~ རྒྱ་སྟོན་བུ་དར།
ཀ་ལི་དྲོན་མོའི་ཁོག་ཏུ་ཀླད་པ་རུལ་ན། །
ཀ་ཁའི་ལས་དབང་སྐྱ་མོ་ཡིད་ལ་མི་འཁོར། །
ཀ་མེད་སུམ་བཅུའི་ཡིག་འབྲུ་རྡོག་གཅིག་མི་འབྲི། །
ཀ་ཡེ་བོད་ལུས་སླངས་པའི་དོན་གོ་མི་ཆོད། །
ཁ་བ་རི་བའི་རང་ཁྱིམ་རྒྱབ་ཏུ་བསྐྱུར་ཏེ། །
ཁ་གཅིག་ལྕེ་གཉིས་པ་ཡིས་སྐད་གསང་མཐོན་པོས། །
ཁ་བཤད་ཆུ་ཡི་སྦུ་བ་ཕ་སྐད་སྲུང་སྐྱོབ། །
ཁ་ཁོག་མི་མཚུངས་ཧ་ལོའི་སྐད་ལ་ཧུར་ཐག །
ག་ཚོད་དྲན་རྒྱུ་རྒོད་དང་གཡོ་རྒྱུ་ཆེ་བས། །
ག་རེ་བྱས་ཀྱང་མི་འགྱུར་ཤ་ཁྲག་རུས་གསུམ། །
ག་ཆད་འུ་ཐུག་བོད་ཀྱི་བདེ་སྡུག་སྨྲེ་ངག །
ག་པར་སླེབས་ཀྱང་དྲན་པའི་ངོགས་ནས་མ་འགོག །
ང་རྒྱལ་མགོ་འཕང་མ་མཐོ་ཨ་རོགས་རྩམ་གཟན། །
ང་ཚོའི་ཁ་སྟབས་སྐྱོ་བའི་རྒྱབ་མདུན་ལྟོས་དང་། །
ང་དང་ཁྱོད་ཅེས་ཕུ་ནུ་འབུར་འཇོམ་བརྩོན་པས། །
ང་འདྲས་མ་བཟོད་སྙིང་གཏམ་རྗེན་པ་ཐལ་སོང་། །
ཅ་མ་ཟིང་པའི་དེང་འདིར་རྡ་སའི་ཕྱོགས་ནས། །
ཅ་ཅོའི་གཏམ་ངན་གྱར་བས་བོད་མིང་བརྫད་སོང་། །
ཅ་ལེ་བ་ཡི་གཡོ་གཏམ་དཔོན་པོས་བསྒྲགས་ཤིང་། །
ཅ་རེ་རྨང་ནས་འཁྲུག་པ་རྨོངས་པའི་མང་ཚོགས། །
ཆ་བཞག་ཡིད་རྟོན་རུང་བའི་གྲོགས་ཀྱང་དཀོན་པས། །
ཆ་མེད་ཆབ་སྲིད་ལོག་པའི་ཁ་ཕྱོགས་འཁྲིད་འགྲོ །
ཆ་གསུམ་ཡ་བྲལ་མི་གཏོང་བསམ་པའི་སྒོ་ནས། །
ཆ་ལུགས་བཟང་པའི་ཆོལ་གསུམ་ལྕགས་ཀྱི་གོང་བུ། །
ཇ་ཁང་གཅིག་ལ་རང་རིགས་དུ་མ་འདུས་ཀྱང་། །
ཇ་ཡུན་ཙམ་ལ་མཐུན་པའི་དགོད་སྒྲ་མེད་པས། །
ཇ་ཆང་བཏུང་པས་མི་ཚིམ་སེམས་ངལ་ལྕི་མོ། །
ཇ་རིན་སྤྲོད་རེས་མེད་པའི་དུས་ངན་སྐྲག་མོ། །
ཉ་ཁྲ་སྡེར་མོ་རྣོན་པོ་རྒྱ་གཞུང་ཡིན་ན། །
ཉ་མོ་ཆུ་ནང་མི་ཞི་བོད་མི་མིན་དགོས། །
ཉ་ཉོག་འཆལ་གཏམ་ཕྱོགས་རིས་ད་ནས་སྤོང་བར། །
ཉ་གང་ཚེས་དང་གཟའ་སྐར་ལྟ་དགོས་མ་རེད། །
ཏ་ཐཱ་ག་ཏའི་རྗེས་འཇུག་ནང་པ་གཅིག་ན། །
ཏཱ་ལའི་བླ་མའི་ཐུགས་ཀྱི་སྐྱིད་སྡུག་གཅིག་རེད། །
ཏཱ་ལའི་རུ་ཚོགས་ཟེར་སའང་ང་ཚོ་གཅིག་རེད། །
ཏཱ་ལའི་བླ་མའི་བཀའ་དགོངས་དོན་འཁྱོལ་མཛོད་ཅིག །
ཐ་ཆད་བསམ་སྦྱོར་ངན་པའི་སྲིད་ཀྱི་འགོ་པས། །
ཐ་ཤལ་ཅོལ་ཆུང་རིགས་དེ་སླུ་བྲིད་བཏང་ཏེ། །
ཐ་དད་ལྟ་ཕྱོགས་གཞན་དང་ཆོས་པར་སྡང་ཞིང་། །
ཐ་མར་རང་དོན་འབའ་ཞིག་ཁོག་ལ་བཅངས་ཡོད། །
ད་གོན་བྱུང་བ་ཐམས་ཅད་ཉམས་སུ་ལེན་བཞིན། །
ད་ལྟ་ཁྲག་ཏུ་བབས་པའི་འོས་འགན་སྲུང་བར། །
ད་རེབ་མི་མཐུན་ཕྱོགས་སུ་བསམ་ཤེས་མཛོད་དང་། །
ད་གཟོད་རེ་སྟོང་བོད་འདིར་དགེ་ལེགས་འབྱུང་འགྲོ །
ན་བའི་གཉེན་དུ་སྨན་ལས་དུག་ནག་མི་བརྟེན། །
ན་མཉམ་གྲོགས་ཀྱི་ཁོངས་སུ་ཕྱོགས་ལྷུང་པ་ཡི། །
ན་ནིང་ད་ལྟའི་དར་ནག་ལོག་སྤྱོད་ཚོགས་དང་། །
ན་རྒས་འཁྲུལ་བཤད་འཆལ་བའི་གཏམ་ལ་བརྟེན་གིན། །
པ་ནི་པུ་ར་མ་བཤོད་ཕ་སྐད་གཙང་མ། །
པ་ར་ཤོ་དང་སྨྱོ་རྫས་ངན་གོམས་མ་ཤོར། །
པ་ཕ་བཟང་པོའི་རིགས་ཞེན་ལྷད་མེད་ཡོད་ན། །
པ་ཏུའི་མཁས་མིང་མེད་ཀྱང་མི་བཟང་ལས་བཟང་། །
ཕ་རོལ་དགྲ་བོ་མ་བཏུལ་གྲོས་ནས་འོངས་ཤིང་། །
ཕ་མཐར་ཐོར་བའི་བྱེས་འབྱོར་ཆིག་འབུམ་ལྷག་འདིས། །
ཕ་གཞིས་ལེན་པར་ལ་རྒྱའི་སྙིང་སྟོབས་འཆོར་པས། །
ཕ་བཟང་རིགས་ཚོའི་གཅིག་སེམས་གཅིག་ལ་སྒྲིལ་ཅིག །
བ་ཕྱུགས་ནོར་ལུག་སོགས་ཀྱི་རྫི་བོ་འཁྱམ་པོས། །
བ་གམ་ཟླུམ་པོ་བརྩེགས་པའི་གྲོང་ཁྱེར་མྱུལ་ཡང་། །
བ་དན་རྒྱ་ཕིབས་བརྗིད་པའི་པོ་ཏ་ལ་མེད། །
བ་གླང་ལྟ་བུའི་ལྟ་སྤྱོད་དོར་ནས་སོམས་ཤིག །
མ་རངས་སྲིད་དོན་ཇུས་ངན་སྤྲིན་ནག་འཁྲིགས་དུས། །
མ་རབས་ཐ་ཤལ་ཁྲི་ནས་འབྲུག་སྒྲ་གྲགས་ཐལ། །
མ་རུང་ནང་རྩོད་རྟག་ཏུ་སེར་ཆེན་བརྒྱབ་པས། །
མ་ངེས་རྒྱལ་ཞེན་རྒུད་པ་ཆུ་རུད་གོད་ཆག །
བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མདོག་སྐྱེ་འདི་མོ་རེད་ཡ། ཀ་བཤད་སྙན་ཐལ། གོ་བདེ་ལ་ཚིག་སྦྱོར་ཡག་གི
རྩོམ་ལེགས་ཤིང་དོན་དང་ལྡན་པ་འདུག