སོག་མདའ།
ཀྭ་ཡེ་ཞེས་སེམས་ནས་འབོད་ན་འདོད་པའི་ཨ་ཅག་དེ་དབྱངས་ཅན་་ལྷ་མོ་མིང་ཅན།།
ཁ་མིན་གྱི་ཚིག་གིས་ཕྲེང་བ་བརྒྱུས་ནས་ལབ་གླེང་གི་དུས་ཚོད་ཇ་ཡུན་ཙམ་ཞིག །
གང་ཞིག་གི་ཇ་ཁང་ཟ་ཁང་ནང་ནས་སྐར་འགའི་རིང་སྐད་ཆ་བཤད་ན་ཆོག་གམ།།
ང་དང་ཁྱེད་ཕན་ཚུན་ངོ་ཤེས་བཟོ་་བར་དལ་དལ་ངང་ཁ་བརྡ་ཅུང་ཙམ་བྱེད་དགོས།།
ཅ་ཅོ་ཡི་འུར་ཟིང་འདུ་འཛི་མེད་སའི་ཁུ་སིམ་པའི་ཇ་ཁང་ཀེ་ལ་ཤ་རུ།།
ཆ་ཡོད་དང་ཆ་མེད་ཡོང་རོགས་མེད་པར་སྐུ་ཉིད་ལགས་ཁེར་རྐྱང་ངང་ལ་ཕེབས་དང་།།
ཇ་ཆང་དང་ཟས་རིགས་ཅི་འདོད་མངགས་ནས་སང་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་པར།།
ཉ་ཉོག་གི་ལབ་གླེང་སྐད་ཆ་མིན་པར་སེམས་གཏིང་གི་ཚིག་གསུམ་ཁྱེད་ལ་ཞུ་འདོད།།
ཏིང་ཏིང་གི་སྒྲ་དབྱངས་རྣ་ལ་སྙན་ཞིང་མར་མེའི་འོད་མདངས་མིག་ལ་འཁུ་བས།།
ཐ་ཐོར་གྱི་མགྲོན་པོ་རེ་འགའ་འབྱོར་དུས་ཁྱེད་ཉིད་རེད་བསམ་ན་སེམས་པ་འཚབ་ཁུ།།
ད་ལྟ་རང་དུས་ཚོད་དྲུག་པ་ཐོན་དུས་ཁྱེད་རང་ཡང་སྒོ་ནས་ཡར་ལ་འཛུལ་བས།།
ན་ཚོད་དང་སྒེག་ཉམས་གང་གི་ཆ་ནས་མི་ཡུལ་ན་ཁྱེད་ལས་ལྷག་ཞིག་མ་མཐོང་།།
པང་ཁེབས་ཀྱི་མདུན་གྱིས་པང་ནས་མ་དཀྲིས་བོད་ཆས་དེ་དེ་འདྲའི་གཙང་ཞིང་དག་པ།།
ཕན་ཚུན་གཉིས་མཐོང་དུས་འཛུམ་གྱིས་བསུ་ཞིང་ཕྱག་སོར་ཀྱིས་ལག་འཇུ་ཡངས་མོ་བྱས་པ།།
བལ་དཀར་ལྟར་འཇམ་པའི་གཤིས་ཀ་བཟང་པོ་འཚམས་འདྲི་ཡིས་ཚིག་གསུམ་ངག་ནས་བྱུང་དུས།།
མོ་བརྒྱ་ཡི་གཙུག་རྒྱན་ཨ་ཅག་ཁྱེད་ལ་དེ་རིང་ང་ཐུག་པ་སྐལ་བ་བཟང་བྱུང་།།
ཙ་རི་ཡི་རི་ཁྲོདཀྱ་ི་བྲག་ཕུག་འདྲ་བའི་ཁུ་སུམ་གྱི་ཟ་ཁང་ཆུང་ཆུང་འདི་ནས།།
འཚབ་འཚུབ་གྱི་དལ་འབྲེལ་གང་ཡང་མེད་པར་མཉམ་གཅིག་ཏུ་་དགོས་ཟས་བཅུད་ལ་རོལ་བཞིན།།
མཛའ་སེམས་ཀྱི་སྙིང་གཏམ་མདུན་ལ་སྤུངས་དུས་ཨ་ཅག་ལགས་ཅུང་ཙམ་ངོ་ཚའི་ཁེངས་སོང་།།
ཝ་མོ་བཞིན་གཡོ་སྒྱུ་ཁྲམ་གསུམ་མིན་པར་སེམས་གཏིང་ནས་དགའ་བ་ཁོ་མོ་བརྗོད་ཡིན།།
ཞེ་སེམས་འདི་མི་འགྱུར་གོར་མོ་རྡོ་ཡིན་བརྩེ་བ་ནི་མི་འགྱུར་སྔོན་མོ་ཆུ་ཡིན།།
བཟའ་ཚང་གི་ཁྱིམ་གཞི་སྨོནལམ་མ་གཏོགས་འགྲོགས་བཟང་གི་དགའ་རོགས་ང་ཡང་མི་མཁོ།།
འདོད་པ་ཡི་བརྩེ་སེམས་ཁྱེད་ལ་ཡོད་ན་འགྲིག་མཐུན་གྱི་དུང་ཟླ་ངའི་ཕྱོགས་ལོས་ཤར།།
ཡིད་ཆེས་ཀྱི་མེ་ཏོག་མཉམ་་གཅིག་བཞད་ན་ཚེ་གང་གི་བཟའ་ཚང་འུ་གཉིས་ལོས་ཉན།།
རང་སེམས་ཀྱི་སྙིང་གཏམ་མར་ལོ་སེར་བོ་ཁོ་མོ་ལ་འདི་ལྟར་ལྷོད་ཀྱིས་བརྗོད་དུས།།
ལས་དབང་གི་མདུད་པ་ཕོག་ནི་ལོས་ཡིན་ཁོ་མོ་ཀྱང་འགྲིག་པའི་སྙིང་གཏམ་ཚིག་གསུམ།
ཤ་ཚའི་ངང་ང་ལ་འདི་ལྟར་སྨྲས་བྱུང་ཁྱེད་རང་ཀྱང་ཤེས་ནས་ད་ལྟའི་བར་ཏུ།།
སོང་ས་དང་ཕེབས་ས་་གང་དུ་བཞུད་ཀྱང་ཁྱོད་ཕྱོགས་ལ་ཁོ་མོ་སེམས་པ་འཕྲེང་ཡོད།།
ཧ་ཅང་གི་སྙན་པའི་ཚིག་གསུམ་བུ་རམ་སྒྲ་ལེན་གྱི་རྣ་བའི་བུ་ག་རྒྱུ་དུས།།
ཨ་མཚན་ངང་སྐྱིད་པའི་འཛུམ་མདངས་ཁྲོད་ནས་ཁོ་མོ་ཡི་འགྲམ་པར་འོ་ཞིག་བྱས་པས།།
ཧ་ཧ་ཞེས་ཁོ་མོ་ཅུང་ཙམ་འཚབ་ནས་ཕྱག་སོར་གཉིས་་ང་ཡི་ལག་ནང་བཞག་ཐལ།།
ཨ་ཅག་དང་ངེད་གཉིས་མཐུན་པའི་འཕྲིན་ཡིག་དངོས་བྱུང་གྱི་ཀ་ཕྲེང་འདི་ན་ཕབ་ཡོད།།
༢༠༡༤་༣་༡༢་ཉིན་རང་ཤག་ནས་བྲིས།།