མགར་ཐར་མཁྱེན་རབ་འོད་གསལ།
ཀྭ་ཡེ་གསོན་དང་ན་ཆུང་བུ་མོ་ཚོ།།
ཁ་ལ་ཚོན་དང་སྣ་བར་གསེར་རྒྱན་ལས།།
ག་གལ་མི་ཤེས་བླུན་པོའི་རང་གཟུགས་ཀྱིས།།
ང་ཅག་བུ་རྣམས་བཀུག་ཐབས་མི་ཡོང་བས།།
ཅ་ཅོ་ལབ་གླེང་བྱེད་པའི་གཤིས་ངན་དང་།།
ཆ་ལུགས་ངན་གོམས་སོང་རྣམས་བཅོས་བྱས་ཏེ།།
ཇ་ཡུན་ཙམ་གྱི་བདེ་ལ་མ་ཆགས་པར།།
ཉ་མོ་འཕྱོ་དང་འདྲ་བའི་སྐྱེས་གཟུགས་ལ།།
ཏྭ་ཡང་དངུལ་སྒོར་ལས་ལྷག་བྲིན་ཤེས་ནས།།
ཐ་ཆད་རིགས་ངན་དག་གི་གཡོ་ཐབས་སུ།།
ད་ནས་བཟུང་སྟེ་སྲུང་ཞིང་སྐྱོབ་མཛད་དང་།།
ན་གེ་ནོག་གེ་ཅན་གྱི་དམོད་ཚིག་དང་།།
པ་ཕ་དམ་པའི་བཀའ་བཀྱོན་མི་གནང་བར།།
ཕ་བཟང་བུ་མོ་ཞིག་ཏུ་བརྩིས་ནས་ནི།།
བ་ཕྱུགས་སེམས་ཅན་ར་ལུག་ནོར་གསུམ་དང་།།
མ་ཧེ་སོགས་ཀྱི་རྗེས་སུ་མི་གཏོང་བར།།
ཙ་གེ་ཙིག་གེའི་ལས་རྣམས་དོར་བཅུག་སྟེ།།
ཚ་ཟེེར་འོད་སྟོང་འབར་བའི་ཤེས་བྱ་ལ།།
ཛ་དྲག་རོགས་རམ་ཚུལ་གྱིས་ཇི་ལྟར་ཡང་།།
ཝ་སྐྱེས་སྡར་མ་གཅན་གཟན་ལ་སོགས་དང་།།
ཞ་བོ་ཡན་ལག་འཁུམས་འདྲ་མི་ཡོང་ཆེད།།
ཟ་ཟིའི་སྤྱི་ཚོགས་ཁྲོད་དུ་སློབ་བཅུག་ནས།།
འ་ཆད་འུ་ཐུག་ཅན་གྱི་སྡུག་བསྔལ་དང་།།
ཡ་ངའི་འཇིགས་སུ་རུང་དང་ཉམ་ཐག་གིས།།
ར་བཟི་གྲོང་ཁྱེར་འགྲིམས་པའི་མོ་འཁྱམས་ཀྱི།།
ལ་ཉེ་ངན་པའི་བུ་མོར་མི་བརྩིས་བར།།
ཤ་རུས་གཙང་བའི་སྨན་ཤར་བུ་མོ་ཞེས།།
ས་གྲགས་གནམ་གྲགས་ཡོང་བ་གཏན་དུ་འཁེལ།།
ཧ་ཧ་ཟེར་ནས་མི་སྲིད་མ་བསམས་དང་།།
ཨ་ལེ་སྙམ་པའི་ངོ་མཚར་འཇུག་ཏུ་སྐྱེ།།
ཀ་ཁའི་བོད་སྐད་ཤོད་མཁན་བོད་མོ་ཚོ། །
ཁ་རིས་ངོ་མདོག་ངོམས་བཞིན་བོད་ཡིག་སྦྱོངས། །
ག་རེ་བཤད་ཀྱང་བོད་པར་བོད་སྐད་ཤོད། །
ང་དང་ང་འདྲར་ཀུན་གསལ་སྒྲོན་མེ་སྤོར། །
ཀ་ཁ་མི་སློབ་ཨེ་སྦི་སློབ་ཏུ་འཇུག
ཁ་བའི་དོན་ཡང་མི་ཤེས་བོད་ཕྲུག་ཚོ།
ག་རུ་ཕྱིན་ཀྱང་ཧིན་དྷི་དབྱིན་སྐད་ལས།
ང་ཚོའི་རྩ་ཆེན་བོད་སྐད་མི་བཤད་ཅི།
ཀྭ་ཡེ་གསོན་དང་ན་ཆུང་ཕོ་སར་ཚོ། །ཁ་ལ་ཟས་ཞིམ་ལུས་ལ་དལ་འདོད་ལས། །ག་བཏང་གོ་ཆོད་ཕོ་ཚོད་མི་ཟིན་བཞིན། །ང་ཅག་བུ་མོའི་སྐྱེ་མཆེད་མ་རྙོག་ཨང་། །