རྫ་ཚེ་རིང་བཀྲ་ཤིས།
(གསལ་བཤད། ཉེ་ཆར་ཧྥ་རན་སིའི་བོད་མི་དག་གི་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་བསམ་ཚུལ་འདྲ་ཡོད་དམ་ཞེས་ཟེར་མཁན་བྱུང་བར། རྩོམ་ཡིག་དངོས་སུ་འབྲི་རྒྱུར་དུས་ཚོད་ཀྱིས་མ་ལྕོགས་པ་དང་། ཕྱོགས་གཞན་ཞིག་ནས་ཀ་རྩོམ་འདི་ཡང་བོད་ཀྱི་རྩོམ་རིག་ཁྲོད་དགའ་སྐྱོ་ཆགས་སྡང་དང་། བསམ་ཚུལ་སེམས་འདུན་མཚོན་པའི་རྩོམ་ཡིག་འབྲི་ཐབས་ཆེས་རྙིང་པ་དང་གལ་ཆེན་ཞིག་་ཡིན་པས་ད་ཐེངས་ཀ་རྩོམ་གྱི་ལམ་ནས་བསམ་ཚུལ་འདི་ཙམ་བྲིས་པ་ཡིན་ནོ། །)
ཀ་དག་སེམས་པ་བོད་ལ་དཀར་མཁན་ངས། །
ཁ་བརྡའི་ཚུལ་དུ་སྐད་ཆ་ཚིག་གསུམ་ཡོད། །
ག་ལེར་གཟིགས་ནས་བསམ་བློ་གཏོང་གནང་ན། །
ང་ཚོ་ཚང་མར་ཕན་ཐོགས་གཅིག་པ་ཡོད། །
ཅ་ཅོའི་གསེབ་ནས་དོན་ལྡན་འབོད་སྒྲ་ཞིག །
ཆ་ཤས་རེ་ནས་རྡོག་རྩ་གཅིག་སྒྲིལ་ཏེ། །
ཇ་ཆང་མིན་པའི་སེམས་ཀྱི་གསོས་སྨན་ཞིག །
ཉ་གང་ཟླ་བ་ཧྥ་རན་སི་ནས་ཤར། །
ཏཱ་ཐའི་དགོངས་པ་བྱམས་བརྩེ་གཞན་ཕན་སོགས། །
ཐ་ཐོར་བཤད་རྒྱུ་ཆོས་པའི་ལས་ཡིན་མོད། །
ད་ལྟ་ཁྱེད་ཚོའི་སྤེལ་བའི་ལས་འགུལ་དེ། །
ན་གཞོན་མི་ཡི་སེམས་དང་མཐུན་པ་ཡིན། །
པ་པུར་བསམ་ཚུལ་ཚང་མར་ཉན་ཚོད་མེད། །
ཕ་རོལ་དགྲ་གཉེན་དབྱེ་བ་སུར་ཡང་ཡོད། །
བ་མོ་ལྟར་དཀར་ཞི་བའི་རྒྱ་མཚོ་ལ། །
མ་ཐལ་ཙམ་གྱི་ཚོར་བའི་རླབས་ཤིག་དགོས། །
ཙ་རིའི་མཚོན་པའི་བྱང་ཕྱོགས་བོད་ཡུལ་དུ། །
ཚ་གྲང་དམྱལ་བའི་གཤེད་མ་མངོན་རྒྱུག་མཁན།
ཛ་ཡ་རྒྱལ་བར་རྟག་ཏུ་རྨོད་མཁན་ཚོར། །
ཝ་ལེར་བསམ་ན་སྙིང་ནད་ལོས་ཀྱང་ཡོད། །
ཞྭ་ལུགས་གོས་སྟབས་མི་གཅིག་ཙམ་ཞིག་དང་། །
ཟ་ལུགས་འཐུང་ལུགས་ཁ་ཁ་ཙམ་ཞིག་གིས། །
འ་འུར་མི་རིགས་དབྱེ་དབྱེད་མི་འོས་ཀྱང་། །
ཡ་ངའི་ལོ་རྒྱུས་བརྗེད་ན་ཁྲེལ་མེད་ཡིན། །
ར་རི་ལྡན་ཡང་ཟླ་བ་འོད་དུ་མཚེར། །
ལ་ལུང་བསྐལ་ཡང་ཕུ་ནུ་གཅིག་ཏུ་མཐུན། །
ཤ་ཚའི་ཚེ་སྲོག་ཅིག་གིས་བསྒུལ་བ་ལས། །
ས་སྟེང་བོད་ཀྱི་ལར་ཞེན་དེ་རིང་མཐོང་། །
ཧ་ལམ་ཁྲིམས་ཀྱི་རྒྱ་ལས་བརྒལ་ཙམ་ལ། །
ཨ་རོག་ཧྥ་ཇག་ཟེར་ནས་སྡིགས་མི་རུང་། །
ཧ་ལམ་བསམ་ན་ཚོར་བ་སྟོན་ཚུལ་འདི། །
ས་སྟེང་མི་ཞིག་ཡིན་ན་ཡོང་ངེས་ཡིན། །
ཤ་ཚའི་བསམ་ཚུལ་བཤད་ན་ལོས་ཆོག་སྟེ། །
ལ་ལུང་སྤུན་ཟླར་ཚིག་མཚོན་མ་འདེབས་རོགས། །
ར་མིན་ལུག་མིན་དགྲ་གཉེན་ནོར་བ་འདི། །
ཡ་མཚན་མི་ཆོས་རིག་པའི་གོ་དོན་མིན། །
འ་མ་འོལ་ལ་དྲ་ལམ་ཉུལ་བའི་སྐབས། །
ཟ་མ་མོ་ཞིག་ཁ་བརྡ་ཤོད་པ་མཐོང་། །
ཞྭ་མོ་ཕུད་ནས་ཞིབ་ཏུ་ཉན་མ་ཐག །
ཝ་ལེ་ཡོད་ཚད་ང་ལ་ཁ་གསལ་ཆགས། །
ཛ་དྲག་ལུས་འགུལ་ཚད་ལྡན་སྤེལ་བ་མཐོང་། །
ཚ་ཚ་འུར་འུར་ཙམ་ཞིག་འགྲིགས་ནས་འདུག །
ཙ་གེ་ཙིག་གེའི་ཅ་ལག་བཅག་ཙམ་ལ། །
མ་གཞི་ས་གནས་ཉེན་རྟོག་འཐད་པ་འདྲ། །
བ་ཡང་རང་གི་བེའུ་སྲུང་བའི་ཆེད། །
ཕ་རོལ་ཁྱི་ལ་མགོ་བོས་རྡུང་སྲིད་ན། །
པ་ཊའི་བློ་རིགས་གསལ་བའི་མི་ཞིག་ལ། །
ན་ཚའི་སེམས་ཚོར་ཡོད་པ་ཨ་ཅང་ཅང་། །
ད་ནས་ཚང་མ་རྡོག་རྩ་གཅིག་སྒྲིལ་ལས། །
ཐ་ཆད་ནང་ཁུལ་འཁྲུགས་རྩོད་མ་མང་ན། །
ཏཱ་ལའི་བླ་མ་རྒྱལ་བའི་དབང་པོ་ཉིད། །
ཉ་རྒྱས་སྐུ་ཚེ་བརྟན་ཐབས་དེ་ལས་མེད། །
ཇ་ཁང་ཟ་ཁང་རྒྱ་མིས་གཉེར་ཚད་ལ། །
ཆ་མེད་བཞིན་དུ་ལས་ཀ་མཚམས་བཞག་སྟེ། །
ཅ་ཅོའི་གྲོང་ནས་རང་མགོ་ཐོན་ཐབས་ཐད། །
ང་རྒྱལ་བསྐྱེད་ནས་ཆེ་སར་བལྟ་བ་གནད། །
ག་བུར་ལྟ་བུའི་ལེགས་བཤད་མེད་ན་ཡང་། །
ཁ་ཞེ་མེད་པའི་བསམ་པ་དཀར་པོ་ཡོད། །
ཀ་མད་སུམ་ཅུ་ལུགས་འབྱུང་ལུགས་ལྡོག་མ། །
ཁ་རུ་ཁ་ཐུག་ཡི་གེར་བཏགས་པ་ཡིན། །
སྤྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༩ ལ། ངག་རིག་སྨྲ་བའི་གཏམ་ལ་ཅུང་ཟད་རང་དབང་འབྱོར་བ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་རི་བོ་སྔོན་པོར་འཕྲལ་བྲིས།
ཀ་ར་གུ་རམ་རྒྱ་མིའི་བོད་པར་སྦྱིན་།
ཁ་སྙན་འདྲ་ཆགས་རྒྱ་མིའི་བོད་པར་བཤད་།
ག་ལེ་ག་ལེ་བོད་ཡུལ་རྒྱ་ཡིས་བཅོམ་།
ང་ཚོ་བོད་མིའི་རྒྱ་ཡིས་འཐོམ་ཞ་གྱོན་།