ཁྲོ་གཏུམ།
ཀྭ་ཡེ འབྲུག་མོའི་ཇ་མཁར
ཁ་བཤད་གཏམ་གྱི་ཁ་ཕྱོགས་རིགས་ཀྱི་ལས་དབང་ལ་བཏེགས
ག་ས་གང་གི་སྣ་འདུས་རིགས་རྒྱུད་གཅིག་གི་དཔུང་རྡང་སྦྲེལ
ང་ཚོས་བོད་པ་བཤད་ཞོར་བོད་པ་འབྲི་ལ་འབད
ཅ་ཅོ་ཇི་ལྟར་མཐོ་རུང་བྲག་ཅར་འཁོར་སའི་ཕ་ཡུལ་འདི
ཆ་ལུགས་པག་པས་བཀབ་པ་ནི་ཙག་རླུང་གི་ཕས་རྒོལ་ཡིན་ཞིང
ཇ་རྒོད་འཐུང་ཞོར་ཁ་རླངས་དགོང་དུ་འཕྱོ་ཞོར
ཉ་ཤ་རྟ་ཤ་ཁྱི་ཤ་ཟས་སུ་མ་མཆོད་པ་འདི་མཚར་རོ
ཏ་ལེན་ནང་ན་མར་དང་ཆུར་བས་ལམ་གྲོ་ནམ་རྒྱུན་འཁྱེར
ཐ་ཐོར་རི་བ་ཡངས་པའི་སྤངས་དང་གཟར་བའི་རི་ངོས་སོགས་སུ་ལྷོད་ཀྱིས་འཚོ
ད་དུང་ལ་གཞས་འཐེན་ཞིང་གླུ་ཡི་འགྱུར་ཁུགས་ངག་ལ་འདྲེན
ན་གཞོན་ལང་ཚོ་སྤངས་ནས་རྫོགས་པའི་ལོ་རྒྱུས་ཡོད
པ་ལགས་དུས་ཀྱི་སོ་ཁས་རྣ་བར་གཏམ་གསར་ལྷུང་བས་བཟི
ཕ་རོལ་གཏམ་གྱི་རྒྱུས་མངའ་སེམས་པས་བསུ
བ་མོ་ལ་སོགས་སྒོ་ཕྱུགས་འབྲོག་ནས་ཚར
མ་ལོའི་འབྲི་བཞོའི་དཀའ་ངལ་སེལ་ནས་རྒྱག་པ་སྔར་ལས་ལྡབ་ཀྱིས་ཆེ
ཙ་རེ་ཙོར་རེ་ཆང་ཁའི་གཏམ་ནས་འཛེམ་མེད་དུ་བཤད་རུང
ཚ་གྲང་གིས་འགྲམ་ལྕག་གཞུ་བ
ཛ་ལང་འགའ་མ་གཏོགས་བཟོད་པ་བྱེད་འདོད་ཡོད
ཝ་སྐྱེས་རྒྱལ་བོའི་རྣམ་ཐར་དེ་ད་རུང་ལྷག་འདུག་ཤུ་རེ་ཁོ
ཞྭ་མོ་ཟུར་གྱོན་ད་བར་དུས་ཀྱི་རྒྱན་ལ་བཏེགས་པ
ཟ་མའི་རིགས་སུ་གང་ཡིན་ཟ་རྐྱང་ལྟོ་བ་འབུར་ལ་མངོན་གྱིས་བཏོད
འ་ཅག་བོད་ཀྱི་མི་རབས་སྔོན་མ་དང་ད་ལྟ་ལས
ཡ་རབས་འཚོལ་བའི་རིགས་པ་འདི་སུ་ཡིས་རྙེད
ར་ལུག་གནའ་ནས་འཚོས་པ་མཐོ་སྒང་གི་ཁྱད་ཆོས་ཏེ
ལ་མགོ་ལུང་ཁུག་རེ་ལ་སྦྲ་ནག་དུད་པ་ཅན་གྱི་འགྱིང་ཉམས་མིག་ལ་མངོན་ས
ཤ་ཉེ་སྤུན་ཟླའི་ཁོ་ལག་རྒྱས་པ་རྟ་ནོར་ལུག་གི་རྒྱན་དུ་གྲུབ
ས་ཕྱོགས་འདི་ནི་བོད་རིགས་ཞེས་པའི་ས་མཐོ་ཉི་མར་བར་ཐག་ཉེ་ས་ཞིག
ཧ་མ་གོ་བའི་དུས་ཀྱི་ཤོག་བུ་དག་ལས
ཨ་ལགས་དང་ཨ་ཁུའི་ལོ་རྒྱུས་ལས་མཐོང་མི་ཐུབ་པ་ནི་ལོ་རྒྱུས་ཀྱི་ཟུར་ཤིག
2017/10/21དགོང་མོ།