མངའ་རིས་ཕོ་ཉ།
ཀ་བ་རི་ལྟར་བརྟན་པའི་ཁང་ཆེན་འདིར།།
ཁ་སྟོང་ཚིག་སྐམ་རིགས་ཀྱི་གཡོ་ཟོལ་ཁེངས།།
ག་ས་ག་ལ་འཆལ་གཏམ་སྨྲ་བའི་དུས།།
ང་ཅག་ཁ་བའི་བསོད་ནམས་འདི་རུ་ཟད།།
ཅ་ཅོ་འུར་འུར་སྒྲོག་པའི་སྤྱི་ཚོགས་ཁྲོད།།
ཆ་བཞག་བློ་འགེལ་བྱེད་སའི་མི་རིགས་དཀོན།།
ཇ་ཆང་དུག་ལ་འགྱུར་བའི་ཟ་འཐུང་དེར།།
ཉ་མོ་ཁྱུ་ཚོགས་མང་པོ་དེ་ཡིས་འཇོམས།།
ཏ་ཟིག་ཡུལ་གྲོང་འདྲ་བའི་ཡུལ་གྱར་ནས།།
ཐ་མག་མྱོས་རྫས་འཐེན་མཁན་མི་བུ་འགའ།།
ད་ཆར་སྣང་བ་དེ་ལ་གཡེང་བའི་སྐབས།།
ན་ཚ་ལུས་ལ་འགོས་པར་སེམས་ཚོར་མེད།།
པ་ཡུལ་བཀྲ་ཤིས་བདེ་བའི་ཁྱིམ་ཚང་ནས།།
ཕ་གཞིས་ཕུང་དུ་འཇུག་མཁན་བུ་ཕྲུག་དེའི།།
བ་ཉལ་མཛོ་གྲོད་འཚོ་བ་སྐྱེལ་བའི་དུས།།
མ་ལ་དྲིན་ལན་ལོག་འཇལ་བྱས་ནས་སྡོད།།
ཙ་རི་གནས་བསྐོར་བྱེད་པའི་རི་གྲོང་ནས།།
ཚ་གྲང་དཀའ་སྡུག་མི་བཟོད་སེམས་ཁ་དེ།།
ཛ་དྲག་གནས་ལ་ལྷུང་བའི་ནད་སྙིང་གིས།།
ལྦ་མོའི་གཡོ་ཟོལ་འདྲ་བའི་རི་ལུང་ཁྱབ།།
ཞྭ་མེད་མགོ་མེད་སྤྱི་ཚོགས་རུལ་བའི་ཁྲོད།།
ཟ་འདོད་ཧམ་སེམས་ཅན་གྱི་ལྐོག་ཟ་མང་།།
འ་འུར་ངང་ནས་བརྟག་དཔྱད་བྱེད་པའི་དུས།།
ཡ་ལན་མེད་པར་ཡུལ་ལུང་གང་སར་བྲོས།།
ར་མ་ལུག་གི་སྐད་ཡིག་ཡུལ་ལྗོངས་ནས།།
ལ་རྒྱ་རང་སྐད་མེད་པར་གཞན་སྐད་བསྐྱོན།།
ཤ་རུས་གཅིག་ཏུ་མཆེད་པའི་སྤུན་ཟླ་རྣམས།།
ས་ཆ་གང་དུ་བཞུགས་ཀྱང་རང་སྐད་ཤོད།།
ཧ་གཉིད་སངས་པའི་ང་ཡི་སྤུན་ཟླ་ཚོ།།
ཨ་མའི་སེམས་ལ་ཡོད་པའི་ན་ཟུག་དེར།།
ཧ་ཧའི་གད་མོ་བགད་ན་ངོ་རེ་ཚ།།
ཨ་མ་སྐྱོབ་པའི་ནུས་པ་ག་ལ་ཡོད།།
ལེགས་པོ་རེད།
ཐུགས་རྗེ་ཆེ།