ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས།
ཀ་ཡེ་གསོན་དང་གངས་ཅན་པ།།
ཁ་བ་ཅན་པའི་སྐྱེ་འགྲོ་རྣམས།།
ག་ས་གང་ལ་ཁ་འཐོར་ནས།།
ང་ཡིན་ཁོ་ཡིན་གླེང་གཞི་མང་།།
ཅ་ཅོ་ཉུང་ལ་ཆོད་སེམས་བརྟན།།
ཆ་མེད་མི་ལ་གྲོས་མ་འདྲི།།
ཇ་ཆང་མཉམ་བསྲེས་མ་གནང་ཨ།།
ཉ་དང་ཉུང་མ་ནོར་མི་ཉན།།
ཏ་ཐཱ་ག་ཏའི་བསྟན་པ་ལ།།
ཐ་དད་མ་འཆོལ་དད་གུས་བརྟན།།
ད་ར་འོ་མ་ཞོ་ཕྱུར་སོགས།།
ན་གཞོན་རྒན་བྱིས་ཀུན་གྱིས་དགའ།།
པ་བ་ཨ་མ་ཕྲུ་གུ་སོགས།།
ཕ་མ་འཛོམས་པ་ཚེ་སྟོད་རེད།།
བ་ཕྱུགས་དུད་འགྲོ་བསམ་མེད་ཡང་།།
མ་བུའི་བརྩེ་གདུང་མི་ལས་ཆེ།།
རྩ་བ་རང་བཙན་ས་ལ་ཐུག།།
ཚ་གྲང་འཚོར་ན་ས་བདག་གླེང་།།
ཛ་ཏི་རླུང་སྨན་ཀུན་གྱིས་ཤེས།།
ཝ་ཞ་ནག་པོ་གྱོན་མི་ཉན།།
ཞ་ར་འོན་པ་མིན་པ་ན།།
གཟའ་དང་སྐར་མའི་འཕྲོད་ལ་བལྟོས།།
འ་སྤྱང་ཁ་མཐུན་ར་ལུག་དགྲ །
ཡ་ང་སྙིང་རྗེ་རྒྱུད་ལ་མེད། །
ར་བ་གངས་རིའི་ས་ཆ་དེ།།
ལ་ལུང་བགྲོད་ཀྱང་བརྗེད་མི་ཉན།།
ཤ་ཚ་ཡོད་ན་ཕ་ས་བརྩོད།།
ས་ཆའི་བདག་དབང་རྩོད་ན་དགའ།།
ཧ་ར་ཧུར་རེའི་ཆབ་སྲིད་མཁན།།
ཨ་གསར་གཏམ་གྱིས་རང་དོན་ཤོར།།
ཀ་ཡེ་གཞིས་བྱེས་བོད་རིགས་ཚོས། །
ཁ་ཙམ་མིན་པར་ལག་ལེན་ཐོག །
ག་ས་ག་ལ་གསུམ་བཅུའི་ཉིན། །
ང་དང་མཉམ་དུ་དྲན་གསོ་གྱིས། །