ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀ་ཡེ་གསོན་དང་གཞིས་བྱེས་བོད་རིགས་ཚོ།།
ཁ་བ་གངས་ལྗོངས་ང་ཚོའི་ཕ་ཡུལ་རེད།།
ག་རེ་བྱས་ནས་རྒྱ་ལ་ཤོར་བ་རེད།།
ང་ཚོ་ཚང་མས་རྒྱལ་རབས་ལོ་རྒྱུས་ཀློགས།།
ཅ་ཅོ་མ་མང་བོད་རྒྱའི་ཆབ་སྲིད་ལ།།
ཆ་ཤས་བླངས་ནས་ལོ་རྒྱུས་རྒྱུས་ལོན་གཟོབ།།
ཇུས་བཟང་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་ལ།།
ཉོན་མོངས་དོར་ནས་ཆབ་སྲིད་བཅུད་ལེན་གྱིས།།
ཏང་གི་ཆབ་སྲིད་གྲལ་རིམ་དམངས་གཙོའི་ལུགས།།
ཐོག་མ་ཉིད་ནས་གྲལ་རིམ་གཅིག་བསྡུད་འོག །
དུས་རབས་འཕོ་འགྱུར་འཛམ་གླིང་མང་གཙོའི་ལམ།།
ནམ་ཞིག་རྒྱ་ནག་མང་གཙོར་འགྱུར་དགོས་ན།།
པ་ཕ་ཨ་མས་རང་གི་བུ་ཕྲུག་ལ།།
ཕན་པའི་བསླབ་བྱ་ཤེས་བྱ་ཡོན་ཏན་སློབས།།
བོད་ཡུལ་ལེན་ལ་ཤེས་ཡོན་མེད་ཐབས་མེད།།
མ་འཕྱུག་མ་འཕྱུག་སྤྲེལ་བྲག་རིགས་མྱུག་ཚོ།།
རྩ་བ་བོད་རྒྱའི་དཀའ་རྙོག་སེལ་འདོད་ན།།
ཚབ་ཚུབ་མ་གནང་དོན་ཆེན་ངང་གིས་སྒྲུབས།།
འཛམ་གླིང་གོ་ལ་གཅིག་གིས་གཅིག་ལ་བསྟེན།།
ཝ་སྤྱང་དམར་པོ་སྒེར་བཙན་གུང་ཁྲན་ཙམ།།
ཞི་ཅིང་ཕིང་ལ་བོད་མིས་རེ་སྟོང་བཅངས།།
གཟིག་སྤགས་གྱོན་པའི་གུང་ཁྲན་དཔོན་ངན་ལ།།
འོང་རྒྱུ་མེད་པའི་རེ་བཅོལ་བོད་མིའི་ལས།།
ཡ་རབས་ངོ་ཚས་བསྐྱངས་པའི་བོད་མི་རྣམས།།
རེ་བའི་འོག་ཏུ་མི་ལོ་ལྔ་བཅུ་རྫོགས།།
ལ་ལུང་བོར་ནས་མི་ཡུལ་ས་མཐའ་རུ།།
ཤ་ཚ་ཆེ་ནས་རང་གི་རིག་གཞུང་སྲུངས།།
ས་ཕྱོགས་འདི་རུ་བོད་མིའི་ཆོས་རིག་དར།།
ཧམ་ཆེན་རྒྱ་ཡིས་བོད་ཀྱི་སྣོད་བཅུད་བཅོམ།།
ཨེ་མ་མཆོག་གསུམ་བདེན་པས་བར་དཔང་མཛོད།།