གླང་དར་ཚ་བོ། (ཨ་རི།)
ཀ་ངོ་ར་ངོ་ཙམ་ལས་ཤེས་མེད་ང་།།
ཁ་རོག་རང་སར་ལྷོད་ཀྱིས་སྡོད་འདོད་ཀྱང་།།
ག་ཤེད་ཅིག་ནས་ཟ་ཕྲུག་ལངས་པ་བཞིན།།
ང་ཡི་ལག་མགོ་འདི་ནི་འཚབ་བེ་འཚུབ།།
ཅ་ཅོའི་འདུ་འཛི་རྒོད་པའི་སྤྱི་ཚོགས་ལ།།
ཆ་ཚང་མིན་པའི་ཚིག་ཚོགས་ཐན་ཐུན་རེ།།
ཇ་ཡུན་ཙམ་གྱི་ནང་དུ་དྲྭ་ཐོག་ཏུ།།
ཉ་མོ་ཆུ་ལ་འཁྱུག་བཞིན་ཤོར་འགྲོ་གདའ།།
ཏ་ལའི་ལྗོན་ཤིང་རྩེ་ཡི་ཆུ་ཐིགས་བཞིན།།
ཐ་ཤལ་ཁོ་བོའི་ཉག་ཉོག་རྩོམ་འཆལ་དེ།།
ད་ལྟར་ཡོད་ཀྱང་ད་ལྟ་སྐམ་པ་བཞིན།།
ན་གེ་ནོག་གེ་ཙམ་ལས་ཅི་ཡང་མིན།།
པ་གླིང་ལྟ་བུའི་སྙན་ཆ་མེད་པ་ལ།།
ཕ་རོལ་ཤེས་ལྡན་པ་ཡིས་གཟིགས་རྒྱུ་ན།།
བ་གླང་དོ་བོ་ཁུར་བའི་དོ་ཟླའང་མིན།།
མ་རབས་ཅོལ་ཆུང་ལས་ལ་ངོས་འཛིན་དགོས།།
ཙ་གེ་ཙིག་གེ་ལས་ཀའི་བར་གསེང་ན།།
ཚ་གཟེར་ཆེ་བའི་ཁོག་གི་དྲན་འཆར་དག།
ཛ་ལང་དང་བཅས་ཡིག་ཐོག་ཕབ་པ་འདིར།།
ཝ་ཡེ་ཁོང་ཁྲོ་མ་ཟ་ཁོ་རེ་ཚོ།།
ཞ་བོ་ཤེས་ཡོན་མེད་འདྲའི་ཁོ་བོ་ཡིས།།
ཟ་དང་ཟུར་ནས་རྩོམ་ཉོག་ངན་ངན་རེ།།
འ་འུར་དང་བཅས་དྲྭ་ཐོག་བཀོད་པ་དེར།།
ཡ་རབས་སྣེ་གཅིག་མེད་པས་རླུང་མ་ལང།།
ར་གན་གསེར་ལ་རྫུ་བའི་ཁོ་བོ་ལ།།
ལ་ལུང་ཕྱོགས་ཁག་འཐེན་པའི་བློ་སྤོབས་མེད།།
ཤ་ཚ་བོད་ལ་ཡོད་པས་སྐབས་ལ་ལར།།
ས་སྟེང་འདི་ནས་ལབ་ལབ་མང་འགྲོ་གདའ།།
ཧ་ཅང་སེམས་ཐག་ཉེ་བའི་ཆོལ་གསུམ་སྤུན།།
ཨ་མ་གཅིག་གི་བུ་བཞིན་ནང་ཁུལ་ལ།།
ཧ་ཧ་ངང་ནས་སེམས་ཐག་ཉེ་པོ་བྱོས།།
ཨ་མའི་བུ་ཆུང་ང་ཡི་རེ་འདུན་ཡིན།།