ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
ཀ་དག་ཕྱག་རྒྱ་དམ་ཆོས་རིན་ཆེན་་བོད་ཡུལ་མུན་པ་ཉི་འོད་ཁྱབ།།
ཁ་བ་གངས་རི་དཀར་པོས་བསྐོར་བའི་སྤྲེལ་བྲག་རིགས་རྒྱུད་ཆོས་ལ་དད།།
ག་བུར་ཙན་དན་དྲི་ཞིམ་མེ་ཏོག་སྣང་གསལ་མར་མེ་འབུམ་དུ་འཕྲོ།།
ང་རྒྱལ་མེད་པའི་ཀུན་སློང་བཟང་པོའི་ཕྱག་དང་མཆོད་འབུལ་ཉིན་མཚན་འདའ།།
ཅ་ཅོ་དབེན་ཅིང་འདུལ་ཁྲིམས་གཙང་བའི་གསེར་སྦྱང་བཙོ་མ་འོད་དུ་འཕྲོ།།
ཆ་མེད་རིག་གཞུང་རྒྱུས་མེད་མི་ལ་རྒྱུས་ལོན་ཐུབ་ལ་ལོ་ཟླ་འགོར།།
ཇ་ཆང་སེར་མོའི་ལུས་འཚོ་ཟིན་ནས་སྒྲུབ་རྒྱུའི་དམ་ཆོས་གཞན་ཕན་རླབས།།
ཉ་ཟླ་འདྲ་བའི་འཕགས་པའི་དགེ་འདུན་འདུས་པ་རྒྱ་མཚོ་ངོ་མཚར་ཆེ།།
ཏ་ཐ་ག་ཏའི་བསྟན་པ་ཟབ་མོ་བོད་ཡུལ་མུན་པའི་ཡུལ་ནས་གསོས།།
ཐ་དད་མ་འཆོལ་དམ་ཆོས་རིན་ཆེན་རང་རང་བཤད་ལུང་ཉར་ན་དགའ།།
ད་ལྟ་ཉིད་དུ་བསྟན་པ་འཛིན་པའི་བསྟན་འཛིན་སྐྱེས་བུའི་སྐུ་ཁམས་བཟང་།།
ན་ལན་ཌ་ཡི་ལོ་པཎ་རྣམས་ཀྱི་དཀའ་སྡུག་བརྒྱུད་ནས་ནང་བསྟན་བསྐྱངས།།
པ་བཟང་འདྲ་བའི་བུ་རབས་ཚ་བརྒྱུད་རང་གི་ཕ་མེས་ཆོས་བརྒྱུད་འཛིན།།
ཕ་ལམ་འདྲ་བའི་སངས་རྒྱས་བསྟན་པས་ས་དང་ལམ་གྱི་སྒོ་འཕར་ཕྱེས།།
བ་དན་ཕྱོགས་བཅུར་བསྒྲེངས་པ་ཙམ་གྱི་དགེ་སྡིག་བླང་དོར་ངོ་སྤྲོད་ཐུབ།།
མ་གྱུར་སེམས་ཅན་སྡུག་བསྔལ་མཚོ་ལས་མྱུར་དུ་སྐྱོབ་མཁན་དམ་ཆོས་ཙམ།།
ཙ་བ་སེམས་ཀྱི་རང་བཞིན་འགྱུར་ལྡོག་ཤེས་པར་འདོད་ན་སེམས་ལ་བརྟགས།།
ཚ་གྲང་ཇི་བྱུང་སེམས་ཀྱི་ཚོར་བ་དྲན་ཤེས་ལྕགས་ཀྱུའི་རྩེ་དང་འདྲ།།
ཛ་དྲག་བྱས་ནས་ལྷ་ཆོས་མི་སྒྲུབ་སེམས་པ་བར་དོའི་རྣམ་ཤེས་འདྲ།།
ཝ་སྤྱང་འདྲ་བའི་རི་འཁྱམས་ཐང་འཁྱམས་མི་ཚེ་ཧྲིལ་པོ་སྡིག་ལ་རྒས།།
ཞལ་ཞོབས་མ་མང་དུས་ཚོདའགྲོ་བས་མི་ལུས་རིན་ཆེན་སྟོང་ལ་ཟད།།
ཟ་རྒྱུ་འཐུང་རྒྱུར་སེར་སྣ་མ་མང་ངེས་མེད་ས་ལ་གཅིག་པོར་ཉུལ།།
འ་འུར་མང་ནས་དམ་ཆོས་སྒྲུབ་པ་ཆོས་ལུགས་གང་ལ་ངོས་འཛིན་དགོས།།
ཡ་རབས་གཏམ་གྱི་ཚིག་ཕན་མེད་པར་མ་རབས་བྱ་སྤྱོད་སྤེལ་མཁན་མང་།།
ར་བཅོ་མི་ལ་མ་ངོམ་རང་ཁྲིམས་རང་གི་སྲུང་ན་ཆོས་དང་མཐུན།།
ལ་རྒྱལ་བརྟན་པོའི་བོད་མི་ཡིན་ན་གོང་ས་མཆོག་གི་བཀའ་དགོངས་སྒྲུབས།།
ཤ་ཁྲག་གཅིག་པའི་གཞིིས་ལུས་བོད་མིའི་ལྷག་བསམ་དཀར་པོ་འདི་མཐོང་དུས།།
ས་ཕྱོགས་འདི་རུ་བྱེས་འབྱོར་ང་ཚོའི་ཆོད་སེམས་འགན་ཁུར་ག་འདྲ་རེད།།
ཧ་ལོ་ཧ་ལོར་རེ་བ་བཅོལ་དྲགས་བོད་འདི་རྒྱ་ཡི་ཁོངས་སུ་བཞག །
ཨ་མེ་རི་ཀས་ཌོ་ལོར་དཀར་ལ་རྒྱ་ནག་དམར་པོའི་ཏ་ཡང་ནག །
བྱ་དཀའ་བའི་རྒྱན་ཟེར་བ་འདི་འདྲ་ཞིག་དགོས་ཀྱི་ཡོད་པ་འདྲ།
གོ་དཀའ་བ་འདུག
ཚིག་མཛོད་ཡག་པོ་ཞིག་ཀྱང་རེད་བསམ་སོང་།