རྨ་དུག་ལྕེ།
ཀ་བ་གདུང་ལྕམ་མེད་པའི་ཁང་བཟང་གི་ནང་དུ།།
ཁ་པར་ལག་ཏུ་ཐོགས་ནས་དྲྭ་ངོས་ལ་ཅེར་ཏེ།།
ག་ལེར་འཆལ་གཏམ་གླེང་ནས་ཉིན་མཚན་ཀུན་འདའ་བའི།།
ང་ཚོའི་དྲྭ་འབུ་དག་ལས་མདོ་མེད་ཅིག་སུ་ཡོད།།
ཅ་ཅོའི་གཏམ་ལ་གནས་ལུགས་རྒྱབ་ལྗོངས་ཀུན་མེད་མོད།།
ཆ་ཡོད་རྒྱུས་མེད་གཉིས་ཀ་དྲྭ་ངོས་སུ་བསྡུས་ཏེ།།
ཇ་ཐུན་ཙམ་ཡང་ལྷིང་འཇགས་འཚོ་བ་དང་བྲལ་ནས།།
ཉ་མོ་ཆུ་ལ་གནས་བཞིན་དྲྭ་བ་རུ་ཞུགས་ཡོད།།
ཏ་ཐཱ་ག་ཏའི་རྗེས་འཇུག་རབ་བྱུང་གི་དྲྭ་ཇག །
ཐ་ན་འཁར་རྒྱུག་ཐོགས་པའི་རྒན་རྒོན་གྱི་དྲྭ་འབུ།།
ད་ལྟའི་བུ་མོ་སང་ཉིན་ཕོ་གསར་ལ་བརྫུ་མཁན།།
ན་ནིང་ད་ལོར་ཇེ་མང་ཇེ་མང་དུ་གྱུར་འདུག །
པ་སངས་ལྟ་བུའི་ལྷག་བསམ་སྔ་མོ་ནས་དོར་མོད།།
ཕ་རོལ་གཞན་གྱི་མདུན་ནས་ཇོ་བཟང་ལ་བརྫུས་ཏེ།།
བ་ཉལ་མཛོ་གྲོད་རང་གཤིས་བྱི་སྐྱག་བཞིན་སྦས་ནས།།
མ་གཞིར་ཁྱེད་ཀྱི་དམིགས་ཡུལ་ཅི་ཞིག་ལ་གཏད་ཡོད།།
ཙ་ཡི་ཙ་འཕྲུ་སྦས་ན་ཅ་ཡིག་ཏུ་འགྱུར་མོད།།
ཚ་གསུར་ཟས་སུ་བརྟེན་པའི་འབྱུང་བོ་ཡི་ཚོགས་ཀྱིས།།
ཛ་ལང་ལུས་སེམས་དྲྭ་བའི་རྒྱབ་རོལ་དུ་སྦས་ཀྱང་།།
ཝ་མོ་སྟག་བརྫུས་བོང་བུ་གཟིག་བརྫུས་ལས་མ་འདས།།
ཞ་ཉེའི་མདུང་འཛིན་ལྟ་བུའི་དྲྭ་ལམ་གྱི་མཁས་དབང་།།
ཟ་མ་མ་ནིང་བཞིན་དུ་བེད་མེད་དུ་གྱུར་མོད།།
འ་འུར་ཟང་ཟིང་ཀློང་ནས་མཁས་དབང་ཞེས་བོས་ན།།
ཡ་མཚན་དགའ་བས་སྨྱོས་འདི་གླེན་རྟཊ་ལས་མ་འདས།།
ར་ལུག་རྫི་བོ་མཁས་པའི་དབང་པོ་གྱུར་ཅིང་།།
ལ་ལུང་འཁྱམ་པོ་འཆད་ཁྲིད་མཁན་པོ་རུ་གྱུར་དུས།།
ཤ་ཚ་བོད་ལ་མངའ་བའི་སྐྱེས་བུ་ཞིག་ཡིན་ན།།
ས་དང་གསེར་གྱི་དབྱེ་བ་གསལ་བོ་ཞིག་འབྱེད་རན།།
ཧ་ཅང་གོ་སླའི་ཚིག་གི་ཀ་ཕྲེང་གི་གཏོར་ཟོར།།
ཨ་ཀྲད་ལྟ་བུའི་དྲྭ་ལམ་མཁས་དབང་གི་ཁ་ལ།།
ཧ་ནུ་མན་ཐ་གཉིས་མ་རྨ་དུག་གིས་བརྫངས་ཡོད།།
ཨ་ཅང་ཐུགས་ལ་མ་གནོད་དྲྭ་ལམ་གྱི་མཁས་དབང་།།
18/11/2017
ཁ་པར་ལག་ཏུ་འདི་སྐད་འཕྲིན་ལག་ཏུ་བཅོས་ན་བོད་སྐད་ངོ་མ་།
བཀའ་ཤག་བཀོད་ཁྱབ་འོག་ཏུ་ཨ་དོན་འཕོ་འགྱུར་བཏང་འདུག་།
ཁ་གསལ་འབྲེལ་བཤད་མེད་པའི་གསར་འགོད་གསལ་བསྒྲགས་གནང་ནས་།
ག་ས་ག་ལ་ལབ་གླེང་བཙན་བྱོལ་སྤྱི་ཚོགས་ཡོམ་ཡོམ་།
ང་ཚོ་བོད་མིའི་ལས་དབང་ཨ་སྒོར་འོག་ཏུ་ལྷག་འདུག་།