བློ་བཟང་རིན་ཆེན།
ཀ་ཡེ་གསོན་དང་ཆོས་ཀྱི་གྲོགས་པོ་ལགས།།
ཁ་སང་སློབ་གཉེར་མ་བྱས་གཉིད་དུ་ཡུར།།
ག་ལེར་རྗེས་སུ་ལུས་པའི་རྣམ་པ་འདི།།
ང་དང་ཁྱོད་ཀྱི་སེམས་པ་སྐྱོ་བའི་རྒྱུ།།
ཅ་ཅོའི་གཏམ་ལ་གཅེས་སུ་འཛིན་པ་ལས།།
ཆ་ཚང་ཤེས་བྱའི་གནས་ལ་མ་སྦྱངས་པར།།
ཇ་ཆུ་ལོངས་སྤྱོད་ཙམ་གྱི་འཚོ་བ་འདི།།
ཉ་མོ་མཚོ་ལས་ལྟོགས་ཤི་ཐེབས་དང་མཚུངས།།
ཏ་ལྟར་ཀྱག་ཀྱོག་ཆེ་བའི་ལམ་འཕྲང་ནས།།
ཐ་སྙད་རིག་གནས་མཚོན་པའི་གཞུང་ལུགས་ལ།།
ད་ལྟ་ཉིད་ནས་བརྩོན་པ་མ་བསྐྱེད་ན།།
ན་སོ་རྒས་ན་དཀའ་མོ་ཡིན་ཚོད་གདའ།།
པ་ཚབ་ལོ་ཙྭ་ལྟ་བུའི་སྦྱང་འབྲས་ཤིག །
ཕ་མ་བཟང་པོར་དབུལ་རྒྱུ་མ་བྱུང་ཡང་།།
བ་གླང་བཞིན་དུ་ཉུལ་བ་མཚམས་བཅད་ནས།།
མ་ཡི་དྲིན་ལན་འཇལ་དགོས་མ་ཡིན་ནམ།།
ཙ་འཕྲུ་ཙམ་ཞིག་སྦྱངས་ནས་མི་ཚིམ་པར།།
ཚ་བའི་གདུང་བ་བརྩོན་པས་ཁྱད་བསད་ནས།།
ཛ་ལང་སྤྱོད་པ་འགོ་བའི་ནད་བཞིན་སྤོངས།།
ཝ་མོའི་ངང་ཚུལ་མ་སྟོན་སློབ་ལ་འབད།།
ཞྭ་མོའི་ཁ་མདོག་བརྩད་ནས་མི་སྡོད་པར།།
ཟ་ཉལ་གོམས་གཤིས་ངན་པ་ཡོངས་སྤངས་ནས།།
འ་ཅག་གངས་ཅན་པ་ལ་ཕན་པ་ཡི།།
ཡ་རབས་སྐྱེས་བུ་ཞིག་ལ་ཧུར་གྱིས་བརྩོན།།
རྭ་ལྟར་མཁྲེགས་པའི་ལྟ་བ་མི་འཆང་བར།།
ལ་དང་ལུང་པ་རྩོད་པ་གཏན་སྤངས་ནས།།
ཤ་ཁྲག་རུས་རྒྱུད་གཅིག་པའི་སྤུན་ཟླ་ལ།།
ས་སྟེང་གོ་ལ་འདི་ནས་མཐུན་སྒྲིལ་བྱོས།།
ཧ་ཅང་གཅེས་པར་འོས་པའི་རིག་གཞུང་ལ།།
ཨ་གསར་མིན་པའི་བརྩོན་པ་རྟག་ཏུ་བསྟེན།།