གཉན་ཆེན།
ཀ་ཁའི་བདག་པོར་ཁ་བ་ཅན་ན་རང་རིག་རང་ཡུལ་སྐྱོང་དབང་མེད།།
ཁ་ཏོན་དགེ་སྦྱོར་ག་ལེར་བཞག་སྟེ་དགོས་པའི་སྲིད་དོན་ལག་ལ་ལོངས།།
ག་འདྲ་བྱས་ནས་ང་ཚོའི་ཕ་ཡུལ་བཙན་དབང་འོག་ནས་ཐར་ཐུབ་དགོས།།
ང་འདྲའི་བླུན་པོ་ཅ་རིལ་གཅིག་གིས་བཤད་པའི་གཏམ་ལ་ཆ་འཇོག་མེད།།
ཅ་ལག་ཚང་བའི་ཆ་རྐྱེན་འཛོམས་པོས་དྲག་པོའི་སྟོབས་ཤུགས་ང་ཚོར་མེད།།
ཆ་འགྲིག་ལོ་རྒྱུས་ཇ་བཞིན་དཀྲུགས་ཏེ་རང་བཙན་རི་བོ་རྨང་ནས་ཞིག །
ཇ་འཐུང་འཚོ་བའི་ཉ་ཉོག་གཏམ་གྱིས་དུས་ཚོད་རིན་ཆེན་མ་བརླག་རོགས།།
རྙོག་མེད་དྭངས་གསལ་ཏཱ་ལའི་བླ་མའི་བཀའ་གསུང་ལག་ལེན་བསྟར་རན་ཡིན།།
ཏཱ་ལའི་གསུང་གི་ཐ་མའི་དབུ་མར་ཁས་ལེན་མེད་པའི་བསྡིགས་གཏམ་བསྒྲགས།།
ཐ་ཤལ་རྒྱ་ལ་ད་ནས་ང་ཚོས་ཅི་བྱེད་ཀླད་པ་འགུལ་རན་རེད།།
ད་ནས་བཟུང་སྟེ་ན་ཚ་འདྲ་བའི་ཆོལ་གསུམ་དབྱེན་སྦྱོར་དཀྲུགས་ཤིང་སྤོངས།།
ན་ནིང་ད་ལོ་པ་སངས་ལྟ་བུའི་བོད་ལ་བསམ་དཀར་ཇེ་ཉུང་རེད།།
པཱ་ལགས་མིན་རུང་ཕ་བཞིན་བསྐྱངས་པས་ས་ཡ་དྲུག་པོའི་དབུ་འཁྲིད་གནང་།།
ཕ་མ་མེད་པའི་བུ་རབས་ཚ་རྒྱུད་ས་མཐའི་ཡུལ་ནས་རང་ཡུལ་དྲན།།
བ་གླང་འདྲ་བའི་མ་རབས་རྒྱ་ལ་བརྒྱ་བཤད་སྟོང་གི་རྣ་བ་མེད།།
མ་ལྟར་བརྩེ་བའི་ཙ་རིའི་སྒོམ་ཆེན་རྔོན་པ་རྒྱ་ཡིས་ཕྱི་ལ་སྤྱུགས།།
ཙི་ནའི་གཞུང་ལ་ཚ་བའི་མེ་དཔུང་རང་ལ་སྤར་བའི་ངོ་རྒོལ་བརྩམས།།
ཚ་བ་སླེབས་འདྲའི་ཛ་དྲག་ཆེ་བའི་བོད་ཀྱི་གནས་སྟངས་ཇེ་སྡུག་རེད།།
ཛ་ལང་ཆེ་བའི་ལྦ་མོའི་རིགས་ཀྱིས་ཁ་བའི་ཡུལ་ལྗོངས་ཁེངས་ནས་ཡོད།།
ལྦ་མོའི་པགས་པའི་ཞྭ་མོ་གྱོན་པའི་བོད་མིའི་རིགས་ལ་རེག་དུག་འགོས།།
ཞ་བོ་ལྟ་བུ་ཟ་འཐུང་མ་གཏོགས་ཅི་ཡང་མི་འཇོན་མི་རིགས་འདི།།
ཟ་ངེ་ཟིང་ངེ་འུར་ལ་ཞོགས་ནས་ནང་ཁུལ་གཡོ་མདས་མ་དཀྲུགས་རོགས།།
འ་ཅག་གངས་ཅན་ཡ་རབས་ཚང་ལ་ཡོན་ཏན་མེད་རུང་ཀུན་སྤྱོད་དགོས།།
ཡ་ངའི་འཇིགས་པར་ར་མདའ་མེད་ན་གཞིས་བཞུགས་སྤུན་ཟླའི་སེམས་པ་སྐྱོ།།
ར་བ་གངས་རིའི་ལ་ལུང་ཀུན་ནས་རིན་ཆེན་གཏེར་ཁ་རྒྱ་ཡིས་ཁྱེར།།
ལ་མགོའི་ཉི་མ་ཤར་ནུབ་འདྲ་བའི་ཁ་བ་བོད་པའི་ཆག་འཇིག་འདི།།
ཤ་རུས་གཅིག་པས་ས་སྒང་ཟིན་པའི་རེ་བ་སྟོང་གི་སྣེ་མོར་འཇུས།།
ས་མཐའི་བླ་མ་ཧ་རེ་ཧུར་རེ་རང་ཡུལ་ཁྲི་ལ་འགོད་ཐབས་བྱོས།།
ཧ་ཅང་ཐལ་ན་ཨ་རྒྱ་ཚང་གིས་བཙིར་གནོན་ཐག་པ་སྐེ་ལ་འཕེན།།
ཨ་ཧོ་རིགས་ཀྱི་ལ་རྒྱ་ཅན་ཚོས་རྣམ་དཔྱོད་རི་མོ་བོད་ལ་ཕྲིས།།
ཨ་ལགས་ཟེར་བའི་བླ་སྤྲུལ་རིགས་ཀྱིས་མཐུ་དང་ནུས་པ་སྟོན་རན་རེད།།
ཧ་གོ་ཧོན་ལོག་སུ་ཞིག་ཡིན་རུང་རང་རེའི་ཕྱོགས་ནས་འབད་པ་དགོས།།
༢༠༡༣ ༡༠ ༢༠ ཉིན།
ཆབ་སྲིད་ཀྱི་ཚོར་བ་ཧ་ཅང་རྣོ་ངར་ཅན་གྱི་སྙན་རྩོམ་འདི་ལྟ་བུ་སྤེལ་བ་དགའ་བསུ་ཞུ། ཆབ་སྲིད་ཀྱི་སྐྱབས་བཅོལ་པ་ཚོར་ཆབ་སྲིད་དང་འབྲེལ་བའི་སྙན་རྩོམ་འདི་འདྲ་ཧ་ཅང་དགོས་མཁོ་ཆེ། དེ་མིན་རང་གིས་རང་ཉིད་བསྟོད་པ་དང་། ཡང་ན་བེམ་པོ་ཤིང་སྡོང་དང་ཤིང་གི་ལོ་མ་སོགས་ལ་སྦྱར་ནས་སྙན་ཚིག་འབྲི་བ་ལས་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་བསམ་ཚུལ་ཏེ་སྤེལ་མཁན་ཚོར་དགའ་བསུ་ཞུ།
ཀ་ཁ་སུམ་ཅུ་བོ་ཤར་ཤར་དུ་སྒྲིག་ཐུབ་མེད་ཀི་མོ།
ཁ་མི་ཚང་ནི་ཞིག་གིས་ཀུ་ཅོ་འདོན་གི་ཡོད་ན།
ག་རེ་ཡིན་མིན་ལ་བསམ་བློ་ཞིག་མ་གཏང་དུས།
ང་ཚོ་ཚང་མ་གྱོང་ཆེན་ཞིག་སྒོ་ཁ་ནས་འགྲེང་རྒྱུ་ལས་མེད་ཐག་གཅོད་རེད། ཡ་བཟང་གི་བཟང་གི། ཀུ་ཅོ་འདི་སོད་སོད་རྒྱོབ་རྒྱོབ་ལོག་སོང་ན། དེ་ནས་བལ་སོང་ནི་རེད།