ཁ་བའི་རྣམ་ཤེས།
ཀ་དག་སྨྲ་བསམ་བརྗོད་མེད་ཆོས་ཀློང་དུ།།
ཁ་དོག་རྟེན་འབྲེལ་འཇའ་ཚོན་ཤར་བ་ལྟར།།
ག་ནས་བལྟས་ཀྱང་རང་བཞིན་མི་རྙེད་པས།།
ང་དང་ང་ཡིར་འཛིན་པ་འཁྲུལ་སྣང་ཡིན།།
ཅ་ཅོ་ལུང་སྟོང་ཕུ་ཡི་བྲག་ཆ་དང་།།
ཆ་ལུགས་རྣམ་འགྱུར་སྒྱུ་མའི་སྤྲུལ་པ་བཞིན།།
ཇ་ཆང་རྨི་ལམ་ཡུལ་གྱི་ལོངས་སྤྱོད་དག།།
ཉ་མོས་སྐམ་སར་ཆུ་ལ་རེ་དང་མཚུངས།།
ཏ་ཐཱ་ག་ཏའི་གསུང་རབ་རྒྱ་ཆེ་ཡང་།།
ཐ་དད་གཉིས་མེད་སྟོང་པའི་དོན་དུ་གཞོལ།།
ད་དུང་དེ་ཡི་གོ་དོན་མི་རྟོགས་ན།།
ན་ཚོད་ལོན་ཡང་བྱིས་པ་རྒས་པོ་ཡིན།།
པ་རི་པི་རིའི་སེམས་ཀྱི་འཆར་སྣང་དག།
ཕ་གིའི་ཡུལ་གྱི་གནས་ལུགས་མ་ཡིན་གྱི།།
བ་རེ་བེ་རེའི་སྨྱོན་པའི་ཟློས་གར་བཞིན།།
མ་རིག་སེམས་ཀྱི་གར་སྟབས་ཁོ་ན་ཡིན།།
ཙ་གེ་ཙི་གེའི་དོན་ལ་འབད་འཞིན་དུ།།
ཚ་གེ་ཚེ་གེའི་ངང་དུ་མི་ཚེ་སྐྱེལ།།
ཛ་རེ་ཛོ་རེའི་ཤུལ་བཞག་མང་ན་ཡང་།།
ཝ་ལེར་བསམ་ན་སྙིང་པོ་ཅི་ཡང་མེད།།
ཞྭ་གོས་སྣ་ཚོགས་ལུས་ལ་གྱོན་པ་དང་།།
ཟ་མ་འདྲ་མིན་ལོངས་སུ་སྤྱོད་པ་སོགས།།
འ་ཅག་བདེ་བའི་དོན་དུ་འབད་པ་འདི།།
ཡ་མཚན་མེད་དོ་མི་ཡི་རང་བཞིན་ཡིན།།
རྭ་ལྟར་གྱོང་བའི་བདག་འཛིན་ངར་མ་འདི།།
ལ་ལུང་བརྒལ་ཏེ་བྲོས་ཀྱང་འདུལ་ཐབས་མེད།།
ཤ་ཟད་རུས་ལ་ཐུག་ཀྱང་སྒོམ་བྱས་ན།།
ས་ལམ་རྟོགས་པ་སྐྱེ་ལ་ཐེ་ཚོམ་མེད།།
ཧ་ལམ་ཉམས་ལེན་མེད་པའི་མི་ཞིག་གིས།།
ཨ་མཚར་རྩེད་མོའི་ཚུལ་དུ་འདི་སྤྲིངས་སོ།།
ཨ་ཙི་བདག་གི་མཐོང་ཚུལ་སྙན་ངག་འདི།།
ཧ་ལམ་ཕལ་སྐད་ཐོག་ཏུ་ཤ་རེ་བྲིས།།