ་ལག་འཐོབ་ཚད་བསྡུ་བསོག་བྱས་དུས་རྒན་རྒོན་ལོ་ལོན་འདྲ་པོ། །
ཆ་ལུགས་ཆོས་ལུགས་ཉ་ཉོག་བསྲེས་དུས་དེང་དུས་རིས་མེད་འདྲ་པོ། །
ཇ་ལན་ཆུ་ཡིས་འཇལ་བར་མཐོང་དུས་མདོ་མེད་འཁྱམས་པོ་འདྲ་པོ། །
ཉ་ཤ་ལ་སོགས་མཐོང་ཚད་ཟ་དུས་ཟས་མེད་མུ་གེ་ཤོར་བ་འདྲ་པོ། །
མཆོད་ཅིང་བསྟོདཔའི་་་སྲུང་མ་གཉན་པོ། གཉན་འཕྲེང་འདི་ན་མགོན་སྐྱབས་མེད་ན་། བསྟོད་་བསྟོད་གསོལ་གསོལ་ཀི་ཀི་བསོ་བསོ་། གཏན་གྱི་རེ་བ་འདི་ནས་ཡལ་སོངས་།