ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
ཀ་ར་ཀོར་རེ་ཤོད་མཁན་མང་ཡང་དོན་དང་མཐུན་པའི་གཏམ་གླེང་དཀོན།།
ཁ་དམག་གཏམ་བཤད་སྤེལ་མཁན་མང་ཡང་རྒྱལ་འབྲེལ་ཆབ་སྲིད་གོ་རྟོགས་ཉུང་།།
ག་ས་ག་ལ་ཟབ་སྦྱོང་མང་ཡང་མི་ཚེའི་མདུན་ལམ་སྟོན་མཁན་ཉུང་།།
ང་ཡིན་ཟེར་བའི་མཁས་པ་མང་ཡང་ཤེས་ཡོན་སྲིད་བྱུས་ཁྲིམས་བཟོར་ཤོར།།
ཅ་ཅོ་མང་བའི་མི་ཡི་སྤྱི་ཚོགས་རྫུན་གཏམ་སྤེལ་ནས་རང་མིང་བསྒྲགས།།
ཆ་མེད་མི་རྣམས་མགོ་བོ་རྨོངས་ནས་བདེན་པའི་མི་རྣམས་ནག་པོ་བཟོས།།
ཇ་ཞིང་ནང་གི་ཇ་སྙིགས་འདྲ་བར་རང་མིང་བསྐུངས་ནས་གཞན་སྐྱོན་གླེང་།།
ཉ་གང་ཟླ་བ་ཆོས་ཀྱི་དུས་ཚེས་དགེ་སྒྲུབ་སྡིག་སྤོང་ལས་ལ་བརྩོན།།
ཏ་ར་འདྲ་བའི་གཟུངས་སྔགས་བསག་ན་མི་མཐུན་ཆ་རྣམས་དམིགས་མེད་ཡལ།།
ཐ་མཚམས་ཡུལ་དུ་འཚར་ལོངས་བྱུང་བའི་དེང་རབས་ན་གཞོན་རིག་པ་སྒྲིམས།།
ད་ལྟ་མི་ཐོག་གཅིག་ལས་མ་བུད་བོད་ཀྱི་སྐད་ཡིག་ཉམས་མགོ་བཙུགས།།
ན་གཞོན་ལོ་ཆུང་གཟབ་གཟབ་བྱས་ནས་ཕ་མེས་སྐད་ཡིག་སྦྱང་ན་དགའ།།
དཔའ་བོ་ལག་རྡུམ་བྲག་ལ་འཛེགས་ནས་དཔའ་དར་བཞག་པའི་གཏམ་རྒྱུད་དཀོན།།
ཕ་མ་བཟང་པོའི་བུ་ཕྲུག་བྱེད་ན་ཕ་མེས་བརྒྱུད་པའི་སྐད་ཡིག་སློབ།།
བ་ཕྱུགས་དུད་འགྲོ་བསམ་མེད་སེམས་ཅན་ལས་དབང་བཙན་པོའི་མི་ཡི་གཡོག །
མ་གྱུར་སེམས་ཅན་ཁ་ནས་བརྗོད་ཀྱང་དོན་དངོས་ལག་ལེན་ཉིན་སྐར་ཙམ།།
རྩ་མཆོག་གྲོང་དུ་དགོངས་པ་རྫོོགས་ཀྱང་འགྲོ་བ་ཀུན་ལ་ཕན་ཞིང་བདེ།།
ཚ་གྲང་དཀའ་སྡུག་བཟོད་བསྲན་ཐུབ་ནས་ཤཱཀྱའི་སྲས་མཆོག་མངོན་སངས་རྒྱས།།
ཛ་དྲག་བྱམས་བརྩེའི་སྙིང་རྗེ་མེད་ན་སེམས་ཅན་འགྲོ་དོན་ཁ་ལྕེའི་བར།།
ཝ་ལེར་སོམས་དང་གཞན་ཕན་བྱ་བ་རླབས་ཆེན་བྱང་ཆུབ་སེམས་ཀྱིས་སྦྱིན།།
གཞལ་ཡས་ཁང་འདྲའི་ཁང་བཟང་ཕལ་ཆེར་རྣམ་ཤེས་སྟོང་པ་འཁོར་སའི་ཡུལ།།
ཟ་འཐུང་ལོངས་སྤྱོད་རྣམ་སྲས་བང་མཛོད་འཆི་ལམ་འདྲེན་པའི་བཀག་རྡོ་འདྲ།།
འ་སྤྱང་བཞིན་དུ་རི་ཟུར་འགྲིམས་ནས་མཐའ་མཇུག་མི་ཚེ་གཡང་དུ་ལྷུང་།།
ཡ་མེད་གཤིན་རྗེ་སྐུ་མདོག་དམར་ནག་ཡ་ང་མེད་པར་ལས་ཀྱིས་འདྲེན་།
ར་ལུག་དུད་འགྲོ་སེམས་ཅན་གླེན་ལྐུགས་དབང་ཆེན་མི་ཡི་ཁ་ཟས་ངོམས།
ལ་ལུང་བགྲོད་ནས་རྩ་ཆུ་གསོ་སྐྱོང་དོན་དངོས་ཤ་དང་ཚིལ་ལ་རྔམས།།
ཤ་ཚའི་སྙིང་རྗེ་རྒྱུད་ལ་མེད་པའི་མི་ཞེས་ཟེར་བའི་བདུད་རྒྱལ་འདི།།
ས་ཆ་འདི་རུ་མི་ཡིའི་འགྲོ་བ་འཕེལ་བའི་ལོ་རྒྱུས་དཔོག་པར་དཀའ།།
ཧ་ཅང་མང་ལ་མགོ་རྙོག་ཆེ་བའི་རྒྱལ་རབས་ལོ་རྒྱུས་མི་ཡིས་བཟོས།།
ཨ་རོགས་དྲ་གྲོགས་སྐུ་རྩེད་ཞུས་ཡིན་མཁས་པའི་ཐུགས་དང་མ་འགལ་ལོ།།