རྩིས་ཆེ་ལེགས་མཐོང་།
ནང་ཆོས་ནི་མི་རིགས་ཀྱི་དབྱེ་འབྱེད་ཆུང་བའི་ཆོས་ལུགས་ཤིག་ཡིན་ཀྱང་། མི་རིགས་དབྱེ་འབྱེད་གཏན་ནས་མེད་པ་མ་ཡིན་པར་བསྐལ་བཟང་གི་སངས་རྒྱས་སྟོང་ཕྲག་གཅིག་ཐམས་ཅད་རྒྱ་གར་ནས་ཡིན་པར་བཤད་པ་ལྟ་བུ་དང་། ནང་ཆོས་ནི་ཕོ་མོའི་དབྱེ་འབྱེད་ཆུང་ཤོས་ཀྱི་ཆོས་ལུགས་ཤིག་ཡིན་ཀྱང་། ཕོ་མོའི་དབྱེ་འབྱེད་གཏན་ནས་མེད་པ་མ་ཡིན་པར་དགེ་སློང་ཕོ་མོ་གཉིས་ལ་ཡང་ཕོ་མཆོག་མོ་དམན་གྱི་ལྟ་བ་གསལ་པོར་ཡོད་པ་ལྟ་བུ་རེད། བོད་ལ་ནང་ཆོས་དར་བ་ན་ནང་ཆོས་ལ་ཆ་ཚང་བ་འཇུག་པའི་གོ་སྐབས་ནི་རབ་བྱུང་རྣམས་ལ་མ་གཏོགས་མེད་པ་ལྟ་བུ་ལ། བོད་དུ་བུད་མེད་རྣམས་ལ་རབ་བྱུང་གི་སྡོམ་པ་ཆ་ཚང་བ་མེད་པ་དང་། སྤྱི་ཚོགས་ལ་ཡང་གྲྭ་པ་དང་བཙུན་མ་གཉིས་ལས་གྲྭ་པ་རྣམས་ལ་བརྩི་མཐོང་ཆེ་བ་དེས་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཐོག་བསྟན་པ་སྔ་དར་གྱི་སྐབས་སུ་ཡེ་ཤེས་མཚོ་རྒྱལ་དང་། ཕྱི་དར་གྱི་སྐབས་སུ་མ་ཅིག་ལབ་སྒྲོན་ལྟ་བུ་རེ་ཟུང་ལས་བུད་མེད་མཁས་པའམ་གྲུབ་ཐོབ་འབུར་དུ་ཐོན་པ་ཆེས་ཉུང་།
རྙིང་མ་དང་། ས་སྐྱ། ཕག་གྲུ། འབྲི་གུང་དང་སྟག་ལུང་སོགས་གདུང་རྒྱུད་འཛིན་མཁན་རྣམས་ལ་ལྕམ་རྣལ་འབྱོར་མ་རེད་ཟེར་བ་མང་དུ་ཡོད་ཀྱང་། མཁས་པའི་རྣམ་ཐར་དང་གྲུབ་པའི་མཛད་རྗེས་ཡོད་པ་དཀོན་ཞིང་། ལྷག་པར་དགེ་ལྡན་པ་དང་ཀརྨ་བཀའ་བརྒྱུད་པ་ལྟ་བུར་མཚོན་ན་བུད་མེད་སྦྱིན་བདག་འགའ་ཤས་ཙམ་ལས་ཆོས་ལུགས་ཀྱི་མི་སྣ་ཡིན་པའི་རླབས་ཆེན་གྱི་བུད་མེད་མིང་ཙམ་འདྲེན་རྒྱུ་ཡོད་པ་ཡང་དཀའ། འདིས་ཀྱང་ཤུགས་ལ་ཆོས་བརྒྱུད་དེ་དང་དེས་མི་དམངས་ལ་ཞབས་འདེགས་ཆེན་པོ་ཞུ་མ་ཐུབ་པ་གསལ་པོར་མཚོན་གྱི་ཡོད་པས་ན་རྩོད་མེད་ཀྱི་ཞན་ཆ་ཞིག་ཡིན་པ་བཤད་ཅི་དགོས། ལར་ནས་བོད་འདིར་བླ་མ་རྣམས་ལས་འགའ་ཤས་ནི་འདོད་ཆགས་ཆེ་དྲགས་པས་གསང་སྔགས་ལ་ཁ་གཡར་ནས་བུད་མེད་ཀྱི་ཐོག་ཏུ་མཆོང་འགྲོ་ཞིང་། འགའ་ཤས་ནི་སྡོམ་པ་དང་མིང་གྲགས་ལ་ཞེན་དྲགས་པས་བུད་མེད་མཐོང་བ་ཙམ་གྱིས་བྲོས་འགྲོ་བ་དེས། བུད་མེད་ལ་ཡང་མི་སྤྱིར་བཏང་བའི་འདུ་ཤེས་ཐོག་ནས་ཚོད་རན་པོས་རྗེས་སུ་འཛིན་ཐུབ་མཁན་གྱི་བླ་མ་ནི་སྲིད་པ་ཙམ་ཡིན་པར་མངོན།
ཀརྨ་ཀམ་ཚང་གི་ལོ་རྒྱུས་ཐོག་ལ་ཀརྨ་པ་དུས་གསུམ་མཁྱེན་པ་ལ་སློབ་མ་གྲུབ་ཐོབ་ཆུ་སྒོམ་མ་ཞེས་པ་ཞིག་ཡོད་ཚུལ་ལོ་རྒྱུས་རྣམས་སུ་གསལ་བ་ལས་དེ་མིན་གྱི་ཀརྨ་པ་དང་ཀརྨ་པའི་ཐུགས་སྲས་རྣམས་ལ་སློབ་མ་བུད་མེད་གྲུབ་ཐོབ་དང་མཁས་པ་གལ་ཆེན་ཡོད་ཚུལ་མི་གསལ། ཕྱིས་སུ་ཅུང་གྲགས་ཆེ་བ་ནི་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་ལྕམ་ཨོ་རྒྱན་མཚོ་མོ་ཙམ་མོ།། དེས་ན་ཀརྨ་བཀའ་བརྒྱུད་པའི་བརྒྱུད་པ་འཛིན་པའི་བུད་མེད་རྣམས་ལས་ལོ་རྒྱུས་ཐོག་རླབས་ཆེ་ཞིང་། གྲགས་ཆེ་ཤོས་ནི་ཀརྨ་པ་བཅུ་དྲུག་པ་རིག་པའི་རྡོ་རྗེའི་ཐུགས་སྲས་དགེ་སློང་མ་མཁས་མཆོག་དཔལ་མོའམ་ཡོངས་གྲགས་སུ་ལྕམ་སྐུ་ཞབས་ Freda Bedi ཧྥི་རེ་ཌ་རྦེ་དི་ཞེས་པ་དེ་ཡིན་པ་སྟེ། ཁོང་ནི་སྤྱི་ལོ་༡༩༡༡ ལོར་དབྱིན་ལན་ཌིའི་ས་ཆ་ Derby ཌེར་རྦི་ལ་ཆུ་ཚོད་དང་རིན་པོ་ཆེའི་རྒྱན་ཆའི་རིགས་བཟོ་འཚོང་མཁན་ཞིག་གི་ཁྱིམ་ཚང་དུ་འཁྲུངས། ཁོང་འཁྲུངས་ནས་ལོ་བདུན་གྱི་རྗེས་སུ་ཡབ་ནི་འཛམ་གླིང་དམག་ཆེན་དང་པོའི་དམག་འཐབ་ཀྱི་ཁྲོད་དུ་གྲོངས། ཕྱིས་སུ་ཧྥི་རེ་ཌས་ཁོང་ལ་མཚོན་ན་ཡབ་དང་ཡུན་རིང་གཤིབ་རྒྱུ་མ་བྱུང་བས་ཡབ་ཀྱི་སྐོར་ལ་དྲན་པ་གཅིག་གཉིས་ལས་མེད་པས་ཕངས་སེམས་ཆེ་ཤོས་ནི་ཡབ་ལ་རྒྱུས་ལོན་བྱ་རྒྱུའི་གོ་སྐབས་མེད་པས་ཡབ་ཅེས་པ་ནི་དོན་སྤྱི་ཙམ་དུ་གྱུར་པ་དེ་ཡིན་པར་གསུངས། དམག་འཐབ་ཀྱི་སྐབས་སུ་གྲོངས་པ་རྣམས་ཀྱི་ཆེད་དུ་སློབ་གྲྭར་ལོ་རེར་རྗེས་དྲན་ཐེངས་རེ་བྱེད་པ་ན་ཧྥི་རེ་ཌ་སེམས་སྡུག་གིས་དྲན་པ་འཐོར་ལ་ཁད་ཀྱང་མང་ཙམ་བྱུང་བ་དང་། ད་དུང་ཁོང་ཉིད་ཕྱིས་སུ་ནང་ཆོས་ལ་ཞུགས་རྗེས་ཁོང་ལ་ཡབ་གྲོངས་པའི་སྡུག་བསྔལ་དེས་ནང་ཆོས་ཀྱི་བདེན་པ་བཞིའི་ནང་ནས་དང་པོ་སྡུག་བསྔལ་བདེན་པའི་ངོ་སྤྲོད་གསལ་པོ་བྱུང་བར་གསུངས། ཡེ་ཤུའི་ཆོས་ལུགས་ལྟར་ན་མི་ཡི་སྐྱེ་འཆི་ཐམས་ཅད་དཀོན་མཆོག་གི་ཕྱག་ལ་ཡོད་པས་མ་ཡུམ་གྱིས་དཀོན་མཆོག་གིས་རང་གི་ཁྱོ་ག་མི་བཟང་པོ་ཞིག་དུས་མ་ཡིན་པར་གྲོངས་བཅུག་པ་ནི་མི་འོས་ཤིང་མི་འཚམས་པར་མཐོང་ནས་ཡེ་ཤུའི་ཆོས་ལུགས་ལ་དད་པ་ཆེར་མེད་ན་ཡང་། ཡབ་ཉིད་ཆོས་སེམས་ཆེ་བས་ཡབ་ཀྱི་ཐུགས་རེ་ཡིན་ལས་ཆེ་བ་བཞིན་ཧྥི་རེ་ཌ་གཟའ་ཉི་མར་ལྷ་ཁང་དུ་ཞལ་འདོན་འདོན་པར་མུ་མཐུད་མངག་གཏོང་གནང་། འོན་ཀྱང་ཧྥི་རེ་ཌས་ཡེ་ཤུའི་ཆོས་ལུགས་ཀྱི་དགོན་སྡེ་ཁག་གི་བྱེད་སྟངས་སོགས་ལ་དད་མོས་དེ་ཙམ་མེད་ན་ཡང་། ཆོས་ལུགས་ཀྱི་གཞུང་དང་ལོ་རྒྱུས་རྣམས་ལ་སྤྲོ་བ་ཟབ་མོས་སློབ་སྦྱོང་གནང་ཞིང་། སྐབས་དང་སྐབས་སུ་རང་ཉིད་གཅིག་པུར་བསྡད་ནས་མི་ཚེ་དང་འཇིག་རྟེན་གྱི་གནས་ལུགས་ལ་བསམ་གཞིགས་མང་ཙམ་གནང་བ་ལ། ཕྱིས་སུ་ཧྥི་རེ་ཌས་ཁོང་ལ་སྒོམ་གྱི་ཉམས་མྱོང་དང་པོ་བྱུང་བ་ཡང་སྐབས་དེ་དུས་ཡིན་པར་གསུངས།
ཁོང་ལ་སྤུན་ཟླ་གཞོན་པ་ཞིག་ཡོད་པ་ལ་རྗོན་ཞེས་འབོད་ཅིང་། ཧྥི་རེ་ཌ་ནི་སློབ་སྦྱོང་ལ་དགའ་བ་དང་སྤུན་ཟླ་རྗོན་ནི་རྩེད་མོ་སོགས་ལ་དགའ་བ་དེས་མིང་སྲིང་གཉིས་པོ་དགའ་ཕྱོགས་མི་འདྲ་ན་ཡང་བྱམས་བརྩེ་དང་གཞན་ཕན་ནི་གཉིས་ཀའི་རིགས་རྒྱུད་ལ་ཡོད་པ་ལྟ་བུས། འཛམ་གླིང་དམག་འཁྲུག་གི་སྐབས་སུ་རྗོན་གྱིས་ཡེ་ཤུའི་ཆོས་ལུགས་ཀྱི་ཁྲོད་ནས་བྱུང་བའི་སྤྱི་ཚོགས་ཞབས་ཞུ་ཞིག་སྟེ་ཆོས་བཤད་ལས་ཀྱང་དཔེ་མཚོན་བཟང་ཞེས་པའི་ལས་འགུལ་ནང་ཞུགས་ཏེ་མི་མང་པོར་རོགས་རམ་གནང་བ་དེས་ཕྱིས་སུ་ཁོང་གྲོངས་སྐབས་མི་ཧ་ཅང་མང་པོས་བློ་ཕམ་ཞུས། ཧྥི་རེ་ཌའི་སྲས་རྣམས་ཀྱིས་གསུངས་ན་ཧྥི་རེ་ཌའི་སྐུ་ཚེ་རིང་པོར་བཤུམས་པ་ཡང་སྤུན་མཆེད་རྗོན་གྲོངས་པ་དེ་དུས་ལས་མཐོང་མྱོང་མེད། ཧྥི་རེ་ཌ་ལ་ཆུང་དུས་རླབས་ཆེན་གྱི་དམིགས་ཡུལ་ཕལ་ཆེར་མེད་པར་ས་གནས་ཀྱི་སློབ་གྲྭ་ཞིག་ལ་སློབ་སྦྱོང་བྱེད་བཞིན་ཡོད་ཀྱང་། གྲོགས་མོ་ཞིག་གིས་དབྱིན་ཡུལ་གྱི་མཐོ་སློབ་འཛམ་གླིང་ན་གྲགས་ཆེ་བ་ Oxford ཨོཀ་སི་ཧྥོར་ཌི་ལ་འཛུལ་འདོད་ཀྱིས་སློབ་སྦྱོང་བྱ་འདོད་ན་ཡང་། མོ་རང་ཉིད་གཅིག་པུར་སློབ་སྦྱོང་བྱ་མི་ཐུབ་པ་དེས་ཧྥི་རེ་ཌ་ལ་མོ་ཡི་མཉམ་དུ་སློབ་སྦྱོང་བྱེད་རོགས་བཤད་པར་ཧྥི་རེ་ཌས་དང་ལེན་གནང་། དེ་ནས་མཐོ་སློབ་ལ་འཛུལ་བའི་ཡིག་རྒྱུགས་ལ་ཐུག་པ་ནས་ཧྥི་རེ་ཌ་དང་གྲོགས་མོ་གཉིས་ཀས་ཡིག་རྒྱུགས་བཏང་བར་གྲོགས་མོ་མ་ཚུད་པར་ཧྥི་རེ་ཌ་མཐོ་སློབ་ཏུ་ཚུད། དེ་ཡང་གཙོ་བོ་ཧྥི་རེ་ཌས་ཧྥ་རན་སིའི་སྐད་ཡིག་གང་འཚམས་ཡག་པོ་དགོངས་ཀྱི་ཡོད་པ་དེས་ཕན་ཆེན་པོ་ཐོགས་པར་བཤད། ཨོཀ་སི་ཧྥོར་ཌིའི་མཐོ་རིམ་སློབ་གྲྭར་ཞུགས་ཏེ་ཧྥི་རེ་ཌས་མཚན་ཉིད་རིག་པ་དང་། ཆབ་སྲིད། དཔལ་འབྱོར་རིག་པ་སོགས་སྦྱངས་བརྩོན་གནང་། མཐོ་སློབ་དེར་ཧྥི་རེ་ཌ་ནི་སློབ་སྦྱོང་ལ་སྤྲོ་བ་ཆེ་བའི་བུ་མོ་ཞིག་ཡིན་པ་ལ། སྐབས་དེར་ཧྥི་རེ་ཌ་དང་འབྲེལ་བ་ཟབ་བའི་བུ་མོ་མི་ཉུང་བ་ཞིག་ཕྱིས་སུ་འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་མི་སྣར་གྱུར།
གལ་ཆེ་ཤོས་ནི་ཧྥི་རེ་ཌ་ལ་སྐབས་དེར་འབྱུང་འགྱུར་གྱི་བཟའ་ཟླ་ཡང་ཐོག་མར་ཐུག་འཕྲད་བྱུང་བ་སྟེ། དེ་ཡང་ཧྥི་རེ་ཌ་ནི་བུ་མོ་གཞན་ལྟར་མཚན་ཚོགས་ལ་འགྲོ་བ་དང་། དགའ་གྲོགས་སྒྲིག་པར་དགའ་བོ་བྱེད་མཁན་ཞིག་མིན་ན་ཡང་། ལས་དབང་ཞིག་གིས་རང་ཉིད་དང་མི་རིགས་གཏན་ནས་མི་འདྲ་བའི་བུ་ཞིག་དང་དགའ་གྲོགས་བསྒྲིགས་པ་དེས་སྐབས་དེར་གསར་འགྱུར་ཚ་ཤོས་སུ་གྱུར། ཧྥི་རེ་ཌ་རང་གིས་གསུངས་པ་ལྟར་ན་ནམ་རྒྱུན་ཁོང་ཉིད་འཛིན་གྲྭར་འཕྱི་ཙམ་འགྲོ་སྲོལ་ཡོད་ན་ཡང་། ཉིན་ཞིག་སྔ་ཙམ་དུ་ཕྱིན་པ་ན་ཉེ་སྐོར་དུ་སློབ་གྲོགས་གཞན་མེད་པར་མི་རིགས་རྒྱ་གར་བ་ཡིན་པའི་སློབ་ཕྲུག་ཅིག་ལངས་ནས་ཡོད། སྐབས་དེར་མི་རིགས་དཀར་པོ་རྣམས་ཀྱིས་རྒྱ་གར་སོགས་མི་རིགས་གཞན་ལ་མཐོང་ཆུང་བྱེད་ཀྱི་ཡོད་པ་དེས་ཧྥི་རེ་ཌས་བསམ་པར་མི་འདི་ལ་འཚམས་འདྲི་ཙམ་མ་བྱས་ན་མཐོང་ཆུང་ལྟ་བུར་འགྱུར་སྲིད་སྙམ་སྟེ་ཐོག་མར་འཚམས་འདྲི་དང་བཅས་གླེང་མོལ་ཅུང་བྱས་པར་རྒྱ་གར་གྱི་བུ་དེས་འཚམས་འདྲིའི་ཡ་ལན་ཙམ་བྱས་ཏེ་འཛིན་ཁང་དུ་བུད། འོན་ཀྱང་ཁོ་པས་དེ་རྗེས་རང་ཉིད་ཀྱི་བྱེད་སྟངས་དེ་ནི་ཅུང་མ་གུས་པ་ཞིག་ཏུ་གྱུར་དོགས་ཀྱིས་ཧྥི་རེ་ཌ་ལ་རྗེས་སུ་ཐུག་འཕྲད་བྱུང་སྐབས་ཇ་གསོལ་བར་གདན་དྲངས་པ་བཞིན་ཧྥི་རེ་ཌ་ཡིས་དང་ལེན་གནང་། གཉིས་ཀ་སློབ་སྦྱོང་ཡོད་ལ་ཕུག་བསམ་ཆེ་བའི་སློབ་ཕྲུག་གཉིས་ཡིན་པས་སྤྱི་ཚོགས་ཀྱི་གནས་སྟངས་དང་རིག་པའི་གཞུང་ལུགས་སོགས་ཀྱི་སྐོར་བགྲོ་གླེང་མང་ཙམ་གནང་རྗེས་ཕན་ཚུན་སེམས་ཐག་ཇེ་ཉེ་དང་བརྩེ་དུང་ཇེ་ཟབ་ཏུ་གྱུར། རྒྱ་གར་བའི་བུ་དེའི་མཚན་ལ་ Baba Pyare Bedi རྦ་རྦ་པྱ་རེ་རྦེ་དི་ཟེར་ཞིང་། ཡོངས་གྲགས་སུ་རྦེ་དི་ཟེར་བ་དང་། ཕ་ཡུལ་རྒྱ་གར་གྱི་ས་ཆ་པན་རྗབ་ནས་ཡིན་པ་ལ། རྒྱ་གར་གྱི་ཆོས་ལུགས་སིཀ་ཅེས་པ་དེའི་སྟོན་པ་གུ་རུ་ནཱ་ནག་གི་རིགས་བརྒྱུད་ཡིན་པར་བཤད།
མི་རིགས་མི་འདྲ་བས་ཁོང་གཉིས་ལ་སྤྱི་ཚོགས་ཀྱིས་གནོན་ཤུགས་རབས་དང་རིམ་པ་སྤྲད་ཀྱང་། འགོག་མ་ནུས་པར་རིམ་པས་སྤྱི་ལོ་༡༩༣༣ ལོར་གཉེན་སྒྲིག་བྱས་པ་ལ། སྐབས་དེར་མི་རིགས་མི་འདྲ་བའི་ནང་ཁུལ་དུ་ཆང་ས་རྒྱག་པ་ནི་ཆེས་རྒྱུན་ལྡན་མ་ཡིན་པའི་གནས་སྟངས་ཤིག་ཡིན་པ་དེས་དོན་རྐྱེན་དེ་ཉིད་ Oxford Mail ཨོཀ་སི་ཧྥོར་ཌིའི་གསར་ཤོག་གི་མདུན་ངོས་ཐོག་འཁོད། མ་ཟད་ད་དུང་དེ་ལྟ་བུའི་དོན་རྐྱེན་གྱི་རྐྱེན་པས་སྐབས་དེར་དབྱིན་ལན་ཌི་ལ་རྒྱ་གར་གྱི་མི་ལ་ཆང་ས་མ་བརྒྱབ་ན་བཟང་བའི་ལས་འགུལ་ཡང་སྤེལ་སྐད། འོན་ཀྱང་རྦེ་དི་དང་འཕྲད་རྗེས་ཧྥི་རེ་ཌ་ནི་རྒྱ་གར་གྱི་མི་རིགས་དང་གནད་དོན་སོགས་ལ་རྒྱུས་མངའ་ཇེ་ཆེ་དང་སེམས་ཐག་ཇེ་ཉེར་གྱུར་ཏེ། ཁྲུང་ས་བསྐྱོན་ནས་བཟུང་ཕྱིས་སུ་ཁོང་གིས་རབ་ཏུ་མ་བྱུང་བར་དུ་རྒྱ་གར་གྱི་བུད་མེད་ཀྱི་ཆས་གོས་ཁོ་ན་བཞེས་ཤིང་། རང་གིས་རང་ལ་དབྱིན་ཇི་ཞིག་ལས་ཀྱང་རྒྱ་གར་བ་ཞིག་ཡིན་པར་ངོས་འཛིན་གནང་བར་བཤད། ཧྥི་རེ་ཌས་ཨོཀ་སི་ཧྥོར་ཌི་མཐོ་རིམ་སློབ་གྲྭར་རྒྱ་གར་རང་བཙན་རྩོད་ལེན་པའི་སློབ་མ་རྣམས་དང་ལྷན་དུ་ཚོགས་པ་འདྲ་མིན་དུ་ཞུགས་ཤིང་། བཟའ་ཟླ་དང་ལྷན་དུ་རྒྱ་གར་གྱི་རང་བཙན་དང་འབྲེལ་བའི་དཔེ་དེབ་བཞི་རྩོམ་སྒྲིག་གནང་། ཁོང་གི་བཟའ་ཟླ་ནི་དམར་ཤོག་གི་ལྟ་བ་ཤུགས་ཆེ་བ་ཞིག་ཡིན་ཅིང་། གཉིས་ཀས་མ་ཧཱཏྨཱ་གན་དྷིའི་འཚེ་མེད་ཞི་བའི་ལས་འགུལ་ལ་ཡང་ཐུགས་མཉེས་ཆེ་བ་དེས་ཧྥི་རེ་ཌས་ཨོཀ་སི་ཧྥོར་ཌི་སོགས་ལ་མ་ཧཱཏྨཱ་གན་དྷི་དང་། ར་རྦིནྡྲ་ནཱཐ་ཏཱ་རྒོར་སོགས་ཀྱི་གསུང་བཤད་ལ་ཡང་མང་ཙམ་བཅར་མྱོང་ཡོད།
དེ་ནས་རྦེ་དི་དང་ཧྥི་རེ་ཌ་གཉིས་རྗེར་མི་ནི་ལ་ཕེབས་པ་ན་སྲས་གཅིག་འཁྲུངས་ཤིང་། ལུང་པ་དེར་བཞུགས་སྐབས་དམག་འཐབ་སོགས་དྲག་པོའི་ཐོག་ནས་རྒྱ་གར་རང་བཙན་རྩོད་ལེན་གནང་བཞིན་པའི་ Chandra Bose ཅནྡྲ་བྷོ་སེ་ལ་ཐུག་འཕྲད་བྱུང་སྟེ། གསུམ་པོ་ཕན་ཚུན་འབྲེལ་འདྲིས་ཟབ་མོ་བྱུང་། སྐབས་དེར་རྗེར་མི་ནི་ལ་ Hitler ཧིཏ་ལེར་གྱི་དབང་ཤུགས་རྒྱས་བཞིན་པའི་སྐབས་ཡིན་པས་ཁོང་གཉིས་མུ་མཐུད་ལུང་པ་དེར་མ་བཞུགས་པར་སྤྱི་ལོ་༡༩༣༤ ལོར་དབྱི་ཏ་ལི་ནས་གྲུ་གཟིངས་ལ་ཞུགས་ཏེ་བདུན་ཕྲག་གཉིས་ཙམ་འགོར་རིང་དཀའ་ངལ་མང་ཙམ་འཕྲད་རྗེས་རྒྱ་གར་དུ་འབྱོར། སྔོན་ཚུད་ནས་དབྱིན་ཇིའི་སྲིད་གཞུང་གིས་རྦེ་དི་དང་ཧྥི་རེ་ཌ་གཉིས་ཀ་ཆབ་སྲིད་ཀྱི་རྙོག་འཛིང་ཆེ་བས་ཉེན་རྟོག་གཟབ་ནན་བྱ་དགོས་པའི་མངག་ཆ་བྱས་ཡོད་པ་བཞིན་རྒྱ་གར་གྱི་གྲོང་ཁྱེར་ Bombay རྦོམ་རྦེ་ལ་འབྱོར་བ་ན་ཉེན་རྟོག་པས་ཕྲུ་གུའི་གཅིན་གདན་ཚུན་ཆད་ལ་ཞིབ་གཤེར་ནན་ཏན་བྱས། དེ་ནས་བཟའ་ཟླ་རྦེ་དིའི་ཕ་ཡུལ་དངོས་ཏེ་ད་ལྟ་པ་ཀི་སི་ཐན་གྱི་ཁོངས་སུ་གཏོགས་པ་ལ་ཧོར་དུ་འབྱོར་བར་བསྐྱར་དུ་ཁྲུང་ས་རྒྱས་པ་བསྐྱོན་ཞིང་། རྦེ་དིའི་ཨ་མ་སོགས་ཀྱིས་ཧྥི་རེ་ཌ་ལ་བྱོན་པ་ལེགས་སོ་ཁོ་ན་ལས་མི་རིགས་དབྱེ་འབྱེད་ཀྱི་མཐོང་ཚུལ་གཏན་ནས་མ་བྱུང་ཚུལ་ཕྱིས་སུ་ཧྥི་རེ་ཌ་རང་གིས་གསུངས། རྒྱུ་མཚན་དེ་དག་གིས་རྒྱ་གར་དུ་འབྱོར་བ་ན་ཧྥི་རེ་ཌ་ལ་རང་ཡུལ་དུ་ལོག་པ་ལྟ་བུའི་ཚོར་སྣང་བྱུང་ན་ཡང་གཙང་སྦྲ་སོགས་ཀྱི་ཐད་སྐུ་ངལ་མང་པོ་ཞིག་འཕྲད་པ་ནི་བཤད་ཅི་དགོས། འོན་ཀྱང་རྒྱ་གར་ལ་ཁྱོ་ག་ནི་དཔོན་པོ་དང་སྐྱེས་སྨན་ནམ་མནའ་མ་ནི་གཡོག་མོ་ཞིག་ཏུ་ངོས་འཛིན་པའི་འདུ་ཤེས་དང་ལུགས་སྲོལ་ཤུགས་ཆེ་ན་ཡང་། ཧྥི་རེ་ཌ་ནི་འདྲ་མཉམ་མིན་པ་དང་དྲང་བདེན་མིན་པ་གང་ལ་ཡང་མགོ་མི་སྒུར་མཁན་ཞིག་ཡིན་པ་དེས་ཐེངས་ཤིག་ཁྱོ་ག་རྦེ་དིས་ཧྥི་རེ་ཌ་ལ་ཚ་ལུ་མའི་པགས་པ་བཤུ་བའི་བཀའ་གནང་བ་ལ་བརྟེན་ནས་ཁྱོ་ཤུག་གཉིས་པོའི་བར་ཁ་རྩོད་དྲག་པོ་བྱུང་། མཐར་ཧྥི་རེ་ཌས་ཚ་ལུ་མའི་པགས་པ་བཤུ་ཆོག་ན་ཡང་ཧྥི་རེ་ཌ་རང་ཉིད་ཀྱི་ཚ་ལུ་མའི་པགས་པ་བཤུས་མ་ཟིན་བར་དུ་ཁྱོ་གས་ཟ་མི་ཆོག་རྒྱུ་བྱས་ཏེ་ཁྱོ་ཤུག་གི་འགལ་ཟླ་སེལ་བར་བྱས། དེ་སྔོན་བཟའ་ཟླ་རྦེ་དི་ནི་ཁྱིམ་ཚང་འབྱོར་པ་ཆེ་ཙམ་ཞིག་ཡིན་ཀྱང་། གཉིས་ཀས་ཆབ་སྲིད་ཀྱི་ལས་ཀར་ཤུགས་ཇེ་ཆེར་ཞུགས་བཞིན་པ་དེས་དུས་ནམ་ཡིན་ཀྱང་གཉིས་ཀ་བཙོན་ཁང་དུ་འགྲོ་སྲིད་པས་ན། ཁང་པ་གཙོ་བོར་གྱུར་པའི་རྒྱུ་ནོར་ཕལ་མོ་ཆེ་གཞན་ལ་སྦྱིན་སྤྲོད་སོགས་གནང་སྟེ། གློག་མེད་ཅིང་ཆུ་དཀོན་པའི་ཁང་པ་སྐྱོ་བོ་ཞིག་ཏུ་བཞུགས།
ཧྥི་རེ་ཌས་གསར་འགོད་པ་དང་དབྱིན་ཡིག་དགེ་རྒན་གྱི་ཕྱག་ལས་གནང་བ་དང་འབྲེལ། སྐབས་དེའི་རྒྱ་གར་གྱི་གནས་སྟངས་དང་འབྲེལ་བའི་གསར་ཤོག་སོགས་པར་བསྐྲུན་གནང་ཞིང་། དེའི་ཐོག་ཏུ་ཧྥི་རེ་ཌ་རང་གིས་ཀྱང་རྩོམ་ཡིག་མང་དུ་སྤེལ། ད་དུང་ཧྥི་རེ་ཌས་ཉིན་ལམ་མང་པོའི་སར་རྐང་ཐང་དུ་བགྲོད་ནས་གྲོང་པ་དང་། ཞིང་པ། དམིགས་བསལ་དབུལ་པོ་དང་བུད་མེད་སོགས་ལ་དབྱིན་ཇིའི་སྲིད་གཞུང་གིས་བྱེད་སྟངས་མི་འགྲིག་པའི་ཚུལ་གྱི་གོ་རྟོགས་སྤེལ་བ་དང་། རང་དབང་དང་ཐོབ་ཐང་རྩོད་པའི་འབོད་བསྐུལ་གནང་། ལས་འགུལ་དེ་སྤེལ་བཞིན་སྐབས་ཁོང་ལ་ཕྲུ་གུ་གཉིས་པ་འཁྲུངས་ན་ཡང་དེ་ཉིད་ནད་ཡམས་ཤིག་གི་རྐྱེན་པས་ཆུང་དུས་ནས་གྲོངས་ཤོར་བ་ལ། ཧྥི་རེ་ཌས་གྲོགས་མོ་ཞིག་ལ་བཏང་བའི་ཡི་གེར་ཕྲུ་གུ་ཆུང་བ་གྲོངས་བ་ནི་ཕངས་དགོས་པ་ཡིན་ན་ཡང་ཕྲུ་གུ་རྒན་པ་ནི་སྐྱེ་སྟོབས་རྒྱས་བཞིན་པའི་སྐབས་ཡིན་པས་བློ་སེམས་བདེ་བར་ཡོད་ཚུལ་འཁོད་ཡོད། འོན་ཀྱང་ཕྱིས་སུ་ཧྥི་རེ་ཌ་ཡི་བུ་ཕྲུག་རྣམས་ཀྱིས་གསུངས་ན་དོན་དུ་ཧྥི་རེ་ཌས་རང་ཉིད་ཀྱིས་བུ་ཕྲུག་ལ་བདག་སྐྱོང་ཡག་པོ་མ་བྱུང་བ་དེr་ནམ་ཡང་རང་གིས་རང་ལ་དགོངས་ཡངས་གནང་མྱོང་མེད། དུས་སྐབས་དེར་མཚོན་ན་མི་རིགས་གཞན་ཞིག་དང་དེ་ཡང་དབྱིན་ལན་ཌི་རང་གི་མི་ཞིག་དང་། དེ་ཡང་བུད་མེད་ཅིག་གིས་རྒྱ་གར་དབྱིན་ཇིའི་འོག་ནས་རང་བཙན་དགོས་པའི་ལས་འགུལ་དེ་འདྲ་སྤེལ་བ་ནི་སུས་ཀྱང་དོ་སྣང་ཤོར་བ་ཞིག་ཡིན་པས་ན་དབྱིན་ལན་ཌིའི་གསར་ཤོག་ལ་ཡང་ཧྥི་རེ་ཌ་ནི་རྒྱལ་འཚོང་པའམ་ནང་སླུ་བྱེད་མཁན་ཞིག་ཡིན་པའི་གནས་ཚུལ་སྤེལ་ཡོད། ཧྥི་རེ་ཌ་ནི་ཤེས་ཡོན་མཐོ་ལ། སྤྱི་ཚོགས་ལ་རྒྱུས་མངའ་ཆེ། སྨྲ་ལྕེ་བདེ་བ་སོགས་ཀྱིས་ཁོང་གིས་ཧིན་དྷིའི་སྐད་ཀྱིས་གསུང་བཤད་གནང་སྐབས་རྒྱ་གར་གྱི་མི་ཁྲི་ཕྲག་མང་པོ་འཛོམས་པ་ལ། ཐེངས་ཤིག་གཏམ་བཤད་གལ་ཆེན་ཞིག་གནང་བའི་གྲ་སྒྲིག་ཡོད་པ་ན། ཉེན་རྟོག་པ་སོགས་ཀྱིས་ལྐོག་ནས་བཟུང་སྟེ་ཁྲིད་རྩིས་བྱས་ཀྱང་། སུས་ཀྱང་གར་ཡོད་མ་ཤེས་པ་ལ། གཏམ་བཤད་ཀྱི་དུས་ཚོད་ལ་ཐུག་པ་ན་གློ་བུར་དུ་སྡིངས་ཆའི་འོག་ནས་ཐོན་ཏེ་གཏམ་བཤད་གནང་བར་སུས་ཀྱང་གང་ཡང་བྱེད་མ་ཐུབ་པ་སོགས་ཁོང་གི་སྙིང་སྟོབས་ནི་སྐྱེ་བོ་ཕལ་པ་རྣམས་ཀྱིས་དོ་ཟླ་མི་ནུས་པར་ཡོངས་སུ་གྲགས།
དམག་ཆེན་གཉིས་པའི་སྐབས་སུ་དབྱིན་ལན་ཌིའི་སྲིད་གཞུང་གིས་རྒྱ་གར་ཡང་དམག་འཐབ་ལ་ཞུགས་དགོས་པའི་བཀའ་བཏང་བ་ལ། རྦེ་དི་དང་ཧྥི་རེ་ཌ་གཉིས་ཀས་རྒྱ་གར་དམག་འཐབ་ལ་ཞུགས་མིན་ནི་རྒྱ་གར་རང་གིས་ཐག་གཅོད་དགོས་པ་ཞིག་ཡིན་པར་གསུངས་ནས་དེ་ལ་ངོས་ལེན་མ་གནང་བར་ངོ་རྒོལ་གནང་བ་དེས་བཟའ་ཟླ་ནི་དམར་ཤོག་ཚོགས་པ་ཡིན་པའི་སྐྱོན་བརྗོད་དང་། ཧྥི་རེ་ཌ་ནི་གན་དྷིའི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་མཁན་ཡིན་པའི་སྐྱོན་འཛུགས་བཅས་ཀྱིས་གཉིས་ཀ་བཙོན་དུ་ཚུད་ཅིང་། ནུབ་ཕྱོགས་ཀྱི་བུད་མེད་ཅིག་རྒྱ་གར་གྱི་ཆབ་སྲིད་ཀྱི་དོན་དུ་བཙོན་དུ་བཅུག་པ་དང་ཤོས་ཡིན་པར་གྲགས། དེ་ནས་ཁོང་གཉིས་ལ་སླར་ཡང་སྲས་གཅིག་འཁྲུངས་པ་ན་ཧྥི་རེ་ཌའི་རྨི་ལམ་དུ་བོད་པ་ཞིག་གིས་ཕྲུ་གུ་ཞིག་བསྟན་ནས་འདི་ལ་བདག་པོ་ཡག་པོ་རྒྱག་རོགས་ཟེར་བ་རྨིས་ན་ཡང་སྐབས་དེར་ཧྥི་རེ་ཌ་དང་བོད་རིགས་བར་འབྲེལ་བ་གང་ཡང་བྱུང་མེད་པས་ངོ་མཚར་དུ་བརྩིས། སྲས་དེ་ནི་ཧྥི་རེ་ཌ་ཡི་བུ་ཀ་རྦིར་རྦེ་དི་ཞེས་པ་ཕྱིས་སུ་གློག་བརྙན་འཁྲབས་སྟོན་པར་གྱུར་པ་དེའོ།། སྐབས་དེ་ཙམ་དུ་རྦེ་དི་ཁྱོ་ཤུག་གཉིས་པོ་ཀ་ཤི་མིར་ལུང་པའི་ཆབ་སྲིད་འཐབ་རྩོད་པ་གྲགས་ཅན་ Sheikk Muhamad Abdullah ཤེཀ་ཨབ་དྷུ་ལཱ་དང་འབྲེལ་བ་བྱུང་བ་ལ་བརྟེན་ནས། རྦེ་དི་དང་ཧྥི་རེ་ཌ་གཉིས་པོ་ཀ་ཤི་མིར་ལ་ཕེབས་ནས། ཀ་ཤི་མིར་གྱི་རྒྱལ་པོའི་སྲིད་གཞུང་གསར་བརྗེར་འགྱུར་བའི་དོན་དུ་སྲོག་ཉེན་ཐུག་པའི་ལས་འགུལ་ཚབས་ཆེན་མང་པོ་སྤེལ། ཧྥི་རེ་ཌ་ནི་མ་ཧཱཏྨཱ་གན་དྷིའི་དགོངས་པ་ལྟར་འཚེ་མེད་ཞི་བའི་ལྟ་གྲུབ་འཛིན་མཁན་ཡིན་ཀྱང་། སྐབས་དེར་ཀ་ཤིར་མིར་གྱི་ཆབ་སྲིད་འཐབ་རྩོད་པ་དང་དམིགས་བསལ་བུད་མེད་རྣམས་ལ་སྲོག་ཉེན་ཆེ་བ་དེས་ཧྥི་རེ་ཌས་དབུ་ཁྲིད་པའི་བུད་མེད་རྣམས་ཀྱིས་མེ་མདའ་འཕེན་སྟངས་སོགས་ཀྱང་སྦྱངས་གནང། དེས་ཧྥི་རེ་ཌ་ནི་དེར་ཡོད་བུད་མེད་གཙོ་བོར་གྱུར་པའི་ཉམས་ཐག་མང་པོར་བཀའ་དྲིན་ཆེ་བར་གྱུར་པ་དེས། ཕྱིས་སུ་ཀ་ཤི་མིར་གྱི་སྲིད་བློན་གཙོ་བོར་གྱུར་པའི་མི་རྣམས་ཀྱིས་ཀྱང་ཧྥི་རེ་ཌ་ལ་བསྔགས་བརྗོད་ཆེ། ཀ་ཤི་མིར་དུ་བཞུགས་སྐབས་རྒྱ་གར་གྱི་སྲིད་བློན་དང་པོ་ནེཧ་རུ་དང་འབྲེལ་བ་ཟབ་མོ་བྱུང་བས་ནེཧ་རུ་ཡིས་ཧྥི་རེ་ཌ་ལ་གུས་བཀུར་ཆེ་ཞིང་། ནེཧ་རུ་ཡི་སྲས་རྣམས་དང་། ཧྥི་རེ་ཌ་ཡི་སྲས་རྣམས་ཀྱང་རྩེད་གྲོགས་སུ་གྱུར།
དེ་ནས་མཐར་སྤྱི་ལོ་ ༡༩༤༧ ལོར་རྒྱ་གར་ལ་རང་བཙན་ཐོབ་པ་ལ། སྐབས་དེར་ཧྥི་རེ་ཌ་མ་ཡུམ་དང་ཐུག་འཕྲད་གནང་བར་ཕེབས་པས་དབྱིན་ཡུལ་ལ་བཞུགས་ཡོད། རྒྱ་གར་གྱི་རྒྱལ་ཁབ་ལ་རང་བཙན་དང་། མི་དམངས་ལ་རང་དབང་ཡོད་པ་ནི་ཁོང་གི་སྐུ་ཚེ་གང་པོའི་འཐབ་རྩོད་ཀྱི་དགོས་ཆེད་གཙོ་བོ་དེ་ཡིན་ན་ཡང་། བསམ་ཡུལ་ལས་འདས་པར་རང་བཙན་ཐོབ་པ་ན་རྒྱ་གར་ལ་གནས་སྟངས་ཇེ་བཟང་དུ་འགྲོ་བའི་ཚབ་ལ་ཧིན་དྷུ་དང་མུ་སི་ལིམ་གྱི་རྙོག་གྲའི་རྐྱེན་པས་རྒྱ་གར་མི་སེར་ནང་ཁུལ་གྱི་འགལ་ཟླ་ཇེ་ཆེར་གྱུར་ཏེ། མི་གྲངས་ས་ཡ་ལྷག་གནས་སྤོས་བྱས་ཤིང་། འབུམ་ཕྲག་མང་པོ་དམར་གསོད་དང་། བཙན་གཡེམ་གཏོང་བ། མུག་ཤི་ཐེབས་པ་སོགས་བྱུང་བ་དེས་རྦེ་དི་དང་ཧྥི་རེ་ཌ་སོགས་རྒྱ་གར་རང་བཙན་རྩོད་ལེན་པ་མང་པོས་ཐུགས་ཕམ་ཚད་མེད་གནང་། ཧྥི་རེ་ཌ་སླར་ཡང་རྒྱ་གར་དུ་ལོག་རྗེས་རྦེ་དི་དང་ཧྥི་རེ་ཌ་གཉིས་ཀྱི་ལུང་པ་ནི་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱི་ས་མཚམས་ལ་ཁེལ་བ་དེས་སྐབས་དེར་ཁྱོ་ཤུག་གཉིས་པོས་ཆོས་ལུགས་ཀྱི་འཐབ་འཁྲུག་གི་རྐྱེན་པས་ཕར་ཚུར་འགྲོ་མཁན་དང་། དེའི་ཁྲོད་དུ་དཀའ་ངལ་འཕྲད་མཁན་མི་གྲངས་མང་པོ་ཞིག་ལ་སྡོད་གནས་གོ་སྒྲིག་དང་། བཟའ་བཏུང་སྦྱིན་པ་སོགས་ཀྱི་ལས་འགུལ་སྤེལ། དེ་ནས་ཀ་ཤི་མིར་ལ་ཡང་ཤེཀ་ཨབ་དྷུ་ལཱ་ཡིས་བཙུགས་པའི་མངའ་སྡེའི་སྲིད་གཞུང་ཚུགས་པ་ལ། རྦེ་དི་དང་ཧྥི་རེ་ཌ་གཉིས་པོ་ཀ་ཤི་མིར་ལ་གནས་སྤོས་གནང་སྟེ། ཀ་ཤི་མིར་ནི་རྒྱ་གར་གྱི་མངའ་སྡེའི་དཔེ་མཚོན་བཟང་པོ་ཞིག་ཏུ་འགྱུར་བའི་ཆེད་དུ་རྦེ་དི་དང་ཧྥི་རེ་ཌ་གཉིས་པོས་སློབ་དེབ་ཀྱང་དགུ་བཅུའི་ཡས་མས་རྩོམ་སྒྲིག་གནང་ནས་ཀ་ཤིར་མིར་གྱི་ཤེས་ཡོན་སློབ་སྦྱོང་ཐད་ཤུགས་སྣོན་གནང་བ་དེས་སྐབས་དེར་ཀ་ཤིར་མིར་ནི་རྒྱ་གར་གྱི་ས་ཆ་ཁག་ནས་ཤེས་ཡོན་གྱི་ཆ་རྐྱེན་མཐོ་ཤོས་སུ་གྱུར། དེ་རུ་བཞུགས་སྐབས་ལྕམ་ཧྥི་རེ་ཌ་ཁོང་ལ་རྒྱ་གར་དུ་ཡོད་པའི་ཆོས་ལུགས་ཁག་ལ་དོ་སྣང་སྔར་ལས་ཆེ་བ་བྱུང་ཞིང་། མུ་སི་ལིམ་དང་ཧིན་དྷུའི་ཆོས་ལུགས་གཉིས་ཀ་ལ་ཞུགས་ནས་སློབ་སྦྱོང་དང་ཉམས་ལེན་གནང་ན་ཡང་ཐུགས་མོས་ཁེངས་པ་ཞིག་མ་བྱུང་བར་གསུངས། དེ་དུས་ནང་ཆོས་ལ་ཆེད་དུ་སློབ་སྦྱོང་གནང་རྒྱུ་མ་བྱུང་ཡང་ཉིན་ཅིག་གྲོང་ཁྱེར་གྱི་ནང་དུ་ལ་དྭགས་ནས་ཡིན་པའི་ནང་པའི་གྲྭ་པ་ཞིག་མཐོང་ཙམ་བྱུང་བ་དེས་སེམས་ལ་བརྗོད་དུ་མེད་པའི་ཚོར་བ་ཞིག་བྱུང་བར་གསུངས།
དེ་ནས་སྤྱི་ལོ་༡༩༥༣ ལོར་འབར་མ་ལ་རྒྱ་གར་གཞུང་གི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་བའི་ཕྱག་ལས་གནང་བར་ཟླ་ཤས་རིང་ཕེབས་རྒྱུ་བྱུང་བ་དེས་ནང་ཆོས་དང་ཐོག་མར་འབྲེལ་བ་བྱུང་ཞིང་། ནང་ཆོས་ཀྱི་སློབ་དཔོན་ཆེན་པོ་ Sayadaw U Titthila ས་ཡ་དྷ་ཨུ་ཏི་ཐི་ལ་ཡི་མདུན་ནས་ཧྥི་རེ་ཌས་ཞི་གནས་དང་ལྷག་མཐོང་ལ་སོགས་པའི་ནང་ཆོས་ཀྱི་སྒོམ་ཁྲིད་རྣམས་གསན་ཏེ་ཐུགས་ཉམས་སུ་བཞེས་པས། ཧྥི་རེ་ཌ་ཉིད་ཀྱིས། “ཕལ་ཆེར་བདུན་ཕྲག་བརྒྱད་ཙམ་གྱི་རྗེས་ང་ལ་གོ་རྟོགས་ཀྱི་སྐད་ཅིག་ཅིག་ཐོག་མ་ཤར། ང་ལ་ལམ་ཁ་རྙེད་པའི་དགའ་སྤྲོ་ཧ་ཅང་། ཧ་ཅང་ཆེན་པོ་ཞིག་བྱུང་།” ཞེས་གསུངས་མྱོང་ཡོད་ཅིང་། “དེ་ནས་བཟུང་ཁོང་གི་མི་ཚེ་རྦད་དེ་འགྱུར་སོང་”ཞེས་ཀྱང་གསུངས་མྱོང་ཡོད། རྒྱ་གར་དུ་ལོག་པ་ན་ཁྱིམ་ཚང་དུ་རང་ཉིད་ད་ཆ་ནང་པའི་ཆོས་ལུགས་པར་འགྱུར་ཟིན་ཚུལ་གསུངས་པ་ན་ཁོང་གི་སྲས་དང་སྲས་མོ་རྣམས་ཀྱིས་ཀྱང་དེ་ལ་རྒྱབ་སྐྱོར་ཞུས་ཤིང་། སྐབས་དེར་ཁོང་གི་བཟའ་ཟླ་ཡང་ཆབ་སྲིད་ཀྱི་བྱ་བ་ལས་ཆོས་ལུགས་ལ་སྤྲོ་བ་ཇེ་ཆེར་གྱུར་ཡོད་ཅིང་། མུ་སི་ལིམ་གྱི་ཆོས་བརྒྱུད་སུ་ཧྥི་དང་འབྲེལ་བའི་སྙན་ངག་སོགས་འབྲི་བཞིན་པའི་སྐབས་ཡིན་པ་དེས་རང་གི་ལྕམ་ཧྥི་རེ་ཌ་ལ་ལྷག་བསམ་རྣམ་དག་གིས་ངོས་ལེན་དང་རྒྱབ་སྐྱོར་གནང་། ལྕམ་ཧྥི་རེ་ཌས་ཕྱིས་སུ་སླར་ཡང་རང་གི་སྲས་རྒན་པ་ཀ་རྦིར་ཁྲིད་ནས་འབར་མ་ལ་ཕེབས་སྐབས་སྲས་ཀ་རྦིར་ཡང་དུས་ཚོད་ཐུང་ངུའི་རིང་རབ་ཏུ་བྱུང་མྱོང་ཡོད་ཀྱང་། དེ་རྗེས་འབར་མ་ལ་ཆབ་སྲིད་ཀྱི་རྙོག་ཟིང་ཆེ་བའི་རྐྱེན་གྱིས་ཧྥི་རེ་ཌ་འབར་མ་ལ་བསྐྱོད་མ་ཐུབ་པའི་དབང་གིས་ཧྥི་རེ་ཌ་ནི་རེ་ཞིག་བླ་མ་མེད་པའི་སློབ་མ་ལྟར་བདག་མེད་དུ་ལུས་པ་ལྟ་བུའི་ཚོར་སྣང་བྱུང་བར་གསུངས།
དེ་ནས་ལོ་ཤས་རྗེས་ཏེ་སྤྱི་ལོ་༡༩༥༩ ལོར བོད་མི་ཁྲི་ཕྲག་མང་པོ་ཞིག་རྒྱ་གར་དུ་འབྱོར་བ་ན་རྒྱ་གར་གྱི་སྲིད་བློན་ནེཧ་རུས་ཧྥི་རེ་ཌ་ནི་ཨ་སམ་དང་ནུབ་བྷན་གྷལ་ས་ཁུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ལྟ་རྟོག་གནང་མཁན་ལ་བསྐོས། དེ་ཡང་གཙོ་བོ་ཧྥི་རེ་ཌ་རང་ཉིད་ཀྱིས་དང་བླང་གནང་བ་ཞིག་ཡིན་པས་ན་དེ་ལྟར་དང་བླང་གནང་བའི་རྒྱུ་མཚན་ཀྱང་། ཧྥི་རེ་ཌས། “ངས་རང་ཉིད་ནང་པ་ཞིག་ཡིན་པ་དང་། ཨ་མ་ཞིག་ཡིན་པ། སྤྱི་ཚོགས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་རྒྱབ་ལྗོངས་དེས་ངས་ང་རང་གིས་སྐྱབས་བཅོལ་བའི་སྒར་རྣམས་ལ་ཕན་འདོགས་ཐུབ་ན་བསམ་བྱུང་།” ཞེས་གསུངས་མྱོང་ཡོད། སྐབས་དེར་བོད་མི་སྐྱབས་བཅོལ་བ་རྣམས་འབྱོར་ས་གཙོ་བོ་ནི་དེང་སང་རྒྱ་གར་གྱི་མངའ་སྡེ་ཨ་སམ་ཁུལ་དུ་ཡོད་པའི་ Mussamari མུ་ས་མ་རི་དང་ Buxa སྦག་ས་ཟེར་བའི་ས་ཆ་རྣམས་ཡིན་པ་ལ། ཁོང་གིས་དེ་དག་ལ་ཐོག་མར་ཟླ་བ་དྲུག་གི་རིང་ཕྱག་ལས་གནང་ནས་བཞུགས་པ་ལ་ཕྱིས་སུ་ཁོང་གིས་གསུངས་པ། “སྐྱབས་བཅོལ་བ་དེ་དག་ཧྲིལ་པོ་ལས་བཞི་ཆ་གཅིག་ཙམ་ཕལ་ཆེར་བླ་མ་རེད་འདུག་ལ། ཁོ་ཚོ་ལ་གང་བྱེད་དགོས་ཡིན་སུས་ཀྱང་ཤེས་ཀྱི་མི་འདུག” དེ་ནས་ཁོང་གིས་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་དོན་དུ་ཕྱག་ལས་མང་ཙམ་གནང་བ་ན་ཁོང་དང་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གྱུར་ཅིང་། བོད་མིའི་དད་མོས་ཀྱིས་ཁོང་ལ་ཡང་སེམས་འགུལ་ཆེན་པོ་ཐེབས་པས་ཁོང་གིས། “བོད་མི་རྣམས་ཆོས་ཀྱི་ཕྱོགས་ནས་འཕེལ་རྒྱས་ཆེ་བ་རེད་ལ། ཁོ་ཚོ་མི་དམིགས་བསལ་བ་ཡང་རེད། ཁོ་ཚོའི་མཉམ་དུ་ལས་ཀ་གང་འཚམས་བྱ་མྱོང་བས་ན། ངས་ཀྱང་ཕྲུ་གུ་འདི་དག་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པའི་ཚོར་སྣང་བྱུང་།” ཞེས་གསུངས། ཧྥི་རེ་ཌས་རང་གི་སྲས་གཉིས་དང་སྲས་མོ་དང་བཅས་པ་ཡང་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་རོགས་རམ་གནང་བར་ཁྲིད་ཅིང་། ཡུམ་སྲས་ཐམས་ཅད་ཉིན་མཚན་མང་པོར་དཀའ་བ་བསྐྱོན་པས་སྲས་དང་སྲས་མོ་རྣམས་ཀྱིས་མི་ཚེའི་ནང་དུ་དཀའ་སྡུག་ཆེ་ཤོས་མཐོང་ཐོས་བྱུང་བ་ནི་སྐབས་དེར་ཡིན་པར་བཤད་ཅིང་། ཧྥི་རེ་ཌ་ལ་བོད་མི་རྣམས་ཀྱིས་ཀྱང་གུས་བརྩི་ཤིན་ཏུ་ཆེ་བས་ཚང་མས་མ་མི་༼དབྱིན་སྐད་ཀྱི་འབོད་སྲོལ་ཏེ་བོད་སྐད་དུ་ཨ་མ་ཞེས་པའི་དོན་༽ལགས་ཞེས་འབོད་པ་དང་། ཁ་ཤས་ཀྱིས་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་ཡིན་པའི་ལབ་གླེང་ཡང་བྱུང་། འོན་ཀྱང་ཟླ་བ་དྲུག་གི་རིང་དཀའ་བ་སྤྱད་གནང་རྗེས་ལུས་སེམས་ཀྱིས་མ་བཟོད་པ་ལྟ་བུས་དྲན་མེད་དུ་བརྒྱལ་བས་དྷི་ལིར་སྨན་བཅོས་གནང་བར་ཕེབས་དགོས་བྱུང་།
འབྲས་ལྗོངས་ཀྱང་སྐབས་དེར་བོད་མི་སྐྱབས་བཅོལ་བ་འབྱོར་སའི་གཙོ་བོ་ཞིག་ཡིན་པས་ན་སྐྱབས་བཅོལ་གྱི་ཕྱག་ལས་དང་འབྲེལ་བའི་ཐོག་ནས་འབྲས་ལྗོངས་ལ་ཕེབས་སྐབས་ཤིག་ཏུ། ཧྥི་རེ་ཌའི་གྲོགས་པོ་ Apa Pant ཨ་པ་པཱན་ཊ་ཞེས་པ་ཨ་ཧྥི་རི་ཀ་དང་ཡུ་རོབ། ཨེ་ཤ་ཡ་བཅས་ཡུལ་གྲུ་མང་པོར་རྒྱ་གར་གྱི་གཞུང་ཚབ་པར་ཕེབས་མྱོང་བ་དེ་དེ་སྐབས་འབྲས་ལྗོངས་ལ་བཞུགས་ཡོད་པས་ན་དེས་ཧྥི་རེ་ཌ་ལ་ཁྱེད་རང་ད་ལྟ་འབྲས་ལྗོངས་ལ་ཕེབས་ན་ཀརྨ་པ་མ་མཇལ་བར་འགྲོ་ན་ག་ལ་འགྲིག་ཅེས་གསུངས། ཧྥི་རེ་ཌས་ཀརྨ་པ་ཟེར་ན་སུ་རེད་ཅེས་དྲིས་པར། ཨ་པ་པཱན་ཊས་ཀརྨ་པ་ནི་བོད་ནས་ཉེ་ཆར་འབྱོར་བའི་བླ་མ་ངོ་མཚར་བ་ཞིག་རེད་ཅེས་གསུངས་ཤིང་། ཀརྨ་པ་མཇལ་བར་རྟ་ཞོན་དགོས་པས་དཀའ་ངལ་ཅུང་ཡོད་པར་གསུངས་ན་ཡང་། ཧྥི་རེ་ཌས་རྟ་ཞོན་པར་དཀའ་ངལ་མེད་ཅེས་གསུངས། དེ་ནས་ཧྥི་རེ་ཌས་རྟ་ཞོན་ཅིང་སྐད་སྒྱུར་བ་དང་བཅས་རུམ་བཏེག་ལ་ཕེབས་པ་ན་རུམ་བཏེག་དགོན་རྙིང་དུ་ཀརྨ་པ་བཅུ་དྲུག་པ་དང་མཇལ་ཞིང་། ཧྥི་རེ་ཌས་ཐོག་མར་སྐྱབས་བཅོལ་གྱི་གནད་དོན་དང་འབྲེལ་བའི་སྐོར་བཀའ་མོལ་ཞུས་ཤིང་། དེ་རྗེས་ཧྥི་རེ་ཌ་རང་ཉིད་ཀྱི་ཉམས་ལེན་དང་འབྲེལ་བའི་སྐོར་བཀའ་མོལ་ཞུས། ཧྥི་རེ་ཌས་ཕྱིས་སུ་གསུངས་པ་ལྟར་ན་སྐབས་དེར་མཇལ་ཁ་གྲུབ་ནས་ཐོན་ལ་ཁད་ཡོད་པ་ན་ཀརྨ་པས་གྷན་དྷ་ར་ལུགས་ཀྱི་སངས་རྒྱས་ཀྱི་སྐུ་རྣམས་ལྟར་ཕྱག་གཡས་པ་བརྐྱངས་ནས་བྱིན་གྱིས་བརླབས་ཚུལ་མཛད་པ་ན་ཧྥི་རེ་ཌ་ལ་སྔར་འབར་མ་ལ་ཡོད་སྐབས་སྒོམ་གྱི་ཉམས་རྟོགས་འཁྲུངས་པ་དང་ཁྱད་མེད་པའི་ཚོར་བ་ཟབ་མོ་ཞིག་བྱུང་ནས་སྐབས་དེ་ནས་བཟུང་རྒྱལ་དབང་ཀརྨ་པ་ནི་ཧྥི་རེ་ཌ་ཡི་བླ་མའི་གཙོ་བོར་གྱུར་ཅིང་། ཧྥི་རེ་ཌས་དྲིས་ལན་ཞིག་གནང་བ་ལས། “ང་ཚོ་ལ་བླ་མ་སྐུ་འཚོ་བཞུགས་ཡིན་པ་ཞིག་དགོས་ཤིང་ང་ཚོས་ཁོང་ཉིད་སངས་རྒྱས་གསོན་པོར་ལྟ། དེས་ང་ཚོར་བྱང་ཆུབ་ཀྱི་ས་བོན་རྒྱས་པར་ཆུ་བརླན་འཐོབ། ཀརྨ་པ་ནི་ང་ཡི་མི་ཚེར་ཕེབས་པ་དེ་ཆེས་ངོ་མཚར་བ་ཞིག་ཡིན་ཅིང་། ད་ལྟའི་ཆར་ངས་ཉིན་ལྟར་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རང་གི་བླ་མ་དང་འབྲལ་བ་མེད་པ་ཤོག་ཅེས་ཀརྨ་པའི་གཟུངས་སྔགས་འདོན་གྱི་ཡོད།” ཅེས་གསུངས།
སྐབས་དེར་བོད་ནས་གསར་དུ་འབྱོར་མ་ཐག་པའི་བླ་སྤྲུལ་རྣམས་ལ་དེང་རབས་ཀྱི་སློབ་སྦྱོང་གནང་བའི་རྩིས་མེད་ཅིང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་ནུབ་ཕྱོགས་ལ་སྤེལ་བའི་བསམ་བློ་ཡོད་མཁན་ཆེས་ཉུང་ན་ཡང་། ཧྥི་རེ་ཌ་ནི་སྔོན་ཚུད་ནས་ལས་འགན་དེ་ཉིད་བསྒྲུབ་དགོས་པ་ཙམ་མིན་པར་འགྲུབ་ངེས་པའི་དགོངས་འཆར་ཅན་ཞིག་ཡིན་པ་དེས། ཁོང་གིས་ནེཧ་རུ་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་ཞུས་ཏེ། སྤྲུལ་སྐུའི་སློབ་གྲྭ་ཞེས་པ་དྷི་ལི་ལ་གསར་འཛུགས་གནང་། ལོ་ན་གཞོན་པའི་བླ་སྤྲུལ་གཉིས་ཧྥི་རེ་ཌ་ཡིས་རང་གི་ཁྱིམ་དུ་བུ་ཕྲུག་ལྟར་གསོ་སྐྱོང་གནང་ཞིང་། སྤྲུལ་སྐུའི་སློབ་གྲྭའི་དབུ་ཁྲིད་དུ་བསྐོས་པ་ནི་ཆོས་རྒྱམ་དྲུང་པ་དང་། ཨ་དཀོན་རིན་པོ་ཆེ་རྣམ་ཉིས་སོ།། སྤྲུལ་སྐུའི་སློབ་གྲྭ་བཙུགས་ཟིན་རྗེས་ཀརྨ་པ་བཅུ་དྲུག་པ་མཆོག་གདན་དྲངས་ནས་རབ་གནས་སོགས་ཞུས་ཤིང་། དེ་དང་ལྷན་དུ་ཧྥི་རེ་ཌ་རང་གིས་དྷི་ལིར་ཀརྨ་པའི་སྐུ་མདུན་ནས་སྐྱབས་འགྲོའི་སྡོམ་པ་ཞུས་ཏེ་ནང་པ་སངས་རྒྱས་པའི་ཆོས་སྒོར་ལུགས་དང་མཐུན་པའི་སྒོ་ནས་ཞུགས། སྤྲུལ་སྐུའི་སློབ་གྲྭ་དེ་ཉིད་དེ་རྗེས་དྷ་ས་ནས་ཐག་མི་རིང་བའི་ས་ཆ་ Dalhousie ཌལ་ཧོ་སི་ཞེས་པ་ལ་གནས་སྤོས་བྱས་པ་ལ། The Young Lamas Home School ཞེས་གྲགས། དེ་རུ་བོད་ནས་གསར་དུ་འབྱོར་ཞིང་དགུང་ན་གཞོན་པའི་སྤྲུལ་སྐུ་བཞི་བཅུ་ཡས་མས་ལ་དབྱིན་ཡིག་ཙམ་མིན་པར་ཆོས་ལུགས་འདྲ་མིན་གྱི་ལྟ་གྲུབ་དང་། སྤྱི་ཚོགས་ཚན་རིག་སོགས་ཀྱི་སློབ་ཁྲིད་ཀྱི་ཆ་རྐྱེན་ཡོད་པ་བཟོས་གནང་། སློབ་གྲྭ་དེ་ནས་སློབ་སྦྱོང་གནང་ཞིང་། ཕྱིས་སུ་འཛམ་གླིང་ལ་གྲགས་ཆེ་བ་ཡང་མང་དུ་ཡོད་པ་ལས་བཀའ་བརྒྱུད་ནས་ཆོས་རྒྱམ་དྲུང་པ་དང་ཨ་དཀོན་རིན་པོ་ཆེ། དགེ་ལུགས་ནས་ཐུབ་བསྟན་བཟོད་པ་རིན་པོ་ཆེ། རྙིང་མ་ནས་དར་ཐང་སྤྲུལ་སྐུ། ས་སྐྱ་ནས་མཐུ་སྟོབས་སྤྲུལ་སྐུ་སོགས་མདོར་ན་ཕྱིས་དང་ད་ལྟའི་ཆར་སྤྲུལ་སྐུ་འདི་དག་ས་དགེ་བཀའ་རྙིང་གི་ཆོས་བརྒྱུད་སོ་སོར་གཅིག་ལས་གཅིག་སྙན་གྲགས་དང་མཛད་ཕྲིན་ཆེ་བ་ཤ་སྟག་ཡིན་པ་ནི་ཡོངས་གྲགས་ལྟར་རོ།། ད་དུང་གཞན་ཡང་ཕྱི་དབང་སྤྲུལ་སྐུ། རི་མགུལ་སྤྲུལ་སྐུ། ཨ་ཁྲོ་སྤྲུལ་སྐུ། ཆོས་ཀྱི་ཉི་མ་སོགས་ཡོད་པ་ལ་སློབ་གྲྭ་འདི་ཉིད་རྒྱུན་རིང་གནས་མ་ཐུབ་ཀྱང་འདིའི་མཛད་རྗེས་དང་གལ་གནད་ནི་ཧ་ཅང་ཆེ་བའོ།།
དེ་ནས་སྤྱི་ལོ་༡༩༦༡ ལོར་ཧྥི་རེ་ཌས་བཙུན་མ་རྣམས་ཀྱི་ཆེད་དུ་ཡང་དགོན་པ་ཞིག་བཞེངས་པ་ལ་དེ་ནི་སྤྲུལ་སྐུའི་སློབ་གྲྭ་ལྟར་ཆོས་བརྒྱུད་རིས་མེད་མ་ཡིན་པར་གཙོ་བོ་བཀའ་བརྒྱུད་པའི་བཙུན་དགོན་ཡིན་པས་ན། རྒྱ་གར་དུ་བཞེངས་པའི་བཀའ་བརྒྱུད་པའི་བཙུན་དགོན་དང་ཤོས་སུ་ངོས་འཛིན་སྲོལ་ཡོད། ཏེ་ལོ་ཕུག་ཅེས་གྲགས་པའི་བཙུན་དགོན་དེ་ཉིད་ཕྱིས་སུ་ཌལ་ཧོ་སི་ནས་ཅུང་ཟད་ས་གཞན་དུ་སྤོས་པ་ལ་ད་ལྟ་ཏེ་ལོ་པུར་ཞེས་མུ་མཐུད་གནས་ཡོད། དེ་ནས་ཧྥི་རེ་ཌ་རང་ཉིད་ཀྱང་རབ་ཏུ་བྱུང་བའི་དགོངས་པ་བཞེས་པ་སྟེ། དེ་ཡང་ཧྥི་རེ་ཌ་རང་གིས་གསུངས་པ་ལྟར་ན་འབར་མ་ལ་ཉམས་རྟོགས་དང་པོ་འཁྲུངས་པ་ནས་བཟུང་སྟེ་ལུས་འབྲེལ་བྱ་རྒྱུ་སྤངས་ནས་ཚངས་སྤྱོད་ཀྱི་སྡོམ་པ་བསྲུང་གནང་བ་དང་། ད་དུང་སྐབས་དེ་ཙམ་དུ་ཧྥི་རེ་ཌའི་བཟའ་ཟླ་རྦེ་དི་ཡང་བུད་མེད་གཞན་ཞིག་དང་འབྲེལ་བ་ཡོད་པ་དེས་ཧྥི་རེ་ཌ་རབ་ཏུ་བྱུང་བའི་དུས་ཚོད་བཟང་ཤོས་ལྟ་བུར་གྱུར། བཟའ་ཟླ་ནི་ཆོས་ལུགས་ནང་པ་མིན་ཀྱང་ཆོས་སེམས་ཆེ་བ་དེས་ཁོང་གིས་ནམ་རྒྱུན་བཞིན་ཧྥི་རེ་ཌ་ལ་རྒྱབ་སྐྱོར་གནང་། འོན་ཀྱང་ཧྥི་རེ་ཌས་རང་གི་སྲས་དང་སྲས་མོ་རྣམས་ལ་ཅི་ཡང་མ་གསུངས་པར་སྤྱི་ལོ་༡༩༦༦ ལོར་རུམ་བཏེག་ཏུ་རྒྱལ་དབང་བཅུ་དྲུག་པའི་མདུན་ནས་རབ་ཏུ་བྱུང་བ་ལ། ཀརྨ་པས་རབ་བྱུང་གི་མཚན་ལ་ཀརྨ་མཁས་མཆོག་དཔལ་མོ་ཞེས་གནང་། ཕྱིས་སུ་ཀརྨ་པས་དེ་ནི་ནང་པའི་ལོ་རྒྱུས་ཐོག་གྲགས་ཆེ་བའི་དགེ་སློང་མ་དཔལ་མོའི་མཚན་སྦྱར་ཏེ་གནང་བ་ཡིན་པར་གསུངས་ཤིང་། དེ་ནས་བཟུང་ཡོངས་གྲགས་སུ་སྲིང་མོའམ་ཨ་ནེ་དཔལ་མོ་ཞེས་གྲགས། སྲིང་མོ་ཞེས་པ་ནི་ཡེ་ཤུའི་ཨ་ནེ་རྣམས་ལ་སྲིང་མོ་ཞེས་འབོད་སྲོལ་ཡོད་པ་ལ་བརྟེན་ནས་ཡིན། མཁས་མཆོག་དཔལ་མོས་བོད་ཀྱི་རབ་བྱུང་བའི་ན་བཟའ་བཞེས་ནས་དྷི་ལིར་རང་ཁྱིམ་དུ་ལོག་ཕེབས་པ་ན། སྲས་ཀ་རྦིར་གྱིས་ཕྱིས་སུ། “ངས་གློ་བུར་དུ་མོ་རང་མཐོང་བ་ན། ཁོང་གིས་སྐྲ་གཏུབས་ཤིང་ཆས་གོས་གྱོན་ནས་སླེབས་འདུག། ཐོག་མར་མོ་རང་དེ་ལྟ་བུ་མཐོང་བར་ཧོན་ཐོར་སོང་། དེ་ནས་དེ་ལྟར་མ་བྱས་པའི་གོང་དུ་ང་ལ་ལབ་ཙམ་ཡང་མ་བྱས་པ་དེས་ང་རང་ལ་མགོ་སྐོར་བཏང་སོང་སྙམ་པའི་ཚོར་བ་ཆེན་པོ་བྱུང་།” ཞེས་བཤད་པ་དང་། ཀ་རྦིར་གྱིས་རང་གི་སྲིང་མོ་ལ་དེའི་སྐོར་བཤད་པ་ན་སྲིང་མོ་ནི་དེ་བས་ཀྱང་རླུང་ལངས། འོན་ཀྱང་དེ་རྗེས་རིམ་པས་ཨ་མ་དང་བུ་ཕྲུག་རྣམས་ཀྱི་འགལ་ཟླ་རང་སར་ཞི་ནས་བུ་ཕྲུག་རྣམས་ཀྱིས་ཀྱང་ཨ་མ་རབ་ཏུ་བྱུང་བ་ལ་སྤོབས་པ་བྱེད་མགོ་ཚུགས་ཤིང་། མཁས་མཆོག་དཔལ་མོ་ཀརྨ་པ་བཅུ་དྲུག་པའི་ལྷན་དུ་ཕྱི་རྒྱལ་ལ་ཕེབས་སྐབས་བུ་ཕྲུག་རྣམས་ཀྱི་དོན་དུ་རྩེད་ཆས་འདྲ་མིན་དང་། དུག་སློག་འདྲ་མིན། དཔེར་ན་གསང་དོར་སྟབས་བདེའི་རིགས་བསྣམས་ནས་ཡོང་བར་སྐབས་དེར་རྒྱ་གར་ལ་གསང་དོར་ནི་རྙེད་སླ་བའི་ཆས་གོས་ཤིག་མིན་པ་དེ་དག་གིས་བུ་ཕྲུག་རྣམས་ལ་དགའ་ཚོར་ཆེན་པོ་བྱུང་།
དེ་ལྟར་མཁས་མཆོག་དཔལ་མོས་སྐུ་ཚེ་འདིར་ཡུལ་གྲུ་གཅིག་ནས་གཅིག་ཏུ་སྤོ་བ་དང་། ཆོས་ལུགས་གཅིག་ནས་གཞན་དུ་འགྱུར་བ་སོགས་བློ་ཡུལ་ལས་འདས་པའི་འགྱུར་བ་མང་པོ་བྱུང་ན་ཡང་། སྐུ་ཚེའི་སྨད་ལ་ཆོས་ལུགས་ནང་པ་དང་། བླ་མ་ཀརྨ་པ་རིག་པའི་རྡོ་རྗེ། བཞུགས་གནས་གཙོ་བོ་ནི་འབྲས་ལྗོངས་དང་། དེ་ཡང་གཙོ་བོ་ཀརྨ་པའི་གདན་ས་རུམ་བཏེག་ཡིན་ཅིང་། རུམ་བཏེག་གི་ལྷ་ཁང་གི་ཐོག་ངོས་སུ་རྒྱལ་བ་ཡབ་སྲས་སོགས་སྤྲུལ་སྐུ་གཞན་རྣམས་དང་མཚུངས་པར་ཨ་ནེ་དཔལ་མོ་ལ་ཡང་གཟིམ་ཆུང་ཡོད་པ་ལ་རུམ་བཏེག་ཧྲིལ་པོར་དགོན་པའི་ནང་དུ་བུད་མེད་ལ་གྲྭ་ཤག་ཡོད་པ་ནི་མཁས་མཆོག་དཔལ་མོ་ཁོ་ན་ཡིན། སྔ་ཕྱིར་རུམ་བཏེག་ཏུ་ཡང་ཡང་ཕེབས་ནས་རྒྱལ་དབང་བཅུ་དྲུག་པའི་མདུན་ནས་དབང་ལུང་ཁྲིད་གསུམ་མང་དུ་གསན་ཅིང་། ཕྱག་རྒྱ་ཆེན་པོ་སོགས་ཀྱི་སྒོམ་སྒྲུབ་དང་། སྒྲོལ་མ་དང་། འོད་དཔག། རྡོ་རྗེ་ཕག་མོ། དུས་ཀྱི་འཁོར་ལོ་ལ་སོགས་པའི་བསྙེན་སྒྲུབ་ཀྱང་ཚད་ལྡན་གནང་། ཕྱི་རྒྱལ་གྱི་མི་རིགས་དང་། ཆབ་སྲིད་ཀྱི་མི་སྣ་ཁག་རྒྱལ་དབང་བཅུ་དྲུག་པའི་མཇལ་བཅར་ལ་སླེབས་པ་ན་ཧྥི་རེ་ཌས་ཞབས་ཕྱི་ཞུས་ཤིང་། རྒྱལ་བའི་ཐུགས་སྲས་བཞི་པོ་བཅས་རུམ་བཏེག་གི་སྤྲུལ་སྐུ་རྣམས་ལ་སྦྱིན་བདག་མཁོ་སྒྲུབ་སོགས་ཀྱང་གནང་བ་དེས། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེས་ཀྱང་ཧྥི་རེ་ཌ་ནི་ཤེས་ཡོན་ཆེ་བ་དང་། ཉམས་ལེན་བཟང་བ། མཐོ་རིམ་མི་སྣ་མང་པོར་འབྲེལ་ཆེ་བ་དེས་རྒྱལ་དབང་བཅུ་དྲུག་པར་ཞབས་ཞུ་གལ་ཆེན་མང་པོ་བསྒྲུབ་གནང་བ། རྒྱ་གར་གྱི་རང་བཙན་རྩོད་ལེན་པ་གལ་ཆེན་ཡིན་པས་རྒྱ་གར་ནང་ཁུལ་དུ་མེ་འཁོར་སོགས་ལ་ཕེབས་སྐབས་འཛིན་ཉོ་མི་དགོས་པ་སོགས་ཀྱི་ཐོབ་ཐང་ཡོད་པ། རིན་པོ་ཆེ་རང་ཉིད་ལ་ཡང་སྐུ་དྲིན་ཆེ་བ་སོགས་ཀྱིས་གླེང་སློང་དང་བསྔགས་བརྗོད་ཡང་ཡང་གནང་བ་ཁོ་བོས་ཐོས་མྱོང་ཡོད། བཤད་མ་དགོས་པར་སྐབས་དེར་ཡང་བོད་ཀྱི་བླ་སྤྲུལ་རྣམས་ཕྱི་རྒྱལ་གྱི་མི་རིགས་རྣམས་ནང་པར་བཅུག་ཐུབ་ན་བཟང་བ་ཙམ་ལས་ནང་བསྟན་དར་སྤེལ་གཏོང་བའི་ལས་འགན་དེ་ཕྱི་རྒྱལ་གྱི་མི་རིགས་ལ་སྤྲོད་པར་བློ་བདེ་བོ་མེད་ཅིང་། བུད་མེད་ལ་ཆོས་ལུགས་ཀྱི་གོ་གནས་གལ་ཆེན་གནང་བ་ནི་ལུགས་སྲོལ་ཕལ་ཆེར་མེད་པ་ཞིག་ཡིན་ན་ཡང་། ཀརྨ་པ་བཅུ་དྲུག་པ་ནི་གཞན་དང་མི་འདྲ་བའི་སྔོན་ཐོན་ཅན་ཞིག་ཡིན་པ་དེས་ཁོང་གིས་ལས་དོན་གལ་ཆེན་དེ་ཉིད་འགྲུབ་པར་ཐོག་མར་མཁས་མཆོག་དཔལ་མོ་ལ་ཧོང་ཀོང་དུ་ཕྱིན་ནས་དགེ་སློང་མ་སྡོམ་པ་ཞུ་དགོས་པའི་ལམ་སྟོན་གནང་སྟེ། དེའི་སྦྱིན་བདག་ནི་འབྲུག་རྒྱལ་པོས་གནང་དགོས་ཚུལ་ཀརྨ་པ་སྐུ་དངོས་ཀྱིས་འབོད་བསྐུལ་གནང་བ་ལ་འབྲུག་རྒྱལ་པོས་ཞལ་བཞེས་གནང་། མ་ཟད་ཀརྨ་པ་མཆོག་སྔ་རྗེས་སུ་ཨ་རི་དང་ཧོང་ཀོང་སོགས་སུ་ཕེབས་སྐབས་དགོངས་འཆར་དེ་ཉིད་ལམ་ལྷོང་ཡོང་བའི་དོན་དུ་གནད་ཡོད་མི་སྣ་རྣམས་ལ་བཀའ་མོལ་ཡང་གནང་སྟེ། སྤྱི་ལོ་༡༩༧༢ ལོར་མཁས་མཆོག་དཔལ་མོ་ཧོང་ཀོང་ལ་ཕེབས་ནས་དགེ་སློང་མའི་སྡོམ་པ་ཡང་བཞེས་པ་དེས་བོད་བརྒྱུད་ནང་བསྟན་པའི་བཙུན་མ་ཞིག་གིས་དགེ་ཚུལ་སློང་གི་སྡོམ་པ་ཆ་ཚང་བ་བཞེས་པ་དང་ཤོས་ཤིག་ལ་ངོས་འཛིན་སྲོལ་ཡོད། དེ་དུས་ཀརྨ་པ་བཅུ་དྲུག་པ་མཆོག་ལ་རྒྱ་བརྒྱུད་ནང་བསྟན་ནས་དགེ་སློང་མའི་སྡོམ་རྒྱུན་བོད་དུ་སྤེལ་བའི་དགོངས་འཆར་ཆེན་པོ་ཡོད་ན་ཡང་ཐུགས་རེ་བཞིན་གྲུབ་མེད་པར་བཤད། རྒྱ་བརྒྱུད་ནང་བསྟན་གྱི་ལུགས་སུ་སྡོམ་པ་བཞེས་པ་ན་མགོ་ལ་ལྕགས་ཚ་བོས་རྟགས་འགོད་སྲོལ་ཡོད་པ་ལ། སྐབས་དེར་མཁས་མཆོག་དཔལ་མོས་སངས་རྒྱས་དང་རང་གི་རྩ་བའི་བླ་མ་རྒྱལ་དབང་ཀརྨ་པ་གཉིས་པོ་དབྱེར་མེད་པར་རྩེ་གཅིག་ཏུ་བསྒོམས་ནས་གསོལ་བ་བཏབ་པས་སེམས་ལ་ཞི་བདེ་ལས་ན་ཟུག་ཕྲན་བུ་ཡང་མ་བྱུང་ཚུལ་ཁོང་གིས་གསུངས།
དེ་ནས་ཁོང་གིས་ནང་བསྟན་འཛམ་གླིང་རང་བཞིན་དུ་ཁྱབ་སྤེལ་གནང་བའི་ཕྱག་ལས་གལ་ཆེན་མང་པོ་ཞིག་བསྒྲུབ་གནང་བ་སྟེ། དེ་ཡང་དགེ་སློང་མའི་སྡོམ་པ་བཞེས་པའི་ལོ་དེ་རང་དུ་ཁོང་ལ་ལྷོ་ཨ་ཧྥི་རི་ཀ་ནས་གདན་འདྲེན་འབྱོར་ཞིང་། སྐབས་དེར་ལྷོ་ཨ་ཧྥི་རི་ཀ་ནི་མི་རིགས་ནག་པོའི་ལུང་པ་དང་། ཆོས་ལུགས་ཡེ་ཤུའི་དར་ཁྱབ་ཆེ་བ་ལ། མཐོ་རིམ་མི་སྣ་རྣམས་མི་རིགས་དཀར་པོ་ཡིན་པ་དེས་སྐབས་དེར་ལྷོ་ཨ་ཧྥི་རི་ཀ་ནི་མི་རིགས་དབྱེ་འབྱེད་ཀྱི་འགལ་འདུ་ཧ་ཅང་ཚབས་ཆེ་བའི་ལུང་པ་ཞིག་དང་། ཡུལ་དེའི་དབུ་ཁྲིད་རླབས་ཆེན་ Nelson Mandela ནེལ་སོན་མན་ཌེ་ལ་ནི་ད་དུང་བཙོན་དུ་བཞུགས་བཞིན་པའི་སྐབས་ཡིན་པས་མི་ཕལ་པ་རྣམས་ལྷོ་ཨ་ཧྥི་རི་ཀར་ཐོང་མཆན་ཐོབ་པ་དཀའ་ན་ཡང་རྒྱལ་དབང་ཀརྨ་པས་ཕྱག་རོགས་གནང་སྟེ་ལྷོ་ཨ་ཧྥི་རི་ཀར་ཕེབས་ཐུབ་པ་བྱུང་། མཁས་མཆོག་དཔལ་མོས་གུས་བརྩི་ཆེ་བའི་མ་ཧཱཏྨཱ་གན་དྷིའི་འཚེ་མེད་ཞི་བའི་རིང་ལུགས་ཀྱང་གན་དྷི་ལྷོ་ཨ་ཧྥི་རི་ཀར་བཞུགས་སྐབས་དབུ་བརྙེས་པ་ཞིག་ཡིན་པས་ན་ལྷོ་ཨ་ཧྥི་རི་ཀ་དང་མཁས་མཆོག་དཔལ་མོའི་བར་དུ་འབྲེལ་བ་ཟབ་མོ་ཡོད། ལོ་དེར་མཁས་མཆོག་དཔལ་མོ་ལྷོ་ཨ་ཧྥི་རི་ཀར་ཕེབས་པ་ན་དེ་དུས་ལྷོ་ཨ་ཧྥི་རི་ཀར་ནང་པ་མི་ཉུང་བ་ཡོད་ན་ཡང་། ཁོང་ནི་སྐབས་དེར་ལྷོ་ཨ་ཧྥི་རི་ཀར་ཡོད་པའི་ནང་པའི་རབ་བྱུང་གཅིག་པུ་དེ་ཡིན་པའི་གྲགས་པ་བྱུང་། ཁོང་གིས་མཐོ་སློབ་དང་། ལྷ་ཁང་། སྒེར་གྱི་ཁྱིམ་ཚང་སོགས་སུ་ཕེབས་ནས་རང་ཉིད་སྒེར་གྱི་མི་ཚེའི་ལོ་རྒྱུས་དང་། ཡིད་བཞིན་ནོར་བུ་སོགས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་བཅས་ངོ་སྤྲོད་གནང་ཞིང་། དམིགས་བསལ་རང་ཉིད་ཀྱི་རྩ་བའི་བླ་མ་རྒྱལ་བ་ཀརྨ་པའི་ཐུན་མོང་མ་ཡིན་པའི་ཡོན་ཏན་དང་། རྗེ་བཙུན་མི་ལ་རས་པའི་མགུར་སོགས་ལ་བརྟེན་ནས་ནང་ཆོས་ངོ་སྤྲོད་གནང་བ་དང་འབྲེལ། ལས་དང་པོ་པ་རྣམས་ལ་སྐྱབས་འགྲོའི་སྡོམ་པ་སོགས་གནང་ཞིང་། དབྱིན་སྐད་ཀྱི་ནང་ནས་འོད་དཔག་གི་ཆོ་ག་ཡང་བཙུགས་པ་དང་། སྒེར་གྱི་ཁྱིམ་ཚང་གཙོ་བོར་གྱུར་པ་ལ་ཀརྨ་ཀམ་ཚང་གི་ཆོས་ཚོགས་ཆེ་ཆུང་ཡང་མི་ཉུང་བ་བཙུགས། འདི་ཙམ་ནས་བཟུང་མཁས་མཆོག་དཔལ་མོས་སློབ་མ་བསྐྱངས་པ་ལ། སྔ་རྗེས་སུ་ནུབ་ཕྱོགས་ཀྱི་མི་རིགས་ནང་ཆོས་སྤྱི་དང་བོད་བརྒྱུད་ནང་བསྟན་བྱེ་བྲག་ལ་ཞུགས་པ་ཕོ་མོ་འཛམ་གླིང་ཐོག་སྙན་གྲགས་ཆེ་བ་མང་དུ་བྱུང་།
ད་དུང་དམིགས་བསལ་རྒྱལ་དབང་བཅུ་དྲུག་པས་བཀའ་ལུང་གནང་བ་ལྟར་ཨ་ནེ་དཔལ་མོས་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ཡི་ནང་གི་གཅིག་སྟེ་སེང་ལྡེང་ནགས་ཀྱི་སྒྲོལ་མ་དང་། རྡོ་རྗེ་སེམས་དཔའ། ཤེས་རབ་ཕར་ཕྱིན་མ་བཅས་ཀྱི་བཀའ་དབང་ཡང་གནང་། ཁོང་ནི་བོད་བརྒྱུད་ནང་བསྟན་ལ་ཞུགས་རྗེས་སྤྱིའི་ལུགས་སྲོལ་ལྟར་གནད་དོན་ཆེ་ཆུང་གང་ཡིན་ཀྱང་རང་གི་རྩ་བའི་བླ་མ་རྒྱལ་དབང་ཀརྨ་པས་གང་གསུངས་ལས་མི་སྒྲུབ་མཁན་ཞིག་ཡིན་པས་ན་ཐ་ན་ཁོང་གིས་ཕྱི་དྲོ་སྐུ་གཟུགས་མི་ཁྲུས་པ་ཡང་ཐེངས་ཤིག་ཀརྨ་པས་ཕྱི་དྲོ་གཟུགས་པོ་ཁྲུས་ན་ལུས་ལ་གནོད་ཚུལ་གསུངས་མྱོང་ཡོད་པའི་རྒྱུ་མཚན་གྱིས་ཡིན་པར་བཤད། ནུབ་ཕྱོགས་ཀྱི་མི་རིགས་ནང་པར་ཞུགས་པ་མི་ཉུང་བ་ཞིག་གིས་ཚོད་རན་ཙམ་གྱིས་ཞུགས་སྲོལ་ཡོད་ན་ཡང་། ཧྥི་རེ་ཌ་ནི་ཕྱག་ལས་གང་གནང་ན་ཡང་བློ་གཅིག་སེམས་གཅིག་གིས་གནང་མཁན་ཡིན་པའི་གྲགས་པ་ཡོད་པ་བཞིན་ཁོང་གིས་ནང་ཆོས་ལ་ཞུགས་པ་ན་ཡང་ལྟ་སྒོམ་སྤྱོད་གསུམ་གའི་ཐོག་ནས་ནང་པ་སྤྱི་དང་བྱེ་བྲག་ཏུ་བོད་བརྒྱུད་ནང་བསྟན་ལ་ཞུགས་པ་ཞིག་ཡིན་པས་ན། བླ་མ་ལ་དད་མོས་ཆེ་བའི་བོད་རིགས་ནང་པ་སྤྱིར་བཏང་བ་རྣམས་དང་མཚུངས་པ་དེས་ཐེངས་ཤིག་རང་གི་སྲས་མོས་ཨ་མ་ཁྱོད་ནི་ཤེས་ཡོན་ཅན་དང་ཆབ་སྲིད་མི་སྣ། ཨོཀ་སི་ཧྥོར་ཌི་ནས་སློབ་མཐར་ཕྱིན་པ་ཞིག་ཡིན་ན་ཡང་ད་ལྟའི་ཆར་བྱ་བ་ཆེ་ཆུང་གང་བྱས་ན་ཡང་རང་གི་བླ་མ་ཁོང་ལ་བཀའ་འདྲི་མ་ཞུས་པར་བྱེད་མི་ཤེས་པ་དེ་གང་འདྲ་ཞིག་རེད་ཅེས་སྐྱོན་བརྗོད་ཀྱང་བྱ་མྱོང་ཡོད་ན། བླ་མ་ལ་དེ་ལྟ་བུའི་དད་པ་ཡོད་པའི་མི་ཞིག་གིས་བླ་མའི་ཆོག་མཆན་མེད་པར་དབང་གནང་བ་སོགས་ནི་ག་ལ་སྲིད། ད་ལྟ་ང་ཚོ་ལྟ་བུ་དུས་རབས་ཉེར་གཅིག་པའི་ལོ་རབས་གཉིས་པ་དང་གསུམ་པར་སླེབས་ཟིན་ཀྱང་། ནུབ་ཕྱོགས་ཀྱི་མི་རིགས་དང་དེ་ཡང་བུད་མེད་ཅིག་གིས་དབང་གནང་བ་ལ་བློ་མི་བདེ་བ་ཕྲན་བུ་འབྱུང་གི་ཡོད་ན་སྐབས་དེར་སྤྱི་ལོ་༡༩༧༠ འི་ནང་དུ་ཡང་ཀརྨ་པ་བཅུ་དྲུག་པ་ནི་ནང་ཆོས་རང་གི་ངོས་ནས་བཤད་ན་མི་རིགས་དང་ཕོ་མོའི་ས་མཚམས་མེད་པའི་དགོངས་བཞེད་ཡོད་པ་ཙམ་དུ་མ་ཟད་ལག་ལེན་དངོས་ལ་འགེལ་ཐུབ་མཁན་ཞིག་ཡིན་པ་གསལ་པོར་མཐོང་ཐུབ་ཅིང་། དུས་རབས་ཀྱི་ངོས་ནས་བཤད་ན་བླ་མ་ཀརྨ་པ་དང་སློབ་མ་མཁས་མཆོག་དཔལ་མོ་གཉིས་ཀ་གཞན་དང་མི་འདྲ་བ་ཡིན་པ་ཡང་རྟོགས་ཐུབ། ནང་ཆོས་རང་གི་ངོས་ནས་བཤད་ན་དབང་གནང་བར་མ་མཐར་ཡང་གྲངས་ཚད་ཀྱི་བསྙེན་པ་སྐྱེལ་དགོས་པ་དང་། བསྐྱེད་རིམ་དང་ཆོ་ག་ལ་བྱང་དགོས་པ། བླ་མའི་གནང་བ་དགོས་པ་སོགས་ཡིན་པ་ལ་ཆ་རྐྱེན་དེ་དག་ནི་ཨ་ནེ་དཔལ་མོ་ལ་འཛོམས་ཡོད་ན་ཡང་ད་དུང་ཡང་ང་ཚོས་དེ་ལ་ཐལ་དྲགས་པར་མཐོང་ན་ང་ཚོའི་རྒྱུད་ལ་ད་དུང་ཡང་མི་རིགས་ཀྱི་ཕྱོགས་རིས་དང་། ཕོ་མོའི་དབྱེ་འབྱེད་ཡོད་པ་ནི་གསལ་པོ་ལ། ཆ་རྐྱེན་གལ་ཆེ་བ་ཕལ་མོ་ཆེ་མེད་པར་སྤྲུལ་སྐུ་ཆུང་ངུ་དག་ཁྲི་ལ་བཞག་སྟེ་དབང་གནང་རྐྱང་ཞུ་རྐྱང་བྱེད་པ་སོགས་ལ་ང་ཚོས་དོགས་པ་དང་རྣམ་རྟོག་གང་ཡང་མེད་པ་ནི་གཞན་གང་ཡང་མིན་པར་ང་ཚོ་ལུགས་སྲོལ་རྙིང་པ་ལ་གོམས་དྲག་པ་ཙམ་མོ།།
དེ་རྗེས་མཁས་མཆོག་དཔལ་མོས་ཀརྨ་པ་བཅུ་དྲུག་པ་མཆོག་གདན་འདྲེན་པའི་སྒོ་ནས་ནང་བསྟན་ནུབ་ཕྱོགས་སུ་སྤེལ་བར་ཕྱག་ལས་གལ་ཆེན་མང་པོ་བསྒྲུབ་གནང་བ་ཡང་། རྒྱལ་བ་ཀརྨ་པའི་དགོངས་བཞེད་དང་མཐུན་པར་མཁས་མཆོག་དཔལ་མོས་སྤྱི་ལོ་༡༩༦༣ ལོར་དྲུང་པ་རིན་པོ་ཆེ་དང་ཨ་དཀོན་རིན་པོ་ཆེ་གཉིས་དབྱིན་ལན་ཌི་ལ་མངགས་གཏོང་གནང་ཞིང་། དེ་ལ་བརྟེན་ནས་སྤྱི་ལོ་༡༩༦༧ ལོར་ཡུ་རོབ་ལ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་དང་པོ་བསམ་ཡས་གླིང་གི་གཞི་ཚུགས། དེ་རྗེས་སྤྱི་ལོ་༡༩༧༠ ལོར་ཆོས་རྒྱམ་དྲུང་པ་ཨ་རི་ལ་ཕེབས་ནས་ཁོང་ནི་ཨ་རི་ལ་བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་རྡོ་རྗེ་ཐེག་པ་སྤེལ་མཁན་གྱི་གཙོ་བོ་ཐོག་མར་གྱུར་ཅིང་། ༡༩༧༣ ཙམ་དུ་ཤམ་བྷ་ལ་ཡི་ཚོགས་པ་ཡང་དབུ་བརྙེས། མཁས་མཆོག་དཔལ་མོས་དྲུང་པ་རིན་པོ་ཆེ་ལ་ཆུང་དུས་ནས་གཟིགས་མཐོང་དམིགས་བསལ་ཡོད་པ་དེས་ཁོང་གིས་སྤྲུལ་སྐུ་གཞན་རྣམས་གྲྭ་པ་ལོག་པར་ཐུགས་ཕམ་ཆེན་པོ་གནང་ན་ཡང་དྲུང་པ་ལ་མུ་མཐུད་རྒྱབ་སྐྱོར་གནང་། ད་ཆ་བོད་བརྒྱུད་ནང་བསྟན་གྱིས་ནུབ་ཕྱོགས་ཀྱི་ལུང་པར་ས་ཆ་གང་འཚམས་ཟིན་ཡོད་པས་ན་མཁས་མཆོག་དཔལ་མོ་གཙོ་བོར་གྱུར་པའི་གནད་ཡོད་མི་སྣ་མང་པོས་འབོད་བསྐུལ་ཞུས་པ་ལྟར་སྤྱི་ལོ་༡༩༧༤ ལོ་ནས་༡༩༧༦ བར་སྔ་རྗེས་སུ་རྒྱལ་དབང་བཅུ་དྲུག་པ་ཉིད་ཨ་རི་དང་ཡུ་རོབ་ཀྱི་ཡུལ་གྲུ་མང་པོར་ཕེབས་ནས་བོད་བརྒྱུད་ནང་བསྟན་གྱི་བླ་མ་དང་། སྤྲུལ་པའི་སྐུ་ཞེས་པ་ནི་གཞན་དང་མི་འདྲ་བ་ཡིན་པའི་ངེས་ཤེས་གསལ་པོ་བསྐྲུན་ཐུབ་པ་བྱུང་། ད་དུང་མཁས་མཆོག་དཔལ་མོས་འབྲེལ་བ་གནང་སྟེ་ཀརྨ་པ་བཅུ་དྲུག་པ་དང་ཡེ་ཤུའི་བླ་ཆེན་པོཔ་རྗོན་པོལ་རྣམ་གཉིས་མཇལ་འཕྲད་བྱུང་བ་ལ། སྐབས་དེར་པོབ་ཀྱིས་ཀརྨ་པ་བཅུ་དྲུག་པ་ལ་ His Holiness ཆོས་རྗེ་ཞེས་པའི་ཆེ་བརྗོད་དངོས་སུ་གནང་ཚུལ་བླ་ཆེན་པོབ་ཀྱི་བླ་བྲང་གི་ཚགས་ཤོག་ཐོག་འཁོད། མཁས་མཆོག་དཔལ་མོ་རང་གིས་ཀྱང་ནང་པའི་གཟུངས་སྔགས་དང་ཡི་དམ། ད་དུང་རྒྱུད་བླ་མ་སོགས་འཆད་ཁྲིད་གནང་ཞིང་། སྔ་རྗེས་སུ་སྒྲོལ་མ་དང་། རྡོ་རྗེ་རྣལ་འབྱོར་མ་དང་ནི་གུ་མ་བཅས་ཀྱི་དབང་དང་། ནཱ་རོ་ཆོས་དྲུག་གི་ཁྲིད་ཀྱང་གནང་བ་དང་། ད་དུང་ཨ་རི་ལ་ཆོས་ཚོགས་ཀྱང་བཙུགས་གནང་།
སྤྱི་ལོ་༡༩༧༥ ལོར་མཁས་མཆོག་དཔལ་མོའི་སྙུན་གཞི་ཇེ་སྡུག་གིས་དབུགས་གཏོང་ལེན་ཀྱང་སྐུ་ངལ་ཡོད་པ་དང་། སྨན་པས་སྙིང་མི་བདེ་བ་ཡོད་ཚུལ་ཞུས། རྒྱལ་དབང་ཀརྨ་པའི་མཛད་རིམ་གོ་སྒྲིག་གནང་བཞིན་དུ་ཡུ་རོབ་ཀྱི་ལུང་པ་ཧྥ་རན་སི་ལ་འབྱོར་བ་ན་སྐུ་ངལ་ཆེ་ཞིང་སྙུན་གཞི་ལྕི་བས་ཕྱག་ལས་མུ་མཐུད་གནང་ཐབས་མེད་པར་གྱུར་ན་ཡང་། རྒྱལ་དབང་ཀརྨ་པ་ལ་བརྟེན་ནས་མི་གྲངས་སྟོང་ཕྲག་མང་པོའི་རྒྱུད་ལ་ཐར་པའི་ས་བོན་བསྐྲུན་ཐུབ་པ་བྱུང་སོང་གསུངས་ནས་ཐུགས་ཧ་ཅང་བདེ་བོ་གནང་། དེ་ནས་རྒྱ་གར་དུ་ལོག་ཕེབས་ནས་རུམ་བཏེག་ཏུ་འབྱོར། རུམ་བཏེག་གི་དགོན་པ་ནས་ཅུང་མི་རིང་བའི་སར་རི་ངོས་ཤིག་ཏུ་སྟབས་བདེའི་གཟིམ་ཆུང་ཞིག་བརྒྱབ་པ་ད་ལྟ་ཡང་ཡོད། དེ་ལ་ཞབས་ཕྱི་ཁུ་ནུ་ནས་ཡིན་པ་ཨ་ནེ་པདྨ་བཟང་པོ་ཞེས་པས་ཞུས་ཏེ་སྐུ་ཚེ་ལྷག་མར་མཚམས་བསྙེན་སྒྲུབ་དང་། རྩོམ་ཡིག་དང་འཕྲིན་ཡིག་འབྲི་བ་སོགས་ཀྱིས་དུས་འདའ་བར་མཛད་པ་ལ། རུམ་བཏེག་ཏུ་བཞུགས་སྐབས་ནམ་རྒྱུན་ཁོང་གི་ཉིན་རེའི་མཛད་རིམ་ཡང་སྔ་དྲོ་ཆུ་ཚོད་བཞི་པ་ནས་བཅུ་གཅིག་ཡས་མས་བར་སྒོམ་ཉམས་ལེན་དང་། ཕྱི་དྲོ་ཐོས་བསམ་དང་ཕྱག་ལས་གཞན། དགོང་མོ་སླར་ཡང་ཆུ་ཚོད་བརྒྱད་པ་ནས་བཅུ་གཅིག་གི་བར་དུ་སྒོམ་ཉམས་ལེན་གནང་སྲོལ་ཡོད། རུམ་བཏེག་ལ་བཞུགས་སྐབས་ཁོང་གི་གྲོགས་པོ་རྙིང་པ་ཞིག་རུམ་བཏེག་ཏུ་སླེབས་ནས་ཁྱེད་ཀྱིས་འདི་ཙམ་བློས་བཏང་བ་ལ་འགྱོད་པ་མེད་དམ་ཞེས་དྲིས་པ་ན། མཁས་མཆོག་དཔལ་མོས་ལན་དུ། “ཁྱོད་ཀྱིས་ཧ་གོའམ། ང་ལ་འགྱོད་པ་གང་ཡང་མེད། གང་ཡིན་ཟེར་ན་གང་ཞིག་བློས་གཏོང་དགོས་པ་ནི་བཏང་བ་ཡིན། དེ་ཚོ་ཀུ་ཤུ་ཤིང་སྡོང་ལས་ལྷུང་བ་ལྟར་རང་བཞིན་གྱིས་ཟགས་སོང་། ང་ཚོས་ང་ཚོར་སེམས་ཐག་ཉེ་ཞིང་བརྩེ་སེམས་ཆེ་བ་རྣམས་ལ་བརྩེ་བ་བྱེད་པ་དེ་སྤོང་དགོས་པ་མ་ཡིན་པར། ང་ཚོས་ཞེན་ཆགས་སྤོང་དགོས་ལ། དེ་ནི་སྐད་ཆ་ཐ་དད་གཉིས་རེད།” ཅེས་གསུངས། དགུང་གྲངས་དྲུག་ཅུ་རེ་ལྔ་ལ་ཕེབས་པ་ན། རྒྱ་གར་གྱི་སྲིད་བློན་ལྕམ་ཨིན་དྲ་གན་དྷིས་ཁོང་ལ་རྒྱ་གར་ལ་བྱས་རྗེས་ཆེ་བའི་ཕྱི་རྒྱལ་གྱི་བུད་མེད་གཙོ་བོ་ཡིན་པའི་གཟེངས་རྟགས་ཕུལ་བ་ལ། ཐོག་མར་ཕྱི་རྒྱལ་གྱི་བུད་མེད་ཅེས་པའི་ཚིག་ལ་ཐུགས་མཉེས་པོ་མ་གནང་ཡང་ཕྱིས་སུ་གཟེངས་རྟགས་དེ་ཉིད་ལ་དང་ལེན་གནང་ཞིང་སྤོབས་པ་ཆེན་པོས་ཁྱབ་བསྒྲགས་ཀྱང་གནང་།
དེ་ནས་ཀོལ་ཀ་ཏ་ལ་རང་གི་སྲས་དང་སྲས་མོ་རྣམས་ཀྱི་ལྷན་དུ་ཡེ་ཤུ་སྟོན་པའི་འཁྲུངས་སྐར་དང་འབྲེལ་བའི་དུས་དྲན་སྲུང་རྩི་གནང་བར་ལྷན་འཛོམས་གནང་རྗེས་སྤྱི་ལོ་༡༩༧༧ ལོར་སངས་རྒྱས་མངོན་པར་སངས་རྒྱས་པའི་གནས་རྡོ་རྗེ་གདན་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཝ་ར་ཎ་སི་སོགས་ལ་གནས་མཇལ་གནང་རྗེས་རུམ་བཏེག་ཏུ་ལོག་ཕེབས། དེ་རྗེས་རྒྱ་གར་གྱི་རྒྱལ་ས་དྷི་ལིར་འཛམ་གླིང་ནང་པའི་ཚོགས་འདུ་ཞིག་ལ་བཅར་བར་ཕེབས་པ་ན་ Oberoi ཨོ་རྦེ་རའི་སྐར་ལྔའི་རྟགས་ཅན་གྱི་མགྲོན་ཁང་ལ་བཞུགས་ཤིང་། དེར་གནད་ཡོད་མི་སྣ་མང་པོར་མཇལ་འཕྲད་གནང་བ་ན། མ་འོངས་པར་བོད་རིགས་སྤྱི་དང་ལྷག་པར་བོད་རིགས་ཀྱི་བུད་མེད་རྣམས་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་གཏོང་བར་རོགས་རམ་བྱ་བའི་དགོངས་འཆར་ཡོད་ཚུལ་ཐད་བགྲོ་གླེང་གནང་རྗེས་ལོ་དེའི་སྤྱི་ཟླ་༣ ཚེས་༢༨ ཀྱི་དགོང་མོ་དེར་རང་གི་ཞབས་ཕྱི་པདྨ་བཟང་མོ་ལ་བརྔན་པ་དང་དངུལ་སོགས་སུ་དང་སུ་ལ་སྤྲོད་དགོས་ཚུལ་སོགས་རྩིས་སྤྲོད་གནང་རྗེས། པདྨ་བཟང་མོ་རང་ལ་བཙུན་མའི་རྔུལ་ལེན་བཟོ་ཆེད་དུ་རས་སེར་པོ་ཞིག་གནང་ནས་ཆོས་ལེགས་པོ་བསྒྲུབ་པའི་བསླབ་བྱ་གནང་། དེ་རྗེས་མཁས་མཆོག་དཔལ་མོ་རང་ཉིད་ཀྱིས་ན་བཟའ་སྤུས་ལེགས་ཤིག་བཞེས་རྗེས་སྔར་རྒྱལ་དབང་ཀརྨ་པས་ཁོང་ལ་གསུང་འཕྲིན་དུ་གནང་བའི་འཁོར་ཐག་ཅིག་བཏང་ནས་སྒོམ་ལ་ཞུགས་བཞིན་དུ་ཅུང་ཙམ་གྱི་རྗེས་སུ་གློ་བུར་དུ་སྐུ་གཤེགས་པ་ན་ཆོས་པ་ཚད་ལྡན་ལྟར་ཐུགས་དམ་ལ་ཡང་བཞུགས་པར་གྲགས། འཛམ་གླིང་གི་ས་ཆ་གང་ས་ནས་མྱ་ངན་གྱི་གདུང་སེམས་གནང་མཁན་དང་། ཐུགས་གསོའི་འཚམས་འཕྲིན་སོགས་གནང་མཁན་ཧ་ཅང་མང་པོ་བྱུང་ཞིང་། རྒྱལ་དབང་བཅུ་དྲུག་པས་སྐུ་གདུང་རུམ་བཏེག་ལ་གདན་འདྲེན་དགོས་པའི་བཀའ་གནང་ན་ཡང་། སྲས་རྣམས་ཀྱིས་གནམ་གྲུའི་ནང་དུ་དབོར་སྟབས་བདེ་མིན་གྱི་སེམས་ཁྲལ་གྱིས་དྷི་ལི་རང་དུ་སྐུ་གདུང་ཞུགས་ལ་ཕུལ་བ་ལ་ཕྱིས་སུ་སྲས་རྒན་པས་དེ་ལ་འགྱོད་པ་ཆེན་པོ་ཡོད་ཚུལ་གསུངས། ཁོང་གི་སྲས་ཀ་རྦིར་དང་ཞབས་ཕྱི་པདྨ་བཟང་མོ་གཉིས་ཀྱིས་གདུང་ཐལ་སོགས་རུམ་བཏེག་ཏུ་སྤྱན་དྲངས་ནས་ཀརྨ་པའི་ཕྱག་ཏུ་ཕུལ་བ་དང་། ཀརྨ་པའི་བཀའ་དགོངས་འོག་རུམ་བཏེག་ཏུ་ཞག་ཞེ་དགུའི་རིང་འདས་མཆོད་ཀྱང་ཚུགས།
དེ་ལྟར་ཧྥི་རེ་ཌ་རྦེ་དིའམ་དགེ་སློང་མ་མཁས་མཆོག་དཔལ་མོ་ཁོང་ནི་སྐུ་གཟུགས་རིང་ལ། སྐུ་སྟོབས་ཆེ་བ། གསུང་སྐད་ཀྱང་ཆེ་བ་ཞིག་དང་། གཙོ་བོ་གདེངས་ཚོད་དང་སྙིང་སྟོབས་གཉིས་ཀ་ཆེ་བའི་བུད་མེད་ཅིག་ཡིན་པར་གྲགས། དབྱིན་སྐད་དང་། ཧྥ་རན་སི། ལེ་ཊིན། ཧིན་དྷི་སོགས་སྐད་རིགས་མང་ཙམ་མཁྱེན་པ་དང་། བོད་སྐད་ཀྱང་མཁྱེན་པའི་ཐོག་བོད་ཡིག་འབྲི་ཀློག་དགོངས་པས་ན་ཁོང་གི་བོད་ཡིག་གི་ཡིག་གཟུགས་ནི་ཧ་ཅང་ཡག་པོ་ཡོད་སྐད། སྔ་རྗེས་སུ་ཀརྨ་བཀའ་བརྒྱུད་པའི་འདོན་ཆོག་དང་། ཕྱག་ཆེན་དང་འབྲེལ་བའི་ཁྲིད་ཡིག་འགའ་ཤས་ཀྱང་དབྱིན་ཡིག་ལ་བསྒྱུར་གནང་མཛད་པ་ལ། ཁོང་གིས་བསྒྱུར་མཛད་པ་ཕལ་མོ་ཆེ་ནི་སྟབས་མ་ལེགས་པར་ཏེ་ལོ་ཕུག་བཙུན་དགོན་དུ་བཞུགས་སྐབས་རྩྭ་ཁང་མེར་ཤོར་བ་ན་ལྷན་དུ་མེ་ལ་ཤོར། ཅུང་ལྷག་མར་ལུས་པ་རྣམས་མི་རིགས་དཀར་པོ་ནང་ཆོས་ལ་གསར་དུ་ཞུགས་མ་ཐག་པ་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་། ཁོང་ནི་རྒྱུན་དུ་སྙིང་སྟོབས་ཆེ་ཞིང་། དབང་ཡོད་ཚ་ཙམ་ཡོད་པ་ཞིག་ཡིན་ན་ཡང་། ཐུགས་བྱམས་པ་ལ་ནི་རྩོད་པ་མེད། སྤྱང་གྲུང་འཛོམས་པ་དེ་ལྟར་ཡིན་ན་ཡང་། སྐབས་དང་སྐབས་སུ་ལྐུགས་པའི་ཨུ་ཚུགས་ལྟ་བུ་ཡང་མང་ཙམ་གནང་མཁན་ཞིག་དང་། ཕྲུ་གུ་རྣམས་ཀྱིས་གསུངས་ན་ཁོང་གི་ཞན་ཆ་ཆེ་ཤོས་ཤིག་ནི་ཁོང་གིས་མི་སུར་ཡང་བཟང་པོ་ཞིག་ཡིན་པའི་ཡིད་ཆེས་ཆེ་བ་དེས་སུ་ཞིག་གིས་རྩིས་ཕྲ་སོགས་གཙང་མ་བྱེད་ཀྱི་མེད་པའི་གནས་ཚུལ་ཞུས་ཀྱང་ཡིད་ཆེས་གཏན་ནས་མ་གནང་བ་དེ་འདྲ་བྱུང་ཡོད། རྒྱ་གར་དང་བོད་རིགས་ཀྱི་ཉམས་ཐག་མང་པོར་ཁོང་ནི་མ་ཡུམ་དངོས་ལྟར་བཀའ་དྲིན་ཆེ་བས་ན་ཚང་མས་ཁོང་ལ་ཨ་མའམ་མམ་མི་ལགས་ཞེས་འབོད་སྲོལ་ཡོད་ན་ཡང་། ཁོང་གིས་རང་གི་སྲས་དང་སྲས་མོ་རྣམས་ནི་ཕ་མ་ཚད་ལྡན་ལྟར་བདག་སྐྱོང་གནང་ཐུབ་ཡོད་མེད་ཀྱང་བཤད་དཀའ་བ་སྟེ། སྲས་གཅིག་ནི་ཁོང་གིས་རྒྱ་གར་རང་བཙན་གྱི་ལས་འགུལ་སྤེལ་བཞིན་སྐབས་གྲོངས་ཤོར་བ་དང་། སྲས་ཀ་རྦིར་ཡང་བར་སྐབས་ཤིག་སློབ་ཡོན་གྱི་དངུལ་མེད་པའི་དཀའ་ངལ་ཆེ་བ་ལ་མ་ཡུམ་ལ་དེའི་སྐོར་ཞུས་པར་མ་ཡུམ་གྱིས་ང་ནི་ད་ལྟ་ཆོས་ལ་ཞུགས་ཟིན་པས་དངུལ་མེད་ན་ཡང་འབྲས་ལྗོངས་རྒྱལ་པོ་ང་ཡི་གྲོགས་པོ་ཡིན་པས་ཁྱོད་རང་ཁོང་གི་སར་སོང་ན་ཁོང་གིས་ཁྱོད་ལ་རོགས་རམ་གནང་སྲིད་ཅེས་གསུངས་པ་བཞིན་ཀ་རྦིར་འབྲས་ལྗོངས་ལ་སོང་ནས་རྒྱལ་པོ་ལ་དེའི་སྐོར་སྙན་སེང་ཞུས་པས་རྒྱལ་པོས་དངུལ་ཅི་ཙམ་དགོས་གསུངས། ཀ་རྦིར་གྱིས་ཁྲི་གཉིས་དགོས་ཞེས་བཤད་པར། རྒྱལ་པོས་གད་མོ་དང་བཅས་ཏེ་དེ་ཙམ་གྱིས་འདང་ངམ་གསུངས་པ་ལ། ཕྱིས་སུ་ཀ་རྦིར་གྱིས་སྐབས་དེ་དུས་དངུལ་སློང་རྒྱུ་ཅུང་ཉུང་བ་ལ་འགྱོད་པ་ཡོད་ཚུལ་བཤད། སྲས་མོ་རྒུ་ལི་ནི་ལོ་ལྔ་ལ་སོན་པ་ན་ཁྱིམ་དུ་མ་བཞག་པར་གཏན་སྡོད་སློབ་གྲྭར་མངགས་པར་སྲས་མོས་དུས་ཡུན་རིང་པོར་མ་ཡུམ་ལ་འཁང་ར་ཅུང་ཡོད་ཀྱང་། རྗེས་སུ་ནར་སོན་པ་ན་ཧྥི་རེ་ཌ་ཡིས་དེ་ནི་ཁོང་གིས་སྤྱི་ཚོགས་མང་པོར་རྒྱུས་ལོན་ཡོད་པ་ལ་བུ་མོ་ལོ་ཆུང་མང་པོ་ཞིག་ཆུང་དུས་གཉེན་ཚན་དང་། ཁྱིམ་སྡོད་གཡོག་པོ་སོགས་ཀྱིས་བཙན་གཡེམ་བྱས་པ་མང་བས་དེ་འདྲ་མི་ཡོང་བའི་དོན་དུ་ཡིན་པར་གསུངས་པས་སྲས་མོ་ཐུགས་བློ་བདེ་བར་གྱུར།
མཁས་མཆོག་དཔལ་མོས་སྐུ་ཚེའི་སྟོད་ལ་གཙོ་བོ་རྒྱ་གར་གྱི་མི་རིགས་དང་། སྨད་ལ་གཙོ་བོ་བོད་རིགས་དང་བོད་བརྒྱུད་ནང་བསྟན་པ་ཁོ་ནའི་ཆེད་དུ་སྐུ་ལས་བསྐྱོན་པ་དེས་བོད་མི་མང་པོ་ཞིག་གིས་སྒྲོལ་མའི་སྤྲུལ་པ་ཡིན་པར་བཤད་རབས་ཡོད། སྒྲོལ་མའི་སྤྲུལ་པ་ཡིན་མིན་གང་ལྟར་ཡང་གལ་ཆེ་ཤོས་ནི་སྒྲོལ་མའི་སྤྲུལ་པ་རེད་ཅེས་བརྗོད་ན་ཡང་འོས་ཤིང་འཚམས་པ་ཞིག་ཡིན་པ་སྟེ། ཁོང་གི་ཁྱིམ་ཚང་དུ་བོད་རིགས་གཙོ་བོར་གྱུར་པའི་རོགས་རམ་སློང་མཁན་གྱིས་རྟག་ཏུ་གང་ནས་ཡོད་ཅིང་། སྤྲུལ་སྐུ་ཆུང་ངུ་རྣམས་ལྟ་བུ་རོགས་སྐྱོར་གནང་ས་རྣམས་སྐབས་དང་སྐབས་མང་པོར་རང་གི་ཁྱིམ་ཚང་དུ་གསོ་སྐྱོང་གནང་བ་དེས་རང་གི་སྲས་དང་སྲས་མོ་རྣམས་ལ་ཡང་ཉལ་ཁང་སོགས་མ་འདང་བའི་དཀའ་ངལ་རྟག་ཏུ་འཕྲད་ཀྱི་ཡོད། ཆེ་ཆུང་དང་ཕོ་མོ་སུ་ཡིན་ལ་མ་ལྟོས་པར་ཁོང་གིས་རོགས་རམ་གནང་མ་ཐུབ་ན་མ་གཏོགས་མ་གནང་བའི་སྐབས་ཕལ་ཆེར་མེད་པར་བཤད། བོད་ཀྱི་གཞིས་ཆགས་མང་པོར་ཕེབས་ནས་རོགས་སྐྱོར་རྒྱ་ཆེར་གནང་ཞིང་། བོད་རིགས་གཙོ་བོར་གྱུར་པའི་ཉམས་ཐག་མང་པོར་སྦྱིན་བདག་འཚོལ་སྒྲུབ་གནང་། རང་ཉིད་ལ་ཡོད་པའི་དངུལ་ཡོད་ཚད་ཀྱང་དབུལ་པོ་དང་སྐྱོ་པོ་རྣམས་ལ་དགོས་པའི་ཅ་དངོས་ཨ་ཅོར་དང་། ཉལ་ཆས་སོགས་ཉོ་བའི་དོན་དུ་གཏོང་བ་ལས་རང་ཉིད་སྒེར་གྱི་དོན་དུ་ས་ཞིང་དང་ཁང་བརྩེགས་མཐོན་པོ་སོགས་ཐབས་ཤེས་གཏན་ནས་གནང་མྱོང་མེད། སྲས་ཀ་རྦིར་གྱིས། “ཨ་མས་ནམ་ཡང་གྲོགས་པོའི་ཁེ་བཟང་འདོན་མྱོང་མེད་ཅིང་། གང་ཡང་སློང་མྱོང་མེད། ང་ཚོའི་ནང་དུ་ཁ་པར་འཛུགས་པའི་དོན་དུ་དུ་ལོ་བདུན་གྱི་རིང་སྒུག་དགོས་བྱུང་བ་ལ། གལ་སྲིད་ཨ་མ་ལ་དགོས་ན་ཨིན་དྲ་གན་དྷིའི་རྣ་བར་ཤུབ་ཤུབ་བྱས་པ་ཙམ་གྱིས་ཁ་པར་དྲུག་ཙམ་དེ་མ་ཐག་ཏུ་འབྱོར་ངེས་ན་ཡང་ཁོང་གིས་དེ་འདྲ་གནང་སྲོལ་མེད་ལ། དེའི་རྒྱུ་མཚན་གྱིས་ཨིན་དྲས་ཀྱང་ཁོང་ལ་ཡིད་ཆེས་གནང་གི་ཡོད།” ཅེས་གསུངས་པ་ལྟར་ཁོང་གིས་སྦྱིན་བདག་འཚོལ་སྒྲུབ་རྣམས་ཀྱང་གཞན་དོན་ཁོ་ན་ལས་རང་དོན་དུ་གནང་བ་ནི་སྲིད་མཐའ་མ་བཀག་ཙམ་ཡིན་པར་མངོན། ཡང་རང་ཉིད་འཚོ་ཐབས་སྐྱོ་བོར་བཞུགས་མཁན་ཞིག་ཡིན་ན་ཡང་གྲོགས་པོ་འབྱོར་ལྡན་རྣམས་ཀྱིས་སྐར་ལྔའི་རྟགས་ཅན་གྱི་མགྲོན་ཁང་སོགས་སུ་གདན་དྲངས་ན་འཛེམས་ཟོན་མེད་པར་ཕེབས་བཞུགས་གནང་བ་ལས་ཆོས་པ་གཞན་རྣམས་ལྟར་གུ་དོག་པོ་ཡང་གནང་སྲོལ་མེད་པར་བཤད། རབ་ཏུ་བྱུང་རྗེས་ཚུལ་ཁྲིམས་ཀྱང་གཙང་མ་སྲུང་གནང་མཁན་ཞིག་ཡིན་པས་ན་ད་ལྟའི་ཆར་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་ནང་ཆོས་ཀྱི་སློབ་དཔོན་ཨ་ནེ་པདྨ་ཆོས་སྒྲོན་སོགས་ལ་ཁོང་གིས་ཚུལ་ཁྲིམས་བསྲུང་ཐབས་ཀྱི་བསླབ་བྱས་ཕན་ཐོགས་ཆེན་པོ་བྱུང་ཚུལ་ཨ་ནེ་པདྨ་ཆོས་སྒྲོན་སོགས་ཀྱིས་གསུངས།
མདོར་ན་འཛམ་གླིང་འདིར་ཁོང་ནི་སྐུ་ཚེ་ཧྲིལ་པོར་མི་རིགས་ཀྱི་ས་མཚམས་དང་། ཕོ་མོའི་ས་མཚམས། ཆོས་ལུགས་ཀྱི་ས་མཚམས་བཅས་ས་མཚམས་མང་པོ་བརྒལ་མྱོང་མཁན་ཞིག་དང་། མི་རིགས་ཀྱི་རང་དབང་། ཕོ་མོ་འདྲ་མཉམ། ཆོས་ལུགས་རིས་མེད་བཅས་ཀྱི་དོན་དུ་འཐབ་རྩོད་རྒྱུན་རིང་པོ་གནང་མྱོང་མཁན་དང་། འཐབ་རྩོད་གནང་བ་ཙམ་མིན་པར་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་པ་ཞིག་ཡིན་པར་ཚང་མས་ངོས་འཛིན་བྱ་སྲོལ་ཡོད་ལ། ཁོང་ཉིད་ཡོངས་གྲགས་སུ་རྦི་རི་ཊི་ཤིའམ་དབྱིན་ལན་ཌིའི་བུད་མེད་ཐོབ་ཐང་རྩོད་ལེན་པ་དང་། རྒྱ་གར་གྱི་རང་བཙན་རྩོད་ལེན་པ། ནུབ་ཕྱོགས་ཀྱི་བཙུན་མོ་དང་ཤོས་གྲས་བཅས་ཡིན་པའི་ཚུལ་གྱིས་ངོ་སྤྲོད་བྱ་སྲོལ་ཡོད། རྒྱུ་མཚན་དེ་དག་གིས་ཁོང་ནི་རྒྱལ་སྤྱིའི་མི་སྣ་གལ་ཆེན་ཡིན་པས་ཨོཀ་སི་ཧྥོར་ཌི་མཐོ་སློབ་སོགས་ལ་ལྕམ་ཁོང་གི་སྐུ་ཚེ་དང་འབྲེལ་བའི་ཡིག་ཆ་མང་པོ་ཉར་ཚགས་གནང་ཡོད་པ་དང་། རྒྱ་གར་དང་ཡུ་རོབ་སོགས་རྒྱལ་ཁབ་མང་པོ་ནས་ཁོང་གི་སྐོར་ལ་ཞིབ་འཇུག་དང་བགྲོ་གླེང་གནང་མཁན་གྱི་མཁས་པ་ཡང་མང་པོ་བྱུང་ཡོད་ལ། ཁོང་གི་མི་ཚེའི་ལོ་རྒྱུས་ཆ་ཚང་བ་ཡོད་པའི་དཔེ་དེབ་ཀྱང་ཁ་ཤས་ཤིག་ཡོད་པ་ནི་ད་ལྟའི་ཆར་རྒྱལ་སྤྱིའི་གནམ་ཐང་ཁག་ཏུ་ཡང་ཉོ་རྒྱུ་ཡོད། ཁོང་གི་མཛད་རྣམ་དང་འབྲེལ་བའི་དེབ་གཙོ་བོ་གསུམ་ཡོད་པ་ནི་ Vicki Mackenzie གིས་བརྩམས་པ་ The Revolutionary Life of Freda Bedi དང་། Andrew Whitehead གིས་བརྩམས་པ་ The Lives of Freda དང་། Norma Levine གིས་བརྩམས་པ་ The Spiritual Odyssey of Freda Bedi བཅས་ཡོད་པ་ལས། བརྗོད་བྱ་གཅིག་ཀྱང་གླེང་ཕྱོགས་མི་འདྲ་བས་གསུམ་ག་གལ་ཆེ་བར་བཤད་ཀྱང་། ཁོ་བོས་བཀླགས་མྱོང་བ་ནི་དང་པོ་དེ་ཉིད་ཡིན་ཅིང་འདིར་བྲིས་པ་ཡང་གཙོ་བོ་དེ་གཞིར་བཞག་ཐོག་ཡིན།
རླབས་ཆེན་གྱི་བུད་མེད་ཁོང་ཉིད་བོད་མི་རིགས་དང་བོད་བརྒྱུད་ནང་བསྟན་ལ་བཀའ་དྲིན་ཆེ་བས་གནད་ཡོད་མི་སྣ་མང་པོས་ཀྱང་ཁོང་གི་རྣམ་ཐར་རྩོམ་འབྲི་དང་ལྟ་ཀློག་དགོས་གལ་ཆེ་ཚུལ་གསུངས་མྱོང་བས་བོད་རིགས་རྣམས་ཀྱིས་ལྕམ་སྐུ་ཞབས་ཁོང་གི་བཀའ་དྲིན་རྗེས་དྲན་རེ་བྱ་བའི་ཆེད་དང་། ལྷག་པར་བོད་རིགས་བུད་མེད་ཕལ་མོ་ཆེ་བསམ་བློའི་རྒྱ་ཧ་ཅང་ཆུང་བས་དེ་དག་ལ་སེམས་འགུལ་ཅུང་ཐེབས་པ་དང་། བོད་བརྒྱུད་ནང་བསྟན་པ་རྣམས་ད་དུང་ཡང་མི་རིགས་དང་ཕོ་མོའི་དབྱེ་འབྱེད་ཤས་ཆེ་བས་དེ་དག་གི་བློ་རྒྱ་བསྐྱེད་པ་དང་། ཀརྨ་བཀའ་བརྒྱུད་པ་རྣམས་སྤྲུལ་སྐུ་དང་བླ་ཆེན་སོགས་མིང་དང་ཁྲི་མཐོ་བ་ཤ་སྟག་ལས་ལོ་རྒྱུས་ཀྱི་གལ་གནད་ལ་བསམས་ནས་རྣམ་ཐར་འབྲི་བ་ཧ་ཅང་དཀོན་པས་དེ་དག་ལ་ཕན་སེམས་ཀྱིས་ཐོག་མར་དྲ་ཐོག་ཏུ་འཁོད་པའི་རྩོམ་ཡིག་ཁ་ཤས་ལ་ཁུངས་བཅོལ་ནས་སྟབས་བདེ་ཞིག་འབྲི་འཆར་བྱས་ཀྱང་། བརྗོད་བྱ་འདིའི་ཐད་ལ་རྒྱུས་ལོན་ཅི་ཙམ་བྱས་པ་དེ་ཙམ་གྱིས་སྤྲོ་བ་ཇེ་ཆེར་དང་གལ་གནད་ཇེ་ཆེར་མཐོང་ནས་ཁོ་བོས་རྩོམ་འདི་ཉིད་འབྲི་བའི་དོན་དུ་ཉེ་ཆར་དྲ་ཐོག་ནས་དེབ་གསར་རྐྱང་ཞིག་ཉོས་ཤིང་། ཆ་ཚང་བ་བཀླགས་པའི་ཐོག་ཏུ་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་དང་། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ་ལྟ་བུ་མཁས་མཆོག་དཔལ་མོ་དང་དངོས་སུ་མཇལ་འཕྲད་གནང་མྱོང་བའི་གནད་ཡོད་མི་སྣ་འགའ་ཞིག་ལ་བཀའ་འདྲི་ཡང་ཞུས་ཏེ་རྩོམ་འདི་ཉིད་བྲིས་པ་ན། བདུན་ཕྲག་གཅིག་ལྷག་ཙམ་འགོར་རྗེས་སྤྱི་ལོ་༢༠༢༠ ཟླ་བ་༩ ཚེས་༡༧ ཉིན་མོར་མཇུག་གྲུབ་པར་བྱས་པའོ།།
གཤམ་གྱི་དྲ་ཐག་འདིར་མོའི་མི་ཚེའི་ལོ་རྒྱུས་མདོར་བསྡུས་བརྙན་ཐུང་ཞིག་ཀྱང་ཡོད།
་་་་་་་་་་་་་་་་་་་་་་་་་་ ལར་ནས་བོད་འདིར་བླ་མ་རྣམས་ལས་འགའ་ཤས་ནི་འདོད་ཆགས་ཆེ་དྲགས་པས་གསང་སྔགས་ལ་ཁ་གཡར་ནས་བུད་མེད་ཀྱི་ཐོག་ཏུ་མཆོང་འགྲོ་ཞིང་། འགའ་ཤས་ནི་སྡོམ་པ་དང་མིང་གྲགས་ལ་ཞེན་དྲགས་པས་བུད་མེད་མཐོང་བ་ཙམ་གྱིས་བྲོས་འགྲོ་བ་དེས། བུད་མེད་ལ་ཡང་མི་སྤྱིར་བཏང་བའི་འདུ་ཤེས་ཐོག་ནས་ཚོད་རན་པོས་རྗེས་སུ་འཛིན་ཐུབ་མཁན་གྱི་བླ་མ་ནི་སྲིད་པ་ཙམ་ཡིན་པར་མངོན། ་་་་་་་་་་་་་་་་་་་་་་་ ཟེར། ཧ་ཧ།། །།
རྩོམ་ཡིག་འདི་བཀླགས་རྗེས། ཁོང་ནི། ངས་སེམས་ལ་བོད་དང་བོད་མིར་འབྲེལ་འདྲིས་ཟབ་པའི་རླབས་ཆེན་གྱི་མི་སྣ་ཞིག་ཏུ་ཁུམས་སོ།།
ཕྱི་རྒྱལ་བས་ནང་ཆོས་ལ་འདི་ཡིན་ཞེས་གཏན་འབེབས་བྱེད་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།
མོ་ཡི་ཞབས་ཕྱི་བ་ཨ་ནེ་པད་མ་བཟང་མོ་ད་ལྟ་ཡང་འཚོ་བཞུགས་རེད། དགུང་ལོ་༨༧ རེད།
ཤཀྱྰའི་རྒྱལ་སྲས་དོན་གྲུབ་གྱི་མ་ཚབ་མ་ཡུམ་སྐྱེ་རྒྱུའི་བདག་མོ་དང་གཅིག ཕྱི་རྒྱལ་ཕྲུ་གུའི་ཆ་མ་རྨོ་མོ་ཆགས་དུས་དགེ་སློང་མ་བསྒྲུབ་ཡ་ལ་དཀའ་ངལ་དེ་མེད་པ་ཀུན་གྱིས་ཤེས་ཐུབ། འོནད་ཀྱང་ཁོང་མོས་བློས་བཏང་གིས་སྤྱི་དོན་ནམ་གཞན་དོན་མང་པོ་བསྒྲུབས་པ་ལ་ཡི་རང་གིས་གནས་སུ་མཐོང་ལགས།
Apa Pant ནི་འབྲས་ལྗོངས་རང་བཙན་སྐབས་རྒྱ་གར་གྱི་གཞུང་ཚབ་ཀྱི་ངོ་བོ་ཡིན། དབྱིན་སྐད་དུ། (Political Officer) ཞེས་འབོད་སྲོལ་འདུག ཕྱིས་ ༡༩༧༥ ལོར་འབྲས་ལྗོངས་རྒྱ་གར་གྱི་མངའ་འོག་ཏུ་གྱུར་རྗེས་མིང་བསྒྱུར་གྱིས། དབྱིན་སྐད་དུ། Governor འམ། སྲིད་སྐྱོང་ཞེས་མངའ་སྡེ་སྤྱི་མཚུངས་ལྟར་བཟོས། སྲིད་བློན་ནིའུ་རུ་ལ་སྲས་མོ་མ་གཏོགས་སྲས་ཡོད་པའི་སྐད་ཆ་མེད། གཞན་རྣམ་ཐར་རང་རེད་ཤག ཡག་པོ་འདུག