དུར་བྱང་།
གསང་ཉུལ་བ་ཞིག་གིས་གསང་པའི་ལས་ཁུངས་ལ་ཡིད་ཆེས་དྲག་པོའི་ངང་འབྲེལ་བ་བྱས་འདུག ན་ཟུག་གིས་རི་བོ་བརྩེགས་ཏེ་ན་ཟུག་གི་གཡང་དུ་ལྷུང་འདུག ཁུ་སིམ་མེར་བཞག་པའི་གནད་དོན་ཞིག་ད་ལྟ་བཤད་པའི་དུས་སུ་སྨིན་འདུག་ཟེར།
མཐའ་མའི་ལེའུ་སྟེ་ «བཀའ་བློན་པོང་ནས་འཇིག་རྟེན་ལ་ལྟ་བ» ཞེས་པར་གཟིགས་དང་། སྐུ་ཚེའི་ལོ་རྒྱུས་མཇུག་རྫོགས་ལ་ཉེ་བའི་སྐབས་འདིར། ད་ནི་ཁོང་གིས་སྡོམ་ཚིག་འགོད་པའི་དུས་ལ་བསླེབས་འདུག རྒྱལ་ཁབ་ཀྱི་ཆག་འཇུག་ཁྲོད་ནས་ཉེས་པ་རི་ལས་ལྕི་བ་ཞིག་ཕྲག་སྟེང་དུ་བླངས་ནས་དབུགས་རིང་འབྱིན་བཞིན་འདུག ད་སྔ་བྲིས་ཟིན་པའི་གནད་ཡོད་མི་སྣ་ཞིག་གིས་རང་ཉིད་ཀྱི་ཉེས་པའམ་ནོར་འཁྲུལ་ལ་ནོངས་འགྱོད་དྲག་པོ་བྱེད་མཁན་ཞིག་ཁྱེད་ཅག་གིས་མཇལ་མྱོང་ངམ།
“ཨ་རིའི་གསང་བའི་ལས་ཁུངས་ལ་མཉམ་འབྲེལ་བྱས་པ་དེ་བོད་རིགས་ཉེས་མེད་གྲངས་མང་གི་འཆི་རྐྱེན་དུ་གྱུར་ཡོད། རྒྱ་མིས་བྱས་པ་ནི་བོད་དམར་གསོད་བཏང་བ་གཅིག་པུ་མ་ཡིན་པར་བོད་ཀྱི་ཤེས་རིག་ཀྱང་རྩ་མེད་དུ་གཏོང་ཐབས་བྱས་ཡོད། ངས་ཨ་རིའི་གསང་ལས་ལ་མཉམ་འབྲེལ་བྱས་པ་དེས་རྒྱ་མིས་བོད་ཀྱི་ཤེས་རིག་རྣམས་ལྷག་ལུས་མེད་པར་རྩ་གཏོར་དུ་གཏོང་རྒྱུར་མཐུན་རྐྱེན་ལྟ་བུ་བསྒྲུབས་ཡོད། དོན་དངོས་ཀྱི་གནད་དོན་འདིས་ངའི་སེམས་ལ་མྱ་ངན་གྱི་ན་ཟུག་སྦྱིན། འདི་ནི་ལོ་མང་རིང་ངའི་སེམས་ཁོང་ནས་ཡལ་མི་ཐུབ་པ་དེ་རེད་ལ། ངའི་སེམས་ངོར་འབྱར་བའི་ནོངས་འགྱོད་ཀྱང་འདི་ཡིན། དེ་ལྟར་འདས་པའི་བྱུང་བ་དེ་དག་དྲན་ངོགས་ནས་གཙང་སེལ་བྱེད་མ་ཐུབ་པར་ནོངས་འགྱོད་ཀྱི་དྲ་བར་ཚུད་ཅིང་རང་ཉིད་ཉེས་ཅན་དུ་ཡང་ཚོར།”
མི་རིགས་ཤིག་གི་ཚེ་སྲོག་གྲངས་མེད་ཤོར་བ་དང་དེའི་ཤེས་རིག་རྩ་གཏོར་བཏང་བ་སོགས་གསང་ཉུལ་བ་ཞིག་གིས་གསང་ལས་ལ་འབྲེལ་བ་བྱས་ནས་བྱུང་བ་ཡིན་ཞེས་སྐྱི་གཡའ་བའི་ནོར་འཁྲུལ་དང་གོལ་འཛོལ་རྣམས་རང་ཐོག་ཏུ་བླངས་ནས་སྣེ་མང་ཉོག་འཛིང་ཆེ་བའི་སྐུ་ཚེའི་ལོ་རྒྱུས་ལ་མཇུག་སྡོམ་མཛད།
ཤོག་ངོས 462 བདག་ཉིད་ཅན་གྱི «ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ» ཞེས་པའི་ཕྱག་དཔེ་དེ་ཡོངས་སུ་མཇུག་རྫོགས་སོང་།
ང་ཚོས་ཕྱག་དཔེ་འདི་ཡང་སྐྱར་ཐེངས་གཅིག་ཀློག་པར་བྱ། སྤྱིར་ན་ལོ་རྒྱུས་བཀླགས་པའི་སྐབས་སུ་སྔར་མ་ཤེས་པའམ་མ་གོ་བ་ཅི་ཞིག་ཡོད་སྙམ་སྟེ་བཀླག་དགོས་པ་གནད་ཆེ། མ་གཞི་དཔེ་ཆ་གང་ཞིག་ཡིན་རུང་སྐྱོན་མེད་རྣམ་དག་ཅིག་དང་ཡོན་ཏན་ཀུན་ལྡན་ཞིག་ཕལ་ཆེར་ཡོད་ས་མ་རེད། རང་ཉིད་ཀྱིས་སྔར་མ་ཤེས་པ་ཞིག་ཤེས་པ་དང་གང་ཤེས་པ་དག་སླར་ཡང་དྲན་གསོ་ཞིག་བྱ་ཐུབ་ན་ད་གཟོད་ལོ་རྒྱུས་གང་དེ་བཀླགས་པའི་དགོས་པ་ཡོངས་སུ་གྲུབ་པ་ཡིན།
ནམ་མཁའ་ལྟར་ངོས་ཡངས་ལ་རྒྱ་མཚོ་ལྟར་གཏིང་ཟབ་པའི་ཕྱག་དཔེ་འདིའི་ཞལ་ཁ་ཕྱེས་པ་ཡིན། ལེའུ་རྣམས་གཅིག་རྗེས་གཉིས་མཐུད་ངང་མཇལ་བའི་སྐབས་སུ་ཚོར་བའི་རྦ་རླབས་དག་ཡོམ་ཡོམ་འགུལ་བཞིན་ཡོད། ནན་ཅིན་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཞིག་ལ་སྨྲ་མི་ཤེས་པའི་གནོན་ཤུགས་བསྟུད་མར་ཡོང་བཞིན་མཆིས། ཚེ་སྲོག་ཉེན་ཁར་འཕྲད་པའི་སྐབས་སུ་སློབ་མ་དེ་བསམ་གཞིག་གི་ཀློང་དུ་ཚུད། ཕྱི་ནང་ཡོད་ཚད་ལ་རྣ་བས་སོ་བ་བྱས་ནས་གང་སར་འདུར་བཞིན་ཡོད།
གཅེན་མཁན་རྩིས་གསུམ་གྱིས་མཉམ་དུ་ཕྱག་ལས་གནང་འགོ་བཙུགས། ཁོང་གིས་བོད་རྒྱལ་ཁབ་ཀྱི་རླབས་ཆེ་བའི་བྱ་བཞག་བསྒྲུབ་པའི་སྐབས་སུ་སྒེར་གྱི་འཁོན་འཛིན་དག་རྒྱབ་ཏུ་བསྐྱུར་ནས་མུ་མཐུད་ནས་མདུན་སྐྱོད་བྱེད་དགོས་པའི་གསུང་བཤད་གནང་། ཡབ་ཆེན་བཀྲོངས་པའི་ན་ཟུག་ཀྱང་རྡོག་པས་བརྫིས་ཏེ་མཉམ་ལས་གནང་བཞིན་ཡོད།
ཕྱི་ལོ 1956 ལོར་༸རྒྱལ་བ་པཎ་ཆེན་གཉིས་ཀ་རྒྱ་གར་དུ་སྟོན་པའི་དུས་དྲན་ལ་ཆིབས་སྒྱུར་བསྐྱངས། དུས་དྲན་མཇུག་གྲུབ་པའི་རྗེས་སུ་༸གོང་ས་མཆོག་རྒྱ་གར་ནས་སྐྱབས་བཅོལ་བྱེད་པར་ཁ་ཆད་བྱས་ཡོད་ནའང་། རྒྱུ་རྐྱེན་གང་ཞིག་ལ་བརྟེན་སྐུ་ཞབས་ནེཧ་རུ་མཆོག་གིས་༸གོང་ས་མཆོག་ལ་སྐྱབས་བཅོལ་གྱི་རང་དབང་སྤྲོད་རྒྱུ་ཕྱིར་འཐེན་བྱས། སྐབས་དེར་གཅེན་པོ་མཆོག་གིས་རྒྱ་གར་གྱི་དཔོན་རིགས་ཚོར “ཁྱེད་ཅག་གིས་ངའི་གཅུང་པོ་མུན་དོང་དུ་གཡུགས་སོང་། བཤན་པའི་ལག་ཏུ་བརྫངས་སོང་། མེ་དཔུང་གི་དཀྱིལ་དུ་དེད་སོང་། འདི་ནི་ལག་དམར་གྱིས་བྱེད་སྟངས་རང་རེད་ཅེས་སྐྱོན་བརྗོད་ཞུ་ཞོར་ངའི་མིག་ཟུང་ནས་མཆི་མ་ཡང་རང་དབང་མེད་པར་ཤོར།” ད་ལྟ་ཁོ་བོས་ཀྱང་མིག་ཆུ་ལག་པས་འབྱིད་བཞིན་ཡོད།
ད་ལྟ་ཁོ་བོའི་ཚོར་སྣང་ཙམ་ལས་ནང་ཁོག་བསློགས་ནས་དབྱེ་ཞིབ་རང་བཞིན་གྱི་རྩོམ་ཡིག་འབྲི་བཞིན་མེད། རྒྱུ་མཚན་དེའི་དབང་གིས། འདི་ནི་མཛེས་པའོ་དེ་ནི་མི་སྡུག་པའོ་ཞེས་བྱིས་བློས་ཐག་ཆོད་ལྟར་སྣང་དེ་དག་སྨྲ་བའི་སྤོབས་པ་ནམ་ཡང་འཁུམ་ནས་ཡོད་ལ། ཟེར་སྒྲོས་ཀྱི་ཐོས་པ་ཅུང་ཙམ་བསགས་ནས་ར་བཟི་བའི་རྣམ་ཅན་གྱི་སྤྱོད་པ་དེ་དག་གི་དབང་དུ་མི་འགྲོ་བའི་གདེང་ཚོད་ཁོ་བོ་སྔ་མོ་ནས་ཡོད།
གང་ལྟར་ཡང་། འགྲུལ་བཞུད་ཀྱི་ལམ་བར་ནས་མི་རིགས་ཤིག་ཕྱག་ལ་བསྣམས་པའི་ལོ་རྒྱུས་འདི་ཡིས་ཁོ་བོའི་ཡིད་སེམས་དབང་མེད་དུ་འཕྲོགས་སོང་ལ། ཕྱི་ཕྱོགས་སྒོ་འབྱེད་དགོས་པའི་བསམ་ཆར་དང་གྲོས་མོལ་ཆད་མཐུད་བྱེད་པའི་སྐུ་ངལ་དག་རེ་རེ་མཇལ་བའི་སྐབས་སུ་ཁོ་བོའི་བ་སྤུའི་བུ་ག་རེ་རེ་ནས་ན་ཟུག་གི་རྔུལ་ཆུ་ཟགས་ཡོང་གི་འདུག གོ་སྐབས་དང་གོ་སྐབས་ཤོར་བའི་དུས་སུ་ཁོང་གིས་དབུགས་རིང་ཞིག་གིས་མཚན་མོ་བསྐྱལ་ཡོད་སྲིད་ལ། ཝུ་ཆང་དམ་བེ་གང་ཧུབ་ཀྱིས་འཐུང་ཞོར་མུན་པའི་ཁྲོད་དུ་ལྷག་པའི་མི་རིགས་ཀྱི་ཆེད་དུ་སྤྱན་ཆབ་ཀྱང་བསིལ་ཡོད་ཤས་ཆེ།
དུར་བྱང་གིས་ཕྱི་ལོ 2018.08.28 ལ།
ཕོ་རྒོད་རྒྱལ་ལོ་དོན་སྒྲུབ་མིང་དོན་མཚུངས་པའི་དཔའ་བོ་།
བོད་ཀྱིས་ལོ་རྒྱུས་ནང་དུ་སྣང་གསལ་མགྲོན་མེ་སྤར་འདུག་།
བཙན་རྒོལ་རྒྱལ་སྐྱོབས་ཆེད་དུ་ཨ་རིར་གསང་འབྲེལ་བཙུགས་འདུག་།
བོད་དོན་བདེན་རྒྱབ་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་ཞུས་འདུག་།
གཞིས་བྱེས་འབྲེལ་ལམ་ཆེད་ཏུ་ཏིང་དང་ངོ་ཐུགས་གནང་འདུག་།
གཞིས་བྱེས་གཉེན་སྤུན་ཐུག་འཕྲད་ཕར་འགྲོ་ཚུར་ཡོང་བཟོས་འདུག་།
གཞིས་སྡོད་དཀའ་སྡུག་རྟོགས་ཆེད་སྐུ་ཚབ་སྔ་རྗེས་བཏང་འདུག་།
བོད་རྒྱའི་དཀའ་སྙོགས་སེལ་ཆེད་བོད་རྒྱའི་འབྲེལ་ལམ་བཙུགས་འདུག་།
ཆབ་སྲིད་རིག་པའི་དཔའ་བོ་བཀའ་ཟུར་རྒྱལ་ལོ་དོན་སྒྲུན་།
འཛམ་གླིང་རྒྱལ་ཁབ་ཡོངས་ལ་ཁྱེད་ཀྱིས་མཚན་སྙན་གྲགས་འདུག་།
ཁྱེད་ཀྱིས་སྐུ་ཚེ་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པ་ཤོག་།
ཡིག་ནོར་མང་སོང་བས་བཀླག་ཐབས་མ་བྱུང་།
རྩོམ་འབྲི་མི་ཤེས་ན་མ་བྲིས་ཀྱང་འཐུས།
༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གིས།
https://www.facebook.com/tenzin.tenkyong/videos/1970543093039274/UzpfSTEwMDAwMDk5MTYzMDUxODoyMTg4Mzg2NTE3ODcxMDQ4/