དཔལ་༸རྒྱལ་དབང་༸ཀརྨ་པ་མཆོག་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་པོ་༥༦འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་དང་དགེ་ལས་སློབ་ཕྲུག་ཡོངས་ལ་སྩལ་བའི་བཀའ་སློབ།
“དེ་རིང་འདིར་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༥༦འཁོར་བའི་དུས་དྲན་གྱི་མཛད་སྒོ་འདིའི་ཐོག་ཏུ་ཕེབས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། བླ་བྲང་དགའ་ལྡན་ཕོ་བྲང་གི་ལས་བྱེད། འབྲེལ་ཡོད་ཚོགས་སྐྱིད་ཁག་དང་ཕྱི་ནང་གི་སྐུ་མགྲོན་རྣམ་པ། དེ་བཞིན་བོད་ཕྲུག་ཁྱིམ་སྡེའི་དབུས་དང་ཡན་ལག་གི་ལས་ཀྱི་སྣེ་མོ་བ། སློབ་ཕྲུག་ཕོ་མོ་དང་འདིར་ཕེབས་པའི་མང་ཚོགས་ཡོངས་ལ་དུས་དྲན་གྱི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
གོང་དུ་བཀའ་སློབ་གནང་མི་ཚོས་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་སོང་། ངོས་ནས་དམིགས་བསལ་དེའི་ནང་དུ་མ་འདུས་པའི་གཏམ་བཤད་མང་པོ་ཞུ་རྒྱུ་མི་གདའ། ཡིན་ཡང་དེ་རིང་གི་དུས་དྲན་འདི་བཞིན་འདིར་མི་མང་པོ་ཞིག་འཛོམས་ཆེ་ཤོས་ཤིག་དང་དམིགས་བསལ་གྱི་དུས་དྲན་ཞིག་ཏུ་གྱུར་ཡོད་ཙ་ན། དེ་འདྲའི་དུས་དྲན་དང་སྟབས་བསྟུན་ཏེ་བསམ་ཚུལ་ཁ་ཤས་ཞུ་རྒྱུ་ཡིན། སྤྱིར་བཏང་རང་རེ་ཀུན་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་ཤ་རུས་ལས་ཆད་པ་ཡིན་སྟབས། བོད་ཀྱི་སྲོལ་རྒྱུན་དང་བོད་ཀྱི་རིག་གནས་སྲུང་སྐྱོབ་བགྱིད་རྒྱུ་རང་རེ་ཀུན་ལ་ངེས་པར་དུ་ཚང་དགོས་པའི་འགན་འཁུར་ཞིག་དང་བཟློག་ཏུ་མེད་པའི་ལས་འགན་ཞིག་ཏུ་གྱུར་ཡོད། དེར་བརྟེན་བོད་རང་དུ་སྐྱེས་ཏེ་འཚར་ལོངས་བྱུང་བའི་བོད་པ་ཡིན་ཡང་འདྲ། ཕྱི་རྒྱལ་ལུང་པར་སྐྱེས་ཏེ་འཚར་ལོངས་བྱུང་བའི་བོད་པ་ཡིན་ཡང་འདྲ། མདོར་ན་རང་རེ་བོད་མི་ཚང་མས་གཅིག་གྱུར་གྱི་ཐོག་ནས་འབད་བརྩོན་བྱེད་དགོས་པའི་གནས་སྟངས་ཤིག་ཏུ་གྱུར།
གང་རེད་ཅེ་ན། ང་ཚོ་བོད་མི་དེ་བཞིན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དང་དེ་དར་སྤེལ་གཏོང་མཁན་ཞིག་ཆགས་ཡོད། བོད་ཀྱི་རིག་གཞུང་ནི་ང་ཚོ་བོད་མི་རིགས་ཀྱི་བླ་སྲོག་ཏུ་གྱུར། དེར་བརྟེན་བོད་ཀྱི་རིག་གཞུང་དང་བོད་མི་རིགས་དབར་ཁ་བྲལ་ཐབས་མེད་པའི་འབྲེལ་བ་ཟབ་མོ་ཡོད་པ་ང་ཚོས་མཁྱེན་པར་བྱེད་དགོས་པ་གལ་ཆེན་པོ་རེད་སྙམ། སྔོན་བོད་དུ་སྐྱེས་པའི་བོད་མི་དེ་དག་སྐྱེས་ཙམ་ཉིད་ནས་རང་བཞིན་གྱིས་བོད་མི་ཞིག་ཆགས་བཞིན་ཡོད། དེར་བརྟེན་བོད་མི་མཚན་ཉིད་ཚང་བ་ཞིག་ཏུ་འགྱུར་རྒྱུའི་ཁོར་ཡུག་ཆ་ཚང་ཡོད། ང་ཚོའི་ཕ་མ་དང་གྲོགས་པོ་སྤུན་མཆེད་ཐ་ན་དེའི་ཉེ་འཁོར་དུ་ཡོད་པའི་གངས་རི་དང་རྩི་ཤིང་། དགོན་པ་དང་གྲྭ་པ་ལ་སོགས་པ་ཚང་མ་བོད་ཀྱི་རིག་གཞུང་གི་དགེ་རྒན་ཞིག་དང་། དེ་བཞིན་ཁྱིམ་ཚང་དང་སྤྱི་ཚོགས་ཡོངས་ཀྱི་ནང་དུ་བོད་ཀྱི་རིག་གཞུང་གི་བག་ཆགས་ཉམས་སྣང་གིས་ཁེངས་བཞིན་ཡོད། དེར་བརྟེན་སྐབས་དེ་དུས་བོད་མི་མཚན་ཉིད་ཚང་བ་ཞིག་འགྱུར་རྒྱུར་ང་ཚོས་དབུགས་བཏང་བ་ཇི་བཞིན་ཧ་ཅང་ལས་སླ་པོར་ཡིན། ཡིན་ཡང་ལོ་ངོ་བཅུ་ཕྲག་ལྔ་ལས་ལྷག་པ་ཞིག་གི་རིང་དུ་བོད་ཀྱི་གནས་བབ་དང་སྤྱི་ཚོགས་དེ་བཞིན་རང་བྱུང་ཁོར་ཡུག་བཅས་ལ་གང་ལྟར་འགྱུར་ལྡོག་ཆེན་པོ་ཞིག་ཕྱིན་ཏེ་བོད་མི་གཞིས་བྱེས་གཉིས་སུ་ཁ་བྲལ་དགོས་པའི་གནས་སྟངས་ཤིག་ཏུ་གྱུར། བོད་མི་ཞིག་སོ་སོའི་ཕ་ཡུལ་དང་ཁ་བྲལ་ཏེ་སྤྱི་ཚོགས་དང་ཁོར་ཡུག་གཞན་ཞིག་གི་ནང་དུ་འཚར་ལོངས་བྱེད་དགོས་པའི་གནས་སྟངས་སུ་གྱུར་ཙ་ན་དེའི་ནང་དུ་སོ་སོ་བོད་མི་མཚན་ཉིད་ཚང་བ་ཞིག་འགྱུར་རྒྱུ་དང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་སྔོན་མ་བོད་དུ་འདུག་པ་ཇི་བཞིན་ལས་སླ་པོ་ཞིག་དང་དེ་བཞིན་ཚད་དང་ལྡན་པ་ཞིག་འབྱུང་རྒྱུ་དཀའ་ཚེགས་ཆེན་པོར་གྱུར།
གང་ལྟར་ཡང་བོད་མི་ཚང་མས་སེམས་ཤུགས་མ་ཆག་པའི་ཐོག་ནས་གང་ལྟར་བོད་ནང་ལོགས་ནས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་སྙིང་སྟོབས་སྔར་ལས་ལྷག་པ་གོང་འཕེལ་དུ་འགྲོ་ཐུབ་པའི་རྣམ་པ་ཞིག་ང་ཚོས་མཐོང་བཞིན་ཡོད། དེ་བཞིན་བོད་ནས་ཚུར་བོད་མི་མང་པོ་ཞིག་སོ་སོའི་ཆོས་དང་རིག་གཞུང་སྦྱང་རྒྱུའི་སླད་དུ་དཀའ་ངལ་དུ་མ་ཞིག་ཁྱད་དུ་བསད་དེ་རྒྱ་གར་དུ་འོང་། རྒྱ་གར་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དེ་བཞིན་ང་ཚོ་བོད་མི་རྒན་རབས་ཚོས་ལུས་ངག་ཡིད་གསུམ་གྱིས་འབད་པ་དུ་མ་ཞིག་གནང་སྟེ་ང་ཚོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བགྱིད་རྒྱུའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད། དེའི་ནང་དུ་ང་ཚོ་བོད་པའི་ཆོས་དང་རིག་གཞུང་ཉམས་ལེན་བྱེད་རྒྱུ་དང་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཡོད་པ་དེ་དཔེ་མེད་ཀྱིས་ང་ཚོ་སྐལ་བ་བཟང་པོ་དང་དགའ་བ་སྒོམ་འོས་པའི་གནས་སྟངས་ཤིག་རེད་སྙམ། མདོར་ན་ད་ལྟ་རང་རེ་རྣམས་ལ་གོང་དུ་ཞུས་པ་ཇི་བཞིན་ང་ཚོའི་ལས་འགན་ནམ། ང་ཚོའི་འཐབ་རྩོད་དམ། ཡང་ན་ང་ཚོས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་གང་ཞིག་གྱུར་ཡོད་དམ་ཞེ་ན། ང་ཚོས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་དུས་རབས་དང་ཁོར་ཡུག་གི་འཕོ་འགྱུར་ནང་དུ་བོད་མི་རིགས་ཀྱི་གཟི་བརྗིད་དང་དོན་སྙིང་མ་བརླགས་པའི་ཐོག་ནས་ཇི་ལྟར་བྱས་ཏེ་འཚོ་གནས་ཐུབ་པ་བྱེད་དགོས་བསམ་མནོ་གཏོང་དགོས་པ་ཧ་ཅང་གནད་ཡིན། དེ་བཞིན་བོད་ཀྱི་སྲོལ་རྒྱུན་སྙིང་བཅུད་དམ་སྲོལ་རྒྱུན་རིག་གཞུང་གི་སྙིང་པོ་དེ་དག་མི་རབས་གཅིག་ནས་གཅིག་ཏུ་མར་བརྒྱུད་སྤྲོད་བགྱིས་ཏེ། མི་ཉམས་པ་བྱ་རྒྱུ་ཇི་ལྟར་བྱེད་ཐུབ་བསམ་བློ་གཏོང་རྒྱུ་ཧ་ཅང་གནད་ཡིན་སྙམ། དེ་བཞིན་ང་ཚོར་བཀའ་དྲིན་ཤིན་ཏུ་ཆེ་བ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ན་ཆུང་ངུའི་དུས་ནས་ད་བར་དུ་བཀའ་དྲིན་བསམ་བརྗོད་ལས་འདས་པ་བསྐྱངས་ཡོད། དེར་བརྟེན་གང་གི་བཀའ་དྲིན་དེ་དག་ཇི་ལྟར་གསབ་དགོས་པ། དེ་བཞིན་ང་ཚོའི་མི་རབས་རྒན་པ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། བོད་མི་རིགས་ཀྱི་བདེན་དོན་གྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་སྟེ་དཀའ་ངལ་དུ་མ་ཞིག་ཁྱད་དུ་བསད་ཡོད་པས་དེ་དག་གི་དྲིན་ལན་གསབ་ཐབས་ཇི་ལྟར་བྱེད་དགོས་པ། དེ་ནི་ང་ཚོས་ག་དུས་ཡིན་ཡང་བསམ་བློ་གཏོང་རྒྱུ་དང་ལག་ལེན་སྤེལ་ཐབས་ཇི་ལྟར་བྱེད་དགོས་པ་ཧ་ཅང་གནད་ཆེ་ཡིན་སྙམ།
དེ་བཞིན་ང་ཚོ་ཚང་མ་ནང་པ་སངས་རྒྱས་པའི་ཆོས་ལ་དད་མོས་བྱ་མི་ཞིག་ཏུ་གྱུར་ཡོད། དེར་བརྟེན་འགྲོ་བ་མི་སྤྱི་ལ་ཕན་པ་བསྒྲུབ་རྒྱུ་གང་གདའམ། ཕན་པ་ཇི་ལྟར་བསྒྲུབ་ཐུབ་བམ། དེ་འདྲའི་བསམ་བློ་གཏོང་རྒྱུའི་ཀུན་སློང་ཁྱེར་ཏེ་ལས་ཀ་བགྱི་རྒྱུ་ཧ་ཅང་གནད་ཡིན། དེར་བརྟེན་དེ་འདྲའི་ལས་འགན་ཞིག་གམ་གང་ལྟར་དེ་འདྲའི་གནས་སྟངས་ཤིག་ཏུ་ང་ཚོས་གདོང་ལེན་བྱེད་དགོས་པ་ཡིན་ཙ་ན་དེ་འདྲའི་འགན་འཁུར་རྒྱུ་ཆབ་སྲིད་ལས་བརྒལ་བའི་གནས་ཚུལ་ཞིག་གྱུར་ཡོད་སྙམ། དེང་སང་གི་དུས་ཚོད་ལ་བོད་པའི་སྤྱི་ཚོགས་ནང་དུ་ཆབ་སྲིད་ཀྱི་ལྟ་སྟངས་དང་དེ་བཞིན་ལངས་ཕྱོགས་ཀྱི་ཐོག་ནས་ཅུང་མི་མཐུན་པ་དང་འགལ་ཟླ་འབྱུང་བཞིན་ཡོད། ཡིན་ཡང་ད་ལྟ་གོང་དུ་ཞུས་པ་ཇི་བཞིན་ང་ཚོའི་ལས་འགན་དེ་དག་ཆབ་སྲིད་ཙམ་མ་ཡིན་པ་ཆབ་སྲིད་ལས་བརྒལ་བའི་ལས་འགན་རླབས་པོ་ཆེ་ཞིག་ང་ཚོར་ཡོད་པ་ཕལ་ཆེར་ང་ཚོས་ཤེས་ཐུབ་པ་དགོས། སྤྱིར་བཏང་མང་ཚོགས་དང་འབྲེལ་བའི་གནས་ཚུལ་ཡིན་ནས་བཟུང་སྟེ་ཕལ་ཆེར་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་དུ་གྱུར་ཡོད་ལ། དེ་བཞིན་མང་ཚོགས་དང་འབྲེལ་བའི་གནས་ཚུལ་དེ་ཆབ་སྲིད་དང་ཁ་བྲལ་ཐབས་མེད་པའི་གནས་ཚུལ་དུ་གྱུར། ཡིན་ཡང་ང་ཚོའི་བསམ་བློ་གཏོང་སྟངས་དང་དེ་བཞིན་ལག་ལེན་བསྟར་སྟངས་དེ་དག་ཚང་མ་ངེས་པར་དུ་ཆབ་སྲིད་ཀྱི་རྩོད་རྙོག་ལས་བརྒལ་བའི་ཐོག་ནས་འགྲོ་དགོས་སྙམ།
གང་རེད་ཅེ་ན། ཆབ་སྲིད་ཀྱི་དམིགས་ཡུལ་དེ་བཞིན་ལམ་སེང་ལམ་སེང་འགྱུར་ཆོག་ཅིག་དང་དེ་བཞིན་ཆབ་སྲིད་ཀྱི་སྒྲིག་འཛུགས་དེ་དག་ཀྱང་ལམ་སེང་ལམ་སེང་འགྱུར་བཞིན་ཡོད། ཆབ་སྲིད་ཀྱི་མི་སྣ་དེ་དག་ཀྱང་ལོ་ཁ་ཤས་ནང་དུ་འཕོ་འགྱུར་འགྲོ་བཞིན་ཡོད། ཡིན་ཡང་ང་ཚོ་སོ་སོའི་ཆོས་དང་རིག་གཞུང་དང་སྲོལ་རྒྱུན་ལ་མཐའ་གཅིག་ཏུ་འགྱུར་ལྡོག་མེད་པ་བློ་དཀར་སེམས་དཀར་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད། དེ་བཞིན་ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དུས་ནམ་དུའང་འགྱུར་བ་མེད་པའི་དད་པ་དང་མོས་གུས་བརྟན་པོ་ཞིག་དགོས། དེ་བཞིན་རང་རེ་འགྲོ་བ་མི་ཧྲིལ་པོའི་ཕན་བདེ་ལ་མཐའ་གཅིག་ཏུ་བློ་དཀར་སེམས་དཀར་བྱེད་དགོས། དེར་བརྟེན་དེ་དག་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མི་འདྲ་ལམ་སེང་ལམ་སེང་འགྱུར་བ་གཏོང་རྒྱུ་དང་འཕྲལ་གྱི་ཁེ་ཕན་ལ་བསམ་བློ་བཏང་། དེ་བཞིན་སྒེར་གྱི་ཁེ་ཕན་ལ་བསམ་བློ་བཏང་སྟེ་འགྱུར་བ་གཏོང་རྒྱུའི་གནས་སྟངས་ཤིག་ཕལ་ཆེར་མི་འགྱུར་སྙམ། དེ་བཞིན་ང་ཚོ་ཚང་མས་ཁེངས་བསྐྱུངས་བགྱིས་ཏེ་འཛམ་བུ་གླིང་ཐོག་གི་སྐྱབས་བཅོལ་མི་རིགས་གཞན་དང་གྲངས་ཉུང་མི་རིགས་གཞན་གྱི་འཚོ་བ་སྐྱེལ་སྟངས་ཁོང་ཚོའི་གནས་སྟངས་དེ་ལ་ང་ཚོས་སློབ་སྦྱོང་བྱེད་དགོས། ང་ཚོའི་འཛམ་བུ་གླིང་འདིའི་ཐོག་ཏུ་ང་ཚོ་བོད་པ་གཅིག་པུ་སྐྱབས་བཅོལ་དུ་མ་གྱུར། ལྷག་པར་དུ་ང་ཚོ་ལས་གནས་སྟངས་ཐབས་སྐྱོ་བའི་སྐྱབས་བཅོལ་བ་དུ་མ་ཡོད། དཔེར་ན་སི་རི་ཡའི་ལུང་པའི་ནང་དུ་ནང་འཁྲུག་བྱུང་སྟེ་མི་ས་ཡ་མང་པོ་སོ་སོའི་རྒྱལ་ཁབ་ནང་དུ་འདུག་ཐབས་མེད་པའི་གནས་སྟངས་སུ་གྱུར། དེ་དག་ལ་བསམ་བློ་གཏོང་སྐབས་གཞི་ནས་ང་ཚོ་བོད་པའི་སྐྱབས་བཅོལ་གྱི་གནས་སྟངས་དེ་འདྲ་འདྲའི་ནང་ནས་མི་འདྲ་བ་གྱུར་ཡོད་པ་ཕལ་ཆེར་ཚོར་ཐུབ། དེ་བཞིན་ང་ཚོས་བབ་བརླིང་བརྟན་གསུམ་གྱི་སྒོ་ནས་དུས་རབས་དང་ཁོར་ཡུག་གི་འཕོ་འགྱུར་ལ་ལྟ་ཞིབ་བགྱིས་ཏེ་བོད་མི་རིགས་ཀྱི་མ་འོངས་པའི་སླད་དུ་རྒྱུན་རིང་པོའི་འཆར་གཞི་འགོད་ཐུབ་པ་དགོས་སྙམ།
ད་ལྟ་ང་ཚོ་བཙན་བྱོལ་ནང་དུ་སྔར་དང་མི་འདྲ་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། གཅིག་སྟེ་བོད་ནས་ཚུར་འོང་མི་གསར་འབྱོར་བོད་པ་ཉུང་དུ་དང་དེ་ནི་འགྱུར་ལྡོག་ཆེན་པོ་ཞིག་རེད་སྙམ། དེ་བཞིན་བཙན་བྱོལ་ནང་དུ་ཡོད་པའི་བོད་མིའི་གྲངས་འབོར་ཉུང་དུ་དང་མང་པོ་ཞིག་ཕྱི་རྒྱལ་ལུང་པར་ཕྱིན། ཁ་ཤས་བོད་དུ་ཕྱིར་ལོག །དེར་བརྟེན་རྒྱ་གར་ནང་གི་མི་འབོར་ཉུང་དུ་འགྲོ་བཞིན་ཡོད་པས་དེ་འདྲའི་དུས་ཚོད་ལ་ང་ཚོས་ངེས་པར་དུ་དུས་རབས་དང་ཁོར་ཡུག་གི་འཕོ་འགྱུར་ཇི་ལྟར་འགྱུར་ལྟ་ཞིབ་བགྱིས་ཏེ་མ་འོངས་པ་ལ་རྒྱུན་རིང་པོའི་འཆར་གཞི་འགོད་ཐུབ་པ་དགོས་རྒྱུ་ཧ་ཅང་གནད་ཡིན། དེ་མིན་ལོ་ཁ་ཤས་ནང་དུ་འཁྱོལ་ཐུབ་ཙམ་གྱི་གནས་སྟངས་དེས་འགྲིག་ཐུབ་རྒྱུ་ཞིག་མིན། བོད་ཀྱི་སྲོལ་རྒྱུན་གྱི་རིན་ཐང་གང་རེད་ཅེ་ན། ཕལ་ཆེར་ནང་ཆོས་དང་འབྲེལ་བའི་གནས་ཚུལ་ཞིག་ཏུ་གྱུར་ཡོད།
སྤྱིར་བཏང་ནང་པ་སངས་རྒྱས་པ་ལ་བཀའ་འགྱུར་བསྟན་འགྱུར་བོད་ཀྱི་མཁས་པ་དག་གིས་བརྩམས་པའི་བསྟན་བཅོས་སྟོང་ཕྲག་ཁྲི་ཕྲག་ཡོད། ཡིན་ཡང་གལ་གནད་ཆེ་ཤོས་སོ་སོའི་མི་ཚེའི་ནང་དུ་ཉམས་ལེན་བགྱིས་ཏེ་བསམ་བློ་འགྱུར་བ་གཏོང་རྒྱུ། མི་སེམས་པ་བཟང་དུ་གཏོང་རྒྱུ། དེ་བཞིན་སེམས་ལ་ཞི་བདེ་བསྐྲུན་རྒྱུ། བྱམས་པ་དང་སྙིང་རྗེ་ཡར་རྒྱས་གཏོང་རྒྱུ། དེ་བཞིན་རྟེན་འབྱུང་གི་ལྟ་བ་ལ་སོགས་དེ་འདྲའི་གོ་རྟོགས་གཏིང་ཟབ་འབྱུང་རྒྱུ་དེ་དག་ནི་རིན་ཐང་ཆེ་ཤོས་སུ་གྱུར། དེར་བརྟེན་ང་ཚོ་བོད་མིའི་སྙན་རྩོམ་དང་གླུ་བཏང་བ་དང་རི་མོ་འབྲི་བ། ཟློས་གར་འཁྲབ་པ་སོགས་ཇི་ལྟར་བགྱིས་ཀྱང་དེའི་ནང་དུ་ནང་ཆོས་ཀྱི་སྙིང་པོ་ག་དུས་ཡིན་ཡང་མཚོན་ཐུབ་རྒྱུ་དང་ང་ཚོས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ང་ཚོས་སྙིང་བརྩེ་བ་དང་གུས་བཀུར་གང་འདྲ་བྱེད་ཀྱི་ཡོད་པ་མཚོན་ཐུབ་རྒྱུ་ཡིན། དེའི་རྒྱུ་མཚན་ལ་ང་ཚོས་ལས་ཀ་བྱས་པ་དང་སློབ་སྦྱོང་བྱས་པ་ཡང་ན་ངལ་གསོའི་དུས་ཚོད་སྐབས་སུ་གང་ལྟར་འགྲོ་བ་མིའི་ཕན་དོན་བསྒྲུབ་རྒྱུ་མ་བརྗེད་པ་བྱེད་རྒྱུ་ང་ཚོ་བོད་ཀྱི་རིག་གཞུང་གི་རིན་ཐང་ངམ་ཕལ་ཆེར་ཁྱད་ཆོས་དེ་གྱུར་ཡོད་སྙམ།
དེ་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་གནད་འགག་གཅིག་སྟེ་གང་གྱུར་ཡོད་ཅེ་ན། བོད་ཀྱི་སྐད་ཡིག་དེ་ཡིན། མང་པོ་ཞུ་འོས་མ་མཆིས། སྐད་དང་རིག་གཞུང་ཉམས་ཆག་འགྱུར་རྒྱུ་ལས་སླ། དེར་བརྟེན་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ཀྱི་གནད་འགག་ཆེ་ཤོས་ཤིག་སྟེ་གང་གྱུར་ཡོད་ཅེ་ན། ང་རང་ཚོའི་ངོས་ནས་སྲོལ་རྒྱུན་གྱི་རིག་གཞུང་ལ་གུས་བཀུར་དང་བརྩེ་སེམས་ཡོད་དགོས་པ་གནད་ཆེ་ཡིན། གལ་ཏེ་ང་ཚོ་བོད་པའི་ངོས་ནས་སོ་སོའི་ཆོས་དང་རིག་གཞུང་ལ་གུས་བཀུར་མ་བགྱིས་ཚེ། ང་ཚོས་མི་གཞན་ལ་སོ་སོའི་ཆོས་དང་རིག་གཞུང་ལ་གུས་བཀུར་བྱེད་དགོས་ཞེས་པའི་སྐད་ཆ་དེ་ཕལ་ཆེར་བཤད་མི་བཏུབ། དེར་བརྟེན་ང་ཚོས་ངེས་པར་དུས་ཐོག་ཏུ་སོ་སོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུ་ཧ་ཅང་གནད་ཆེ། ཡིན་ཡང་སྲོལ་རྒྱུན་རིག་གཞུང་ཞེས་མང་པོ་ཞིག་བཤད་ཙ་ན། ཡང་མང་པོ་ཞིག་གིས་ཀླད་པ་མཁྲེགས་པོ་ཞིག་གདའ་སྙམ་སྲིད། ཡིན་ཡང་སྲོལ་རྒྱུན་གྱི་རིག་གཞུང་ང་ཚོས་རྒྱུན་འཛིན་བྱེད་དགོས་ཀྱང་སྲོལ་རྒྱུན་གྱི་ཀླད་པ་རྙིང་པའི་རྒྱས་བཅིངས་ཏེ་མ་བཞག་པར་ང་ཚོས་ངེས་པར་དུ་བསམ་བློ་གསར་པ་དང་ཤེས་བྱ་གསར་པ་ནུས་པ་གསར་པ་དེ་དག་ལ་སློབ་སྦྱོང་བྱེད་དགོས་པ་ཧ་ཅང་གནད་ཆེ། ད་ལྟ་ང་ཚོ་འཛམ་བུ་གླིང་གི་གྲོང་ཚོ་ཞེས་གང་ལྟར་འཛམ་བུ་གླིང་ཚང་མ་ཕན་ཚུན་ཐག་ཉེ་པོ་དང་ཕན་ཚུན་ཧ་ཅང་འབྲེལ་ཐག་ཉེ་པོར་གྱུར་ཡོད། དེར་བརྟེན་དེ་འདྲའི་དུས་རབས་ཤིག་གི་ནང་དུ་སླེབས་ཡོད་ཙ་ན། ང་ཚོས་དུས་རབས་འདི་ལྟ་བུ་ཞིག་གི་ནང་འཚོ་གནས་བྱེད་རྒྱུར་ངེས་པར་དུ་བསམ་བློ་གསར་པ་དང་ཤེས་བྱ་གསར་པ་ནུས་པ་གསར་པ་ཞེས་མ་བརྗོད་ཐབས་མེད་དུ་གྱུར་སྙམ། དེ་བཞིན་ང་ཚོས་ཤེས་བྱ་གསར་པ་དེ་དག་ལ་བསླབ་པ་ཡིན་ན་སོ་སོའི་སྲོལ་རྒྱུན་གྱི་རིག་གཞུང་དར་སྤེལ་བྱེད་རྒྱུ་དང་། སྲུང་སྐྱོབ་བྱེད་རྒྱུར་ཕན་ནུས་ཆེན་པོ་འབྱུང་ངེས་ཡིན་སྙམ།
དེའི་ནང་ནས་ཀྱང་གལ་ཆེ་ཤོས་ཤིག་སྟེ་སྐད་ཡིག་ཡིན། སྐད་ཡིག་ཉམས་ཆག་ཕྱིན་ན་ང་ཚོ་དང་སྲོལ་རྒྱུན་་རིག་གཞུང་དབར་གྱི་འབྲེལ་བ་འཆད་རྒྱུ་ཡིན། དཔེར་ན། ཤོག་བྱ་ཞིག་སྤུར་ན། ཤོག་བྱ་ལ་སྐུད་པ་ཞིག་འདོགས་བཞིན་ཡོད་པས་སྐུད་པ་ཆད་གྱུར་ན་ཤོག་བྱ་དང་སོ་སོའི་དབར་འབྲེལ་བ་ཆད་པ་ཇི་བཞིན་གྱུར། དེའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོས་དེ་དག་གི་གནད་འགག་མཁྱེན་པའི་ཐོག་ནས་སྔར་ཡང་འབད་བརྩོན་བགྱིས་ཡོད་ལ་མུ་མཐུད་དེ་འབད་བརྩོན་བགྱིད་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།
མཐའ་དོན་རང་ཅག་ཁ་བ་གངས་ཅན་པ་རྣམས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། དེ་བཞིན་བོད་མི་གཞིས་བྱེས་མཉམ་འཛོམས་འབྱུང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།”ཞེས་བཀའ་སྩལ།
མཚུར་སྒར་བླ་བྲང་གི་ལས་བྱང་དུས་དེབ་རྩོམ་སྒྲིག་པས་གསུང་ཇི་བཞིན་ཡི་གེར་ཕབ།
༢༠༡༦/༡༠/༢༣
་་་་་་་་་་ དེའི་ནང་ནས་ཀྱང་གལ་ཆེ་ཤོས་ཤིག་སྟེ་སྐད་ཡིག་ཡིན། སྐད་ཡིག་ཉམས་ཆག་ཕྱིན་ན་ང་ཚོ་དང་སྲོལ་རྒྱུན་་རིག་གཞུང་དབར་གྱི་འབྲེལ་བ་འཆད་རྒྱུ་ཡིན། ་་་་་་་་་
གང་གི་བཀའ་སློབ་གསེར་གྱི་ཐིག་པ་ལས་།
མ་འོངས་བོད་ཀྱི་སྲོན་རྩའི་མདུན་ལམ་བསྟན་།
བོད་མིའི་ཚེ་སྲོག་ནང་ཆོས་རིག་པས་བསྐྱངས་།།
ཀརྨ་པ་ཡིའི་སྐུ་ཚེ་བརྟན་པ་ཤོག་།
གང་སྐུ་མཐོང་ན་ཀུན་གྲོལ། །
གང་གསུང་ཉན་ན་བདེ་ཆེན། །
གང་ཐུགས་བརྩེ་བའི་རྒྱ་མཚོ། །
གང་སྐུའི་སྐུ་ཚེ་ཡུན་བརྟན། །
གསུང་ལས།
སྲིད་ནི་དུས་ནས་དུས་སུ་འགྱུར། །
སྐད་ཡིག་ལེགས་བྱང་དེ་ལྟར་མིན། །
ཆབ་སྲིད་བརྒལ་ནས་མི་རིགས་སྤྱིའི། །
བདེ་དོན་བསམ་པ་ཆོས་ཡིན་ནོ། །
ཡང་།
ཁོང་གིས།
མཐའ་དོན་བོད་རིགས་གངས་ཅན་པའི། །
ཁོག་པའི་སྙིང་དང་དཔྲལ་བའི་མིག །
སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག །
༸སྐུ་ཚེ་༸ཞབས་པད་བརྟན་པར་ཤོག །
ཀརྨ་པ་མཆོག་གིས་ཞལ་ནས་ཆོས་ཕྱོགས་རྐྱང་པ་མ་གཏོགས་ཐུགས་སྣང་གནང་གི་མེད་གསུངས་བཞིན་ཡོད་ཀྱང་། དོན་ལ་ཆབ་བླ་བྲང་རྒྱ་བསྐྱེད་རིང་ལུགས་ཀྱི་ལམ་དུ་འཕྱན་ཏེ། བླ་བྲང་གི་གནས་བབ་ཕྱིའི་སྐུ་སྲུང་ནས་ནང་གི་འཛིན་སྐྱོང་ཡན་ཆད་ཆབ་སྲིད་ཁང་ཞིག་གི་ངོ་བོར་བསྒྱུར་ཟིན་པ་ཡིན།
ཀརྨ་པ་མཆོག་གིས་ཆོས་ཉམས་སུ་ལེན་བཞིན་པ་ཡིན་ནའང་། ཉམས་ལེན་རང་སྟེང་ནས་རྗེས་ལུས་ཐེབས་ཏེ། ཡར་མར་ཕེབས་བཞུད་ཚུན་ཆད་རྫིག་དྲག་སྟེ་ཆོས་པའི་རྣམ་ཐར་འཁྱོང་གི་མེད་ལ། ལྷག་པར་བློ་ཕུག་ཆོས་དང་། ཆོས་ཕུག་སྤྲང་ལ་གཏོད་པའི་མར་པ་མི་ལ་ཡབ་སྲས་ཀྱི་རྣམ་ཐར་ཉམས་ལེན་ཐུབ་ཀྱི་མེད།
ཀརྨ་པ་མཆོག་གིས་སློབ་སྦྱོང་གནང་གི་ཡོད་པའི་སྦིར་གྲགས་ཆེ་ནའང་། གྲགས་པའི་ཚོད་ཀྱི་གྲུབ་དོན་ཞིག་ད་དུང་རྙེད་མེད། ཀརྨ་པ་རྒྱ་གར་དུ་ཆིབས་ཞལ་བསྒྱུར་ནས་ད་བར་སློབ་སྦྱོང་གསན་བསམ་གནང་བའི་ལོ་གྲངས་ག་ཚོད་འགོར་ཡོད་མེད་ལ་མ་ལྟོས་པར། སློབ་སྦྱོང་གི་མཐུན་རྐྱེན་ཧ་ལས་པའི་འཛོམས་པོ་ཡིན་པ་བསྙོན་དུ་མེད། འོན་ཀྱང་། བོད་མི་དཀྱུས་མ་ཞིག་གིས་སློབ་ཡོན་ཡོད་ལ་མེད་ལའི་ལམ་ནས་གྲུབ་འབྲས་ཐོན་པ་དང་། ཀརྨ་པ་ཁོང་གིས་གསན་བསམ་གནང་བའི་ལོ་ངོ་བཅུ་ཕྲག་གཅིག་དང་ལྷག་ནང་གི་གྲུབ་འབྲས་གཉིས་བསྡུར་ན་ཧ་ལས་དགོས་པ་ཧང་སངས་དགོས་པ་ཞིག་མེད། དེ་ནི་བོད་ཀྱི་སྤྲུལ་སྐུའི་མིང་ཐོགས་པ་ཚོ་མང་ཆེ་བའི་གཤིས་ཀ་ཡིན་པ་ལས། ཀརྨ་པ་གཅིག་པུ་དེ་འདྲ་ཞིག་ཡིན་སོང་བ་མིན།
ཀརྨ་པ་མཆོག་གིས་གཞན་རོགས་སྐྱོར་གནང་གི་ཡོད་པ་མངོན་གསལ་མཐོང་རྒྱུ་ཡོད་ཀྱང་། ཁོས་བཙན་བྱོལ་བོད་མི་རིས་སུ་མ་མཆིས་པའི་མ་འོངས་མདུན་ལམ་སྟེང་རོགས་སྐྱོར་རླབས་ཆེན་འདི་གནང་སྟེ། མ་འོངས་པར་ཕན་ཐོགས་ངེས་ཅན་ཡོང་ངེས་ཀྱི་ལས་གཞི་གང་ཡང་རྩོམ་ཐུབ་མེད། དེ་ལས་ལྡོག་སྟེ། ཁོང་གིས་མི་མང་དང་ཤེས་ཡོན་ཅན་ཚོར་དོ་སྣང་ཡོད་སར་ཐུགས་སྣང་གནང་སྟེ། སྙན་ངག་འབྲི་བ། རི་མོ་འབྲི་བ། སྙན་ངག་གྱེར་འདོན་གནང་བ་སོགས་གནང་གི་ཡོད་ཀྱང་། རླབས་ཆེན་མི་སྣའི་རང་རྟགས་ཐུན་མིན་དུ་ཡོད་པའི་ཁྱད་ཆོས་མ་འདྲ་བ་དེ་འདྲ་ད་བར་གང་ཡང་བསྟན་མེད་པ་འདྲ། གཅིག་བྱས་ན་ངས་མ་མཐོང་བ་ཡིན་སྲིད། ཡིན་ན་དགོངས་དག་ཞུ། དེ་མིན་ཕལ་ཆེར་མེད་ཐག་ཆོད་རེད།
ཀརྨ་པ་མཆོག་གིས་ཆོས་བརྒྱུད་གཞན་གྱི་དབུ་ཁྲིད་ཚོར་སློབ་སྦྱོང་བྱེད་ཀྱི་མེད་པ་འདྲ། དཔེར་ན་བོད་མིའི་སྤྱི་བླ་ཆགས་པའི་ས་སྐྱ་གོང་མ་རིན་པོ་ཆེ་དང་། སྨིན་རིའི་ཁྲི་འཛིན་རིན་པོ་ཆེ་ལྟ་བུར་མིག་དཔེར་ལྟོས་ཏེ་རྗེས་སུ་འཇུག་རྒྱུར་རྗེས་ལུས་ཐེབས་བཞིན་པ་ཡིན། ༧ཁོང་རྣམ་པ་གཉིས་ལྟ་བུ་ནི་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ཚུལ་བཞིན་བསྒྲུབས་ཏེ་སྲིད་ཕྱོགས་ནས་མི་མང་དཀྱུས་མའི་ཡིད་ཆེས་ངེས་པ་རྙེད་པའི་བླ་མ་དེ་འདྲ་ཡིན། ཁོང་རྣམ་པས་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཆོས་དོན་ལྷན་ཁང་དབུ་འཛུགས་རྒྱུར་འབད་པ་མཐའ་འཁྱོངས་བྱས་ཡོད། འོན་ཀྱང་། དེ་དབུ་འཛུགས་མ་ཐུབ་དོན་བཀའ་བརྒྱུད་པའི་ཕྱོགས་སུ་འགག་བསྡད་ཡོད། དེའི་ཐད་ཀརྨ་པ་མཆོག་གིས་ད་དུང་དབུ་ཁྲིད་དེ་ཐུགས་ནུས་འདོན་དགོས་པར་མི་མང་གི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།
ཀརྨ་པ་མཆོག་གིས་མི་མང་གི་བསམ་འདུན་ལ་ཐུགས་སྣང་གནང་གི་འདུག་གམ། འབྲུག་པ་བཀའ་བརྒྱུད་པའི་ཁོངས་ནས་སླེབས་ཤིང་། བཙན་བྱོལ་ནང་གཞི་ནས་བོད་ཡིག་ལོ་འགར་སྦྱངས་པའི་བསྟན་པ་ཡར་འཕེལ་ཞུ་བས་ཐེངས་འགར་གྲོས་ཚོགས་ཀྱི་སྡིངས་ཆ་བརྒྱུད་བོད་མི་ས་ཡ་དྲུག་ལ་ཐུགས་ཕོགས་ཚད་མེད་བཏང་ཡོད། འདིའི་ཐད། ཀརྨ་མཆོག་དང་། འབྲི་གུང་རིན་པོ་ཆེ། སྟག་ལུང་རིན་པོ་ཆེ་སོགས་ལ་མི་མང་གིས་རེ་བ་བརྒྱབས་ཤིང་། གསོལ་བ་བཏབས་ཏེ་མི་དེས་ང་ཚོ་དཀྲུགས་སོང་ཞེས་ལན་གྲངས་དུ་མར་གསུངས་བཞིན་པ་ཡིན་ནའང་། ཁོང་རྣམ་པའི་ཡེ་ཤེས་སྤྱན་གྱིས་གཟིགས་ཀྱི་མེད་པ་འདྲ།
དེའི་ཆ་ནས། ཀརྨ་མཆོག་གིས། ངས་བསམས་ན། གནང་མི་དགོས་པ་མང་པོ་ཞིག་གནང་། གནང་དགོས་པ་མང་པོ་ཞིག་གནང་གི་མི་འདུག་བསམས། གཞན། ཞུ་སྟངས་ནོར་ཡོད་ན་དཀོན་མཆོག་གསུམ་དང་ཀརྨ་པ་མཆོག་དགོངས་སེལ་སྙིང་ནས་ཞུ། ངས་འདི་བོད་སྤྱིའི་ཆེད་དུ་ཞུས་པ་ཡིན།།
བྱ་ཁུ་བྱུག་ཡིན་ན་དཔྱིད་ཀ་མ་གཏོགས་དགུན་ཁ་ཁ་མི་གྲག འདི་མི་ཁུ་བྱུག་ཡིན་སྟབས་དགུན་ཡང་ཁ་གྲག་སྟངས་ལ་བལྟས་ན། ཆོས་ལུགས་ཀྱི་ན་ན་ཚ་ཚ་ཞིག་ནི་མིན་འགྲོ། གང་ལྟར་ཡང་བྱང་ཆུབ་སེམས་དཔའ་ལ་བསྐུར་བ་མི་འདེབས་འཚལ། བསྟན་པ་ཡར་འཕེལ་ནི་མིང་ཙམ་གྱི་བཀའ་རྒྱུད་སྤྱི་འཐུས་ལས་དོན་ལ་ཁམས་པའི་སྤྱི་འཐུས་འོས་གྲངས་ཉུང་ཡང་གྲོས་རར་རྒྱབ་སྐྱོར་མང་བའི་ཆོས་གཟན་འོག་ནས་དུག་མདའ་འཕེན་པའི་རྔོན་པ་ལག་ན་བེ་ཅོན་ཞིག་རེད། དེ་ལ་དཔལ་ཀརྨ་པར་གནང་ཐབས་གང་ཡང་མེད་པ་ཚང་མས་མཐོང་བཞིན་པ་འདི་རེད།
ཁུ་བྱུག་གྲགས་འདུག ད་དཔལ་ཀརྨ་པས་མདུན་ལ་ཟགས་པའི་དཀའ་ངལ་ལ་གདོང་ལེན་གནང་ན་དགའ། དེ་མིན་ཆབ་སྲིད་དང་སྤྱི་ཚོགས་ནང་སིམ་འཛུལ་གནང་མཚམས་བཞག་སྟེ། བླ་མ་བླ་མའི་སར་སྟོང་ཉིད་སྙིང་རྗེ་ཉམས་ལེན་གྱི་མཐིལ་དུ་བཟུང་ནས་ལྷམ་མེར་བཞུགས་རོགས།
ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ་།
བྱང་ཆུབ་སེམས་པ་རྣམས་ལ་བཀུར་བ་བཏབ་།
དོན་མེད་སྡིག་ཆེན་བསག་པ་མཐོ་ལོ་བཤགས་།
༼ང་ཚོ་བོད་མི་དེ་བཞིན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དང་དེ་དར་སྤེལ་གཏོང་མཁན་ཞིག་ཆགས་ཡོད། བོད་ཀྱི་རིག་གཞུང་ནི་ང་ཚོ་བོད་མི་རིགས་ཀྱི་བླ་སྲོག་ཏུ་གྱུར།༽ བཀའ་སློབ་ཧ་ཅང་ཡག་པོ་གནང་འདུག་པས་ཉན་འདོད་པ་དང་བསམ་སྤྲོ་བ་ཞིག་རེད་བཞག། །
བོད་ཀྱི་སྲོལ་རྒྱུན། བོད་ཀྱི་རིག་གནས། བོད་ཀྱི་རིག་གཞུང་། བོད་ཀྱི་ཆོས་དང་རིག་གཞུང་། བོད་ཀྱི་སྲོལ་རྒྱུན་སྙིང་བཅུད། སྲོལ་རྒྱུན་རིག་གཞུང་གི་སྙིང་པོ། ཞེས་སོགས་མང་པོ་ཞིག་གསུངས་གནང་འདུག་པས། འདི་ཚོའི་མཚན་ཉིད་དང་མཚན་གཞི་དབྱེ་བ་སོགས་ངོ་སྤྲོད་ཁ་གསལ་ངོ་གསལ་ཞིག་གནང་ཐུབ་ན་ང་ལྟ་བུའི་བོད་རིགས་གཞོན་སྐྱེས་རྣམས་ལ་ཕན་ཐོག་ཡོང་ས་རེད།
༼དེའི་ནང་ནས་ཀྱང་གལ་ཆེ་ཤོས་ཤིག་སྟེ་སྐད་ཡིག་ཡིན། སྐད་ཡིག་ཉམས་ཆག་ཕྱིན་ན་ང་ཚོ་དང་སྲོལ་རྒྱུན་་རིག་གཞུང་དབར་གྱི་འབྲེལ་བ་འཆད་རྒྱུ་ཡིན།༽ ཡིན་ནའང་རྒྱལ་བ་ཀརྨ་པ་མཆོག་གིས་ཁམས་སྡེ་དགེའི་ཕ་སྐད་གཙང་མའི་གསུངས་བཤད་ཅིག་ནམ་གནང་ཡོང་བསམ་ནས་སྒུག་བསྡད་ཡོད་ཞུ། ། རྒྱ་སྐད་གོ་སོང་། དབྱིན་སྐད་གོ་སོང། ཡིན་ནའང་ཕ་ཡུལ་སྡེ་དགེའི་སྐད་གོ་མ་སོང་། །
ཁོང་སྡེ་དགེ་མ་རེད་ལྷ་ཐོགས་རེད།
#7 ཁུ་བྱུག ་ལགས།
ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཅོག་གིས། རང་གི་ཀམ་ཚང་བཀའ་བརྒྱུད་པའི་རྩ་བའི་བླ་མ་བསྟེན་ཞོར་དུ། ༸གོང་ས་མཆོག་གི་དྲུང་ནས་གསུང་ཆོས་བཀའ་དབང་ཞུས་ཡོད་རེད། དེ་བཞིན་ས་སྐྱ་བདག་ཁྲི་རིན་པོ་མཆོག་གི་དྲུང་སན་བཀའ་དབང་གསུང་ཆོས་ཞུས་ཡོད་རེད།
ཁྱུང་སེ་རང་བོན་པོ་ཡིན་ན། བོན་པོའོི་བླ་མའི་དྲུང་ནས་གསུང་ཆོས་བ་ཞུ་བར་དགོངས་ན་ནི། དེ་ནི་དཀའ་ངལ་ཞིག་ཡོད་པ་ནི། དིང་གི་བོན་པོ་རྣམས་ནང་པ་ཡིན། ནང་པ་སངས་རྒྱས་པ་མིན་ཟེར་བགྱིན་དེར་དགག་ནས་བསྡད་ཙང་། རིས་མེད་ང་ལྟ་བུ་ཡང་། བོན་བླ་སུའི་དྲུང་ནས་ཀྱང་གསུང་ཆོས་ཞུ་འདོད་མི་འདུག་པ་འདིས་ཀྱང་ཤེས་ཐུབ་པ་མང་ངོ་།།
ཁུ་བྱུག་ལགས། མི་ལ་ཕར་མཛུབ་མོ་མ་བཙུགས། ཚུར་རང་གིས་བོད་སྤྱི་སྒེར་ཟུང་ལ་གང་བྱས་བསམ་བློ་ཐོངས། ཀརྨ་པ་ལ་སྐུ་སྲུང་ཡོད་པ་དེ་ཀརྨ་པས་གསུངས་ནས་བཞག་པ་ཞིག་ཨེ་ཡིན་ན། སྔར་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦེའི་ནང་དྲག་སྤྱོད་པ་བཞི་འཛིན་བཟུང་བྱས་པར་ཁོང་ཚོའི་ལག་ནས་ཡིག་ཆ་ཐོན་པའི་ནང་། གཙོ་བོ་རྒྱ་གར་ནང་དྲག་སྤྱོད་ཀྱིས་ཞི་བདེ་མེད་པ་བཟོ་རྩིས་དང་། དམིགས་བསལ་བོད་མིའི་ནང་༧སྐྱབས་མགོན་རིན་པོ་ཆེ་དང་། ཀརྨ་པ་རྣམ་གཉིས་མེད་པ་བཟོ་རྒྱུའི་འཆར་གཞི་ཡོད་སྐོར་གྱི་གསང་བ་ཕྱིར་ཐོན་བྱས་པ་དང་ག༷ཅིག ཡང་དུ་ད་ལན་ཕྱི་ལོ་ ༢༠༡༦ ལོར་རྒྱ་གར་ནང་སྲིད་བློན་ཆེན་གྱིས་བཀའ་སློབ་ཅིག་གི་ནང་། ཀརྨ་པ་འབྲས་ལྗོངས་སུ་ཆིབས་སྒྱུར་གནང་རྒྱུར་དམིགས་བསལ་བཀག་འགོག་མེད་ཀྱང་ཁོང་གི་སྲུང་སྐྱོབ་དེ་གལ་ཆེན་པོ་ཡིན་སྐོར་གྱི་བཀའ་སློབ་གནང་སྟེ་གནས་ཡུལ་བཀའ་དྲིན་ཅན་རྒྱ་གར་གཞུང་ནས་སྐུའི་ཉེན་སྲུང་ཆེད་བཞག་དགོས་པའི་བཀའ་སློབ་དང་འབྲེལ་བཞག་པའི་ལོ་རྒྱུས་ཤིག་འདུག་པ་ལས་ཀརྨ་པ་དང་ཁོང་གི་བླ་བྲང་ནས་བཞག་པའི་གནས་ཚུལ་གང་ཡང་མི་འདུག། རྗེས་སོར་རིམ་བཞིན་དགོད་ཆོག་པ་ཞུ།
ཁ་བརྡའི་ནང་དུ་ཆུ་ཚོད་ཉི་ཤུ་རྩ་བཞི་དུས་ཚོད་བསྐྱེལ་མཁན་རྩོམ་ཡིག་ལ་རང་གི་བསམ་ཚུལ་གང་ཡིན་མཆན་འགོད་རྒྱུའི་ཡོན་ཏན་མེད་པ་གཞན་གྱི་མཆན་གྱི་གཡམ་ལ་རྒྱུགས་མཁན་རྩོམ་ཡིག་བསྐྱར་བཤུས་ཡང་བཤུས་བྱས་ནས་བསྐྱར་འགོད་བྱེད་པ་ནི་ཁ་བརྡ་དྲ་རྒྱའི་སྲིན་འབུ་ངོ་མ་དེ་རེད་འདུག རྩོམ་ཡིག་བསྐྱར་འགོད་་བྱེད་དགོས་དོན་མེད་དེས་མཆན་བུའི་ས་དམིགས་ཐམས་ཆད་བཀག་ཡོང་གི་འདུག སྐབས་རེར་མཆན་མིང་མཐོང་སར་ཀརྡོ་རབ་འབྱམས་ཟེར་ནས་བཀང་སྟེ་མཆན་བུ་གཞན་སུས་བཏབ་མིན་ཀྱང་མཐོང་མི་ཐུབ་པའི་མཆན་ཉོག་གིས་བཀང་ཡོང་གི་འདུག རྩོམ་ཡིག་གི་ནང་དོན་གང་ཡིན་ཀློག་མཁན་ཚང་མས་གོ་བ་ལེན་ཐུབ་པ་དང་ཀློག་ཐུབ་དུས་ཁྱོད་ཀྱིས་ཅི་ཡིས་ཕྱིར་བསྐྱར་བཤུས་ཀྱིས་འགོད་དགོས་པ་ཡིན་ནམ། ཁྱོད་ཀྱིས་བོན་པོར་ཤོད་འདོད་ན་ཁྱོད་རང་གིས་ཤེས། ངའི་ཆོས་ལུགས་གང་ཡིན་དང་ང་ཡིས་བྱེད་བབ་ལ་བརྟེན་ནས་བོན་པོར་དམའ་འབེབས་བྱེད་རྒྱུ་མཚམས་འཇོག་དགོས། འདྲེ་ཁུ་བྱུག་ཤར་སྒོ་ལ་བཞག་ནས་གླུད་ནུབ་སྒོ་ཁྱུང་སེ་ལ་གཏོང་དགོས་དོན་མེད། ཁུ་བྱུག་དང་ཁྱུང་སེ་གཉིས་ལ་ནོར་དོན་མེད། ཧང་གྷ་རིའི་ལུང་པ་དེ་ནི་ཡུ་རོབ་ཀྱི་ལུང་པ་ནས་གང་ཅིའི་ཆ་ནས་སྐྱོ་ཤོས་ཞིག་རེད་དེ་ཡིན་དུས་ཁྱེད་རང་ཡང་དེར་བསྡད་ནས་ལས་ཀ་མེད་པ་འདྲ།
ནུབ་ཕྱོགས་གང་ཕྲུག་འདི་ཡང་མི་ཐེབས་བཅག་ཅིག་རེད་འདུག ༧གོང་ས་ལྔ་པས་བཀའ་བརྒྱུད་པའི་ལག་ནས་སྲིད་དབང་དྲག་པོས་འཕྲོགས་ཟེར་བ་རྒྱལ་དབང་ལྔ་པས་བཀའ་བརྒྱུད་པའི་དབུ་འཛིན་ཞིག་གི་ས་ནས་ཐད་ཀར་བཞེས་པ་ལྟ་བུའི་ཤོད་སྟངས་འདི་བདེན་པ་མ་རེད། དེ་བཞིན་ད་དགའ་ལྡན་ཕོ་བྲང་ནས་འཇམ་པོའི་ཐོག་ནས་བཞེས་རྒྱུའི་སྲིད་དབང་ཟེར་བ་དེ་ག་རེ་ཡོད་རེད། ཁ་ནས་གང་ཐོན་ལག་ནས་འབྲི་མ་ཡོང་ཨ།
ཨ་ཁུ་འབྲོག་པ། ༧ གོང་ས་ལྔ་པས་བཀའ་བརྒྱུད་པའི་བླ་མས་ལག་ནས་སྲིད་དབང་འཕྲོག་པ་མ་རེད། གཙང་པ་རྒྱལ་པོའི་ལགས་ནས་སྲིད་་དབང་ཕྲོགས་པ་རེད། ཡིན་ནའང་༧ གོང་ས་ལྔ་པའི་ཀར་དགོན་དང་ཇོ་ནང་དགོན་པ་ཕལ་ཆེར་བ་དགེ་ལུགས་སུ་བསྒྱུར་བ་རེད།
བགྲོ་གླེང་གནང་རོགས། མུ་མཐུད་དུ།
ཤིན་ཏུ་ཡག་པི་གསུངས་འདུག བཀྲིན་ཆེའོ་ཀརྨ་པ།
ཁྱུང་སེ་རིགས་ཀྱི་གསར་འབྱོར་བ་མི་གསོད་ལག་དམར་བ་དེ་ཚོའི་རིགས་ལ་ང་ཞེན་པ་ཅུངཟད་ལོག་ནས་བསྡད་ཡོད་གདའ།
ཀརྨ་པ་དངོས་གནས་དེ་རེད་བེ་ ངས་གོ་ཐོས་ལ་བྱམས་མགོན་སི་ཏུ་གིས་ཞལ་ཆེམས་རྫུན་མ་ཞིག་བརྟེན་ནས་ངོས་འཛིན་བྱས་པ་ཞིག་གོ་ཐུས་བྱུང་།
མཐའ་ཡས་རྡོ་རྗེ་ལགས་ཀརྨ་པ་རྫུན་མ་ཡིན་པ་དེ། ངོས་འཛིན་བྱེད་མཁན་ཞྭ་དམར་པ་རང་གིས་ངོས་ལེན་བྱས་ཡོད་རེད་དོ།།
རང་དང་མཐུན་པར་བྱུང་ན་བསྟོད་པ། དེ་དང་མ་མཐུན་ན་སྨད་ར་བྱེད་མཁན་ཀརྡོ་རལ་འབྱར་ལྟ་བུའི་རིགས་ལ་ང་མི་དགའ། ང་ནི་སི་ཏུ་དང་ཞྭ་དམར་གཉིས་ཀྱིས་ངོས་འཛིན་གནང་བའི་ཡང་སྲིད་ཡིན་མིན་གང་ལྟར་ཀརྨ་པའི་འོད་ཟེར་ཕོག་པ་ཞིག་ལ་ངོས་འཛིན་དང་གུས་བཀུར་ཞུ་བཞིན་ཡོད་འདི་བདེན་འདི་རྫུན་འབྱེད་པའི་མངོན་ཤེས་ང་ལ་མེད། གང་ཟག་གང་དང་གང་གིས་ལེགས་ཉེས་བརྗོད་མི་ཤེས་དུས་འདི་བདེན་འདི་རྫུན་ཟེར་བའང་ཐག་གཅོད་བྱེད་མི་ཐུབ། ཀ་རྡོ་ལྟ་བུ་པཎ་ཆེན་རྫུས་མ་ཀརྨ་པ་རྫུས་མ་ཟེར་བ་མངོན་ཤེས་ཡོག་མདོག་གིས་གང་ཟག་ཐ་མལ་པ་ཞིག་གིས་ཐག་གཅོད་བྱེད་པའི་ནུས་པ་ང་ལ་མེད། ངའི་བླ་མས་ཀྱང་བསླབ་བྱ་དེ་ལྟར་གནང་བྱུང་ང་ཡི་ཆོས་ལུགས་ཀྱི་གཞུང་ནས་ཀྱང་བསླབ་བྱ་དེ་ག་རང་ཡོད་འདུག ང་ཡི་བླ་མའི་ཞལ་གདམས་ལས། རང་དང་མཐུན་པར་བྱུང་ན་བསྟོད་པ་བྱེད་པ་དང། དེ་དང་མ་མཐུན་ན་སྨད་པ་བྱེད་པ་རྣམས་ནི་བླུན་པོའི་གྲལ་དུ་ཞུགས་པར་མཛོད་ཅིག་གསུངས་ཡོད་འདུག
ཁྱུང་སེ་ལགས།
རྒྱལ་ནོར་པཎ་རྫུན་དང་། མཐའ་ཡས་ཀརྫུན་གཉིས་ལ་སྐྱེ་བ་ཚེ་རབས་ནས་ཚཆ་རབས་བར་དུ་འབྲེལ་བ་མེད་ཤོག་ཅིག་ཅེས་སྨོན་ལམ་འདེབས་བཞིན་ཡོད་དོ།།
ཁྱེད་རང་ཚེ་རབས་ནས་ཚེ་རབས་བར་མགོ་སེར་གྱི་ཡུལ་དུ་སྐྱེ་བར་ཤོག་ཅེས་སྨོན་ལམ་བཏབ་ན་ཡག་པོ་རེད། རང་རྒྱུད་ཀྱི་དུག་ལྔའི་ནགོ་བོ་གནོན་མ་ནུས་པར་མགོ་སེར་གྱི་དུག་ལྔ་བཅོམ་པའི་གདམས་པ་འདྲ་གནང་ན་ཡག་པོ་རེད། རང་ཉིད་ཀྱིས་ཆུ་བསྐྱལ་མ་ཤེས་ནས་གཞན་ཆུ་ལ་ཤོར་བར་ཆུ་ནས་འདོན་རྒྱུའི་སྐད་ཆ་རྫིག་པོ་འདྲ་བཤད་ན་ཡག་པོ་རེད།
༸པཎ་ཆེན་བསྟན་འཛིན་དགེ་འདུན་མཆོག་དང་། ༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་རྣམ་གཉིས་༸སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་གྲངས་མེད་ཞུའོ།། །།
ཀརྨ་པ་ངོ་མ་སུ་ཡིན་སངས་རྒྱས་གོང་ས་མཆོག་ཁོ་ནས་མཁྱེན། དེར་རྩོད་པ་མ་རྒྱག རང་གི་སྐྱེ་བ་སྔ་མ་སུ་ཡིན་མི་ཤེས་མཁན ་དག་རྩོད་པར་ཞུགས་པ་དགོད་བྲོའི་གནས། དེ་ལས་ང་ཚོས་ཀརྨ་པ་ལ་དམ་པའི་རང་རྟགསའདུག་མིན་བགྲོ་གླེང་བྱེད་ཐུབ། དེ་གནང་རོགས་ཞུ།
ཀརྨ་པ་བདེན་རྫུན་ང་ཚོའི་གང་ཡང་མི་ཤེས། ང་ཚོའི་ཤེས་པ་ནི། ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་དེ་༧གོང་ས་མཆོག་དང་། ཀུན་གཟིགས་ཞྭ་དམར། ཏཱ་ཡི་སི་ཏུ། འཇམ་མགོན་ཀོང་སྤྲུལ། མཚུར་ཕུ་རྒྱལ་ཚབ་སོགས་ནས་ངོས་འཛིན་གནང་འདུག ཞྭ་དམར་རིན་པོ་ཆེས་ཟུར་དུ་ཀརྨ་པ་མཐའ་ཡས་རྡོ་རྗེ་ཞུ་བ་ཞིག་ངོས་འཛིན་གནང་འདུག་པས་དོན་དུ་བློ་ལྡན་རྣམས་པས་དཔྱད་པར་འཚལ།
གོང་ས་ལྔ་པའི་ཀར་དགོན་དང་ཇོ་ནང་དགོན་པ་ཕལ་ཆེར་བ་དགེ་ལུགས་སུ་བསྒྱུར་བ་རེད།
་
འདི་ལྟར། ས། རྒྱབ་དགོས་པ་ལ། འི། རྒྱབ་ཚུལ་འདི་འདྲ་གཟན་དག་གིས་བྱེད་པ་མཐོང་བར་མ་ཟད། ལོ་ངོ་བདུན་ཅུ་དོན་གྲངས་སྔོན་དུ་དབུས་གཙང་དུ་མཐོང་། དེས་ན། ཡི་གེ་འབྲི་ཀློག་བྱེད་པའི་དུས་སུ། ཡི་གེ་གང་ཡིན་གྱི་སྒྲ་གདངས་འཐོན་པར་བྱས་ཏེ། ཤུགས་ཀྱིས་སྦྱོར་ཀློག་གལ་ཆེའོ།
ཀརྨ་པ་ཨོ་རྒྱན་འཕྲིན་ལས་ངོས་འཛིན་གནང་ཚུལ་དེ་ཏཱ་ཡི་སི་ཏུ་པའི་ཕྱག་ལ་འདའ་ཁའི་ཞལ་ཆེམས་ཡོད་པ་དེ་ལ་གཞི་བཅོལ་བ་རེད། ཞྭ་དམར་པས་དེ་ཀརྨ་པ་༡༦ གིས་ཕྱག་བྲིས་མ་རེད། དེ་འདྲ་སོང་ཙང་ངོས་ལེན་མེད་གསུངས་པ་རེད། ༧ གོང་ས་མཆོག་གིས་སི་ཏུ་དང་རྒྱལ་ཚབ་གཉིས་ལ་ཁྱེད་རང་ཚོ་ཀརྨ་བཀའ་བརྒྱུད་ལྷ་སྡེ་མི་སྡེ་ཡོངས་ཀྱི་ངོས་ལེན་ཡོད་ན་ངའི་རྒྱབ་བསྐྱོར་ཡོད་གསུངས་པ་རེད། ཁོང་གཉིས་ཀྱི་ཡོད་གསུངས་པ་རེད། དངོས་ཡོད་གནས་ཚུལ་ནི་ཞྭ་དམར་པ་དང་དེའི་རྗེས་འབྲང་པ་ཚོས་ངོས་ལེན་ཡོད་མ་རེད། ཞྭ་དམར་པས་ཁོང་རང་གི་ཀརྨ་པའི་ཡང་སྲིད་ཅིག་ངོས་འཛིན་བྱས་ཡོད། དེ་ལ་རྒྱབ་བསྐྱོར་བ་ཀརྨ་བཀའ་བརྒྱུད་ཁག་གཅིག་དང་དཔལ་ས་སྐྱ་པའི་ཚ་ངོར་རྣམ་གཉིས་གཙོས་བྱས་ས་སྐྱ་པ་དང་། གཞན་ཡང་པད་ནོར་རིན་པོ་ཆེ་དང་། འབྲི་གུང་སྐྱབས་མགོན་སོགས་བླ་ཆེན་མང་པོས་ཁོང་ལ་ཀརྨ་པ་བརྩི་བཞིན་ཡོད། རྒྱུ་མཚན་ནི་ཞྭ་དམར་ནི་དགེ་ལུགས་ནང་རྒྱལ་པཎ་གཉིས་ནང་བཞིན། ཀརྨ་བཀའ་བརྒྱུད་ལ་ཀརྨ་པ་ཞྭ་དམར་ནག་གཉིས་ཞེས་ཡོངས་གྲགས་ཀྱི་བླ་མ་ཆེ་ཤོས་གཉིས་རེད། དེའི་མཚད་བོད་བརྒྱུད་ནང་བསྟན་སྤཐུལ་སྐུ་ཐོག་མ་དང་གཉིས་པ་དེ་རེད། ༧ གོང་ས་མཆོག་གིས་སྤྲུལ་སྐུའི་ཡང་སྲིད་གཉིས་ཡོང་ན་འགྲིག་གསུངས་ཡོད་རེད། ཡིན་ནའང་སི་ཏུ་ཕྱོགས་ནས་ཁས་ལེན་བྱེད་ཀྱི་མེད་པ་རེད། ཡིན་ནའང་ཀརྨ་པ་མཐའ་ཡས་རྡོ་རྗེ་ནི་ཞི་ཞིང་དུལ་བ། མཁས་པ། བཟང་པོ། དབྱིན་སྐད་ལ་ཐོག་པ་མེད་པ་སོགས་མདོར་ན་བཟང་པོའི་ཡོན་ཏན་དང་ལྡན་པའི་སྐྱེས་བུ་ཞིག་རེད། དེ་འདྲ་ཁོང་ལ་ཉི་ཤར་སྦར་མོས་མི་ཁེབས་པའི་དཔེ་ལྟར་འཛམ་གླིང་ལ་སྙན་གྲགས་ཅན་གྱི་བླ་མ་དང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོག་ཡོང་བའི་སྐྱེས་བུ་དམ་པ་ཞིག་འབྱུང་ངེས་རེད།
སྡེ་དགེ་པ་ཡིན་ན་ལྷ་ཐོགས་པ་དངོས་ཤུགས་རྒྱུད་གསུམ་ནས་མ་ཡིན་དགོས་པ་དང་། ལྷ་ཐོགས་པ་ཡིན་ན་སྡེ་དགེ་པ་དངོས་ཤུགས་རྒྱུད་གསུམ་ནས་མ་ཡིན་དགོས་པའི་ཁྱད་པར་ག་རེ་འཇོག་རྒྱུ་ཡོད་དམ་ལགས།
Bonpo ལྷ་ཐོག་ཁོ་རང་ལ་རྒྱལ་པོ་ཞིག་ཡོད་རེད། ལོགས་སུ་རེད་ཟེར། ལྷ་ཐོག་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་དང་ཆབ་མདོ་རྫོང་ནང་ལ་ཡོད། སྡེ་དགེ་ནི་ཁོ་རང་ལ་རྒྱལ་པོ་དང་། དེང་དང་སི་ཁྲོན་གྱི་སྡེ་དགེ་རྫོང་དང་དཔལ་ཡུལ་རྫོང་། བོད་ལྗོངས་ཀྱི་མཇོ་མདའ་རྫོང་སོགས་རེད། དེ་གཉིས་སོ་སོ་རེད་འདུག
སྔར་སྐུ་ཕྲེང་གོང་མའི་ཞྭ་དམར་པ་གཅིག་གིས། བོད་ནང་གོར་ཁའི་དམག་གདན་འདྲེན་པ་བཞིན། མཐའ་ཡས་ཀྱང་དྷ་སའི་ཕྱོགས་ལ་ཆོས་དམག་དྲངས་པ་གཅིག་མཚུངས་རེད། འདིས་ཞྭ་དམར་ཁོང་ཞྭ་དམར་གྱི་ཡང་སྲིད་འཁྲུལ་མེད་ཡིན་པའི་རྟགས་མཚན་ཡག་པོ་གཅིག་ཀྱང་རེད་སྙམ་ལགས།
ཀ་རྡོ་ལགས། ཞྭ་དམར་པ་སྐུ་ཕྲེང་བཅུ་པའི་སྐབས་གོར་བོད་དམག་འཁྲུགས་བྱུང་ཡོད་པ་གསལ་པོ་རེད། སྐབས་དེ་དུས་ཞྭ་དམར་བཅུ་པ་བལ་ཡུལ་ལ་བཞུགས་ཡོད་རེད། ཡིན་ནའང་དེའི་གནད་དོན་བསྐོར་སྐབས་དེ་དུས་བོད་གཞུང་དང་བཀའ་བློན་རྡོ་རིང་པཎྜི་ཏས་བཤད་ཚུལ་གཅིག་དང་། ཀརྨ་བཀའ་བརྒྱུད་པ་ཚོས་བཤད་ཚུལ་གཅིག བལ་ཡུལ་དུ་ད་ལྟ་ཡང་ཡོད་པའི་བལ་པོའི་ཡིག་རྙིང་བཅས་བཤད་ཚུལ་མི་འདྲ་བ་གསུམ་འདུག དེ་འདྲ་སོང་ཙང་མཐའ་གཅིག་ཏུ་ཞྭ་དམར་བཅུ་པ་ལ་ནག་ཉེས་བཙུག་མི་ཉན། ལྷག་པར་དུ་ཞྭ་དམར་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས་ལ་དེ་དང་འབྲེལ་བ་གཏན་ནས་མེད་པ་དང་། ཁོ་རང་ལ་༧ ཀརྨཔ་༡༦ པས་༧ གོང་ས་བཅུ་བཞི་པར་སླར་ཡངཞྭ་དམར་པའི་་ངོས་འཛིན་བྱས་ཆོག་པ་གནང་བ་ཞུས་པ་བཞིན་ངོས་འཛིན་གནང་བ་རེད། ཞྭ་དམར་༡༤ པ་འདིས་སྐུ་ཚེ་རིང་ལ་རྒྱ་ནག་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་བྱེད་མ་མྱོང་ལ་དོལ་རྒྱལ་དང་དཔུང་སྒྲིག་བྱེད་མ་མྱོང་རང་ཚུགས་བརྟན་པོ་བྱེད་མཁན་ཞིག་ལ་ངོས་འཛིན་བྱས་བཞིན་ཡོད། རྒན་ཀ་རྡོ་ཁྱེད་རང་དགེ་ལུགས་པ་ཡིན་ནའང་ཁྱེད་རང་གི་ཕ་ཡུལ་གཅིག་པ་མངའ་རིས་འབ་ཆེན་ཟེར་བའི་ལུང་པ་ཆུང་ཆུང་གི་མི་འདི་ཚོ་མང་ཆེ་བ་རྒྱལ་བ་ཞྭ་དམར་པ་ལ་དད་པ་བྱེད་མཁན་ཤ་སྟག་རེད། དེ་འདྲ་སོང་ཙང་འདིའི་བསྐོར་ཁ་མ་བཏང་ན་ལེགས་སོ།
དཔལ་རྒྱལ་དབང་༸ཀརྨ་པ་༸སྐུ་ཕྲེང་བཅུ་དྲུག་པ་ཡང་ཐོག་མའི་སྙུང་གཞི་དེ། ཞྭ་དམར་པས་འབྲས་ལྗོངས་ནས་ཁ་གྱེས་ནས། དིལླིར་དགོན་པ་གསར་བཞེངས་ཀྱིས་༸ཀྲྨ་པ་སྐུ་ཕྲེང་བཅུ་པས་རྨང་རྡོ་འཇོག་གནང་དུས་སྙུང་གཞི་ཐོག་མ་གསར་དུ་བཞེས་པ་ཡིན་པ་ཡང་། ང་དང་འཛིན་གྲྭ་གཅིག་པའི་ཀམ་ཚང་གྲྭ་པ་གཅིག་གིས་རྒྱུས་ཡོད་བྱས་དང་གཅིག
མཐའ་ཡས་རྡོ་རྗེ་ཁྲིར་བསྐོས་པ་དང་གཉིས། མཐའ་མ་རང་ཉིད་ཀྱི་བྱས་ཉེས་ལ་འགྱོད་པ་སྐྱེས་ནས་༸གོང་ས་མཆོག་བཅར་ནས་བཀའ་སློབ་གསལ་དོན་གནང་ཡང་། ཞྭ་དམར་ཆོས་ཚོགས་ཕྱི་རྒྱལ་ཌེན་མརྐ་ནས་ཡིན་པ་འཕོ་བའི་དབང་འཁྲིད་གནང་མཁན་ཨོ་ལི་ ནི་དེལ་སོགས་ཀྱི་ཁ་ལ་བལྟས་ནས། སླར་ཡང་མིག་ལྡན་གཡང་འཆོང་བྱས་ནས་མཐར་གཤེགས་པ་གསུམ་ནི། ཞྭ་དམར་བླ་མས་བསྟན་པ་འཛིན་པ་ལས་ལྷག་པ་། བསྟན་པར་རྨ་འབྱིན་པ་མང་བ་བྱུང་འདུག་སྙམ་ནས་བསྡད་ཡོད་པས། #33 ནུབ་ཕྱོགས་གངས་ཕྲུག ་ལགས་ཁྱོ་རང་མཐོང་རྒྱ་ང་ལས་ཆེ་བ་ཡོད་ན། འདི་ལ་ལན་ཐད་ལྡན་ཞིག་གནང་ཐུབ་བམ་ལགས།། །།
ནང་པ་བ་ཡིན་ཟེར་མཁན་འཚེ་མེད་སྨྲ་བར་འདོད་མཁན་ཆོས་ཡང་དག་པར་ཡིན་པར་ཁས་མཆེས་བའི་མི་བུ་རྣམས་ཀྱིས་ཆགས་སྡང་མ་བསགས་ན་ལེགས་སམ། ཡང་སྲིད་ཡིན་མིན་གང་ལྟར་ངས་ནི་གཉིས་ཀ་ལ་གུས་བཀུར་ཞུ་བཞིན་ཡོད་གཅིག་ངན་གཅིག་བཟང་གི་བསམ་བློ་མེད། ཡང་སྲིད་འཁྲུལ་མེད་དང་བསམ་བཞིན་སྲིད་པར་བྱོན་པ་་རང་དབང་དང་་སྙིང་རྗེ་ཡི་དབང་གིས་སྐྱེ་བ་བཞེས་མཁན་ཞིག་ད་ལྟའི་དུས་འདིར་ཉིན་སྐར་ཙམ་རེད་ང་ལ་ནི་མཚན་གཞི་འཇོག་རྒྱུ་རྙེད་མ་བྱུང། འོན་ཀྱང་ཞྭ་དམར་པས་ངོས་འཛིན་བྱས་པའི་སྤྲུལ་སྐུ་དྷི་ལིར་ཁྲི་བཞེངས་གནང་སྐས་དྷི་ལི་ཏྲི་ཏྲི་ཟ་ཁང་གི་བདག་མོའི་གཙོས་པའི་བོད་རྒྱུད་ནང་བསྟན་རྗེས་འཛིན་འཚེ་མེད་ཞི་བར་སྨྲ་མཁན་བོད་མི་བརྒྱ་ཕྲག་ཁ་ཤས་ཞིག་ཕྱིན་ནས་ཞྭ་དམར་བའི་དགོན་པ་དང་མི་སོགས་ལ་རྡོས་འཐགས་བྱེད་པའི་གནས་ཚུལ་གསལ་པོ་ཡུ་ཏྲུབ་ནང་དུ་འདུག་པས་དེ་ཚོར་བལྟ་ཙམ་གྱིས་དང་སྙིང་རྗེ་དང་འཚེ་མེད་ཞི་བདེར་སྨྲ་མཁན་དེ་ཚོས་ཅི་བྱས་གསལ་པོ་རེད། འོན་ཀྱང་དེ་ནི་ཀརྨ་པའི་སྤྲུལ་སྐུར་སྨྲ་བ་གཉིས་ཀས་བྱས་པ
ཞིག་མ་ཡིན་པར་དེའི་ཕྱོགས་གཏོགས་པ་ཁྱོད་ཤི་ང་གསོན་ཟེར་མཁན་ཀརྡོ་ལྟ་བུ་དེའི་རིགས་རེད། དེ་ཚོ་ནི་སྤྱིར་བོད་མི་དང་བྱེ་བྲག་ཏུ་བོད་རྒྱུད་ནང་བསྟན་པ་ཡང་སྒོས་སུ་བཀའ་བརྒྱུད་པར་འཆེས་པའི་མི་བུ་ཐ་ཤལ་བ་དེའི་རིགས་ཀྱི་བྱ་སྤྱོད་ཀྱི་ཞབས་འདྲེན་པ་ཞིག་རེད། ད་དུང་གཞན་གྱི་གྲུབ་མཐའ་དང་ཆོས་ལུགས་བླ་མ་དང་བཅས་པར་སྐུར་བ་ཚད་མེད་འདེབས་བཞིན་ཡོད། མི་འདིའི་རིགས་ནི་ཁ་ནང་པ་ཙམ་ལས་ཁོག་པ་ཆགས་སྡང་རྨོངས་གསུམ་གྱིས་བཟི་བའི་བདུད་འདྲེ་ངོམ་དེ་རེད།
ཞྭ་དམར་བས་གོར་དམག་བོད་ལ་དྲངས་བའི་ལོ་རྒྱུས་ཁུངས་ལྡན་མཐོང་མ་མྱོང་སྟོན་རྒྱུ་ཡོད་ན་སྟོན་རོགས། དེ་མིན་བོད་རྒྱུད་ནང་བསྟན་པའི་བླ་སྤྲུལ་ག་གེ་མོས་ཧོར་དམག་དང་རྒྱ་དམག་སོགས་བོད་ལ་དྲངས་ནས་ཅི་བྱས་ཀྱི་ལོ་རྒྱུས་གསལ་པོ་རེད། ཕྱིས་སུ་བླ་མ་འགའ་ཞིག་ལ་རྒྱལ་ཚོང་པ་ཟེར་སྲོལ་ཀྱང་བྱུང་ཡོད་པ་རེད། འགྲེལ་བཤད་མང་པོ་དགོས་པ་མེད། མི་གོ་བ་ཅན་ལ་ཚིག་གཅིག རྟ་འགྲོ་བ་གཅིག་ལ་ལྕགས་གཅིག ཟེར་བ་ནང་བཞིན་རེད།
ཀ་རྡོ་ལགས་ཞལ་རྫུན་མ་གསུངས་ཨ། ཞྭ་དམར་རིན་པོ་ཆེ་ཀརྨ་པ་བཅུ་དྲུག་པ་དང་ཁ་གྱེས་མྱོང་མེད་པ་མ་ཟད། ཀརྨ་པ་དགོངས་པ་རྫོགས་ནས་རུམ་བཏེགས་དགོན་པར་ལྟ་རྟོགས་བྱེད་མཁན་གཙོ་བོ་ཞྭ་དམར་དང་འཇམ་མགོན་གཉིས་རེད། སི་ཏུ་པ་ཀརྨ་པ་དགོངས་པ་མ་རྫོགས་སྔོན་ནས་ཁ་གྱེས་ནས་སྦིར་གྱི་ནགས་གསེབ་ཏུ་དགོན་པ་རྒྱབ་ནས་བཞུགས་ཡོད་པ་མངོན་སུམ་རེད། ད་དུང་གོ་ཐོས་ལ་ཀརྨ་པ་༡༦ པའི་སི་ཏུ་རུམ་བཏེགས་ནས་ཕེབས་སྐབས་ཀརྨ་པ་དགོངས་པ་ཚོམས་པའི་གནས་ཚུལ་གྲྭ་རྒན་བརྒྱུད་ནས་གོ་མྱོང་ཡོད། ད་དུང་སི་ཏུའི་རྗེས་འབྲང་པ་ཚོ་ས་ད་དུང་ཡིན་འང་ཀརྨ་པ་རིག་པའི་རྡོ་རྗེས་ཡག་པོ་མ་བྱས་རབས་ཤེས་རབ་གླིང་གི་གྲྭ་བས་འགའ་ནས་ང་རང་གི་དངོས་སུ་ཐོས་མྱོང་ཡོད། ཡང་སྲིད་ཀྱི་བསྐོར་ལ་ཞྭ་དམར་པ་ཡིན་ན་ཀརྨ་པ་ངོས་འཛིན་བྱེད་ཆོག་པའི་ཐོབ་ཐང་ཡོད་ལ་རུམ་བཏེགས་གདན་སའི་བླ་བྲང་དང་གྲྭ་ཚང་གཉིས་ཀར་ཞྭ་དམར་པའི་ཕྱོགས་གཏོགས་རེད། རྒྱ་མཚན་དེ་ལ་བརྟེན་ནས་ཞྭ་དམར་པ་ལ་ཐོབ་ཐང་ཡོད།
ཞྭ་དམར་སི་ཏུ་གཉིས་སུ་བདེན་སུ་རྫུན་ལ་སྔོགས་ན་ཡག་པོ་མེད་པའི་དོན་དག་ཅིག་ཡིན་པ་གསལ་བོ་རེད། ལྷག་པར་ཞྭ་དམར་རིན་པོ་ཆེར་སྙུང་གཞི་བྱུང་བ་འཚང་དུ་ངོས་འཛིན་གྱིས་ཁྱད་གསོད་བྱས་ན་དེ་བྱབ་ཆུང་གི་ལས་ཀ་རེད། འོ་ན་དེང་སང་སི་ཏུ་རིན་པོ་ཆེ་སྨན་ཁང་དུ་བཞུགས་པ་ལའང་ངོས་འཛིན་ཞིག་བྱེད་དགོས་པ་འདྲ། དེའི་ཆ་ནས་དེ་དག་མ་སྔོགས། མ་རྩོད། མ་གླེང་། གལ་སྲིད་བརྩད་ན། བསྔོགས་ན། མཐར་༧གོང་ས་མཆོག་གི་ངོས་འཛིན་བཀའ་ཡིག་རིན་པོ་ཆེ་ཡོད་མེད་མ་གཏོགས་གཞན་རྣམས་གཅིག་མཚུངས་སུ་ཡོད་པ་གསལ་བོ་རེད།
ང་ཚོས་འདིར་ཀརྨ་པ་མཆོག་གི་བཀའ་སློབ་དང་ཁོང་གི་མཛད་འཕྲིན་སྐྱོང་སྟངས་ཐད་བསམ་ཚུལ་ཤོད། དེའི་རང་གཞན་གཉིས་ཀར་ཕན་གྱི་རེད།
ཞྭ་དམར་ཕྱོགས་གཏོགས་ཀྱིས་གྲྭ་བ་ཁ་ཤས་བརྒྱུད་ནས་༡༩༩༤ ནས་༡༩༩༦ བར་དུ་ཁོང་ཚོར་གནར་གཅོད་བཏང་ལུགས་གོ་ཐོས་བྱུང་བས་སེམས་པ་ཧ་ཅང་སྐྱོ་སོང་། དེ་ཡང་ཏཱ་ཡི་སི་ཏུ་རིན་པོ་ཆེ་དང་དེས་ཕྱོགས་གཏཔགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱུ་ནོར་དཔལ་འབྱོར་ལྐོག་དངུལ་སྤྲད་ནས་ཉེན་རྟོགས་པ་དང་དེ་བཞིན་མི་མང་ནང་ནས་ཁོང་ཚོར་སྡུག་པོ་བཏང་རབས་སོགས་གུས་པའི་གྲོགས་པོ་འགའ་ནས་བཤད་བྱུང་། ད་དུང་ལྡི་ལི་དགོན་པར་ཤེས་རབ་གླིང་གི་གྲྭ་བ་དང་ཨྱོན་སྟོབས་རྒྱལ་གྱི་གྲྭ་བ། མན་ཇུ་ཊི་ལའི་ཊི་ཊི་ཟ་ཁང་གི་ཨ་མ་དང་དེས་བརྒྱུད་ནས་བོད་མི་འགའ་ཤས་འཁྲིད་ནས་རྡོ་རྒྱབ་པ་སོགས་བྱས་ཡོད། འདིའི་བསྐོར་ད་ལྟ་ཡུ་ཊུབ་ནང་ལ་གསལ་པོ་ཡོད། དངོས་ནས་བྱས་ན་རྒྱ་གར་ནང་ལ་ཆོས་ལུགས་སུ་ཡང་རུང་བའི་ལྷ་ཁང་ངམ་ཆོས་ཁང་གཏོར་ན་ཉེན་ཚབས་ཤིན་ཏུ་ཆེ་བ་མ་ཟད། ཧིན་དྷུ་དང་ཁ་ཆེའི་ལྷ་ཁང་གཏོར་ན་རྒྱལ་ཁབ་ཡོངས་རྫོགས་ཟིང་ཆ་ལང་གི་རེད། ཡིན་ནའང་ཞྭ་དམར་རིན་པོ་ཆེའི་ཟུང་ཆ་འདིའི་སྐབས་གྲྭ་གཞོན་ཚོར་ལན་སློག་མ་ཡོང་གསུངས་འདུག དངོས་གནས་ཐུགས་བསམ་ཆེན་པོ་བཞེས་འདུག དེ་མིན་དགོན་པ་གཏོར་བའི་ཁ་མཆུ་བཙུགས་ན་དང་སི་ཏུ་རིན་པོ་ཆེ་དང་ཨྱོན་སྟོབས་རྒྱལ་གཉིས་ལ་སྐུ་ངལ་ཆེན་པོ་བཟོས་སྲིད། གང་ལྟར་ཞྭ་དམར་ཕྱོགས་ནས་ནོར་འཕྲུལ་ཡོང་སྲིད། མདོར་ན་ཕྱོགས་གཉི་གའི་སྐད་ཆ་ཉན་དགོས་རེད་མ་གཏོགས་ཕྱོགས་གི་སྐད་ཆ་ཉན་ན་གསལ་པོ་ཆགས་མི་ཐུབ།
ང་ལ་ལན་མེད་ཙང་། མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱའོ།།
ཀ་རྡོ་ལགས། སྐད་ཆ་ཕྱོགས་ཡོངས་ནས་གསན་པར་བཀའ་དྲིན་ཆེ། རྒན་ཁྱེད་རང་མི་སྨྲ་ཁ་བརྡའི་ནང་དུ་གཏན་བཞུགས་མཛོད། ཧ་ཧ།
མི་སྨྲ་ཁ་བརྡའི་ནང་དུ་གཏན་བཞུགས་མཛོད་ཨེ། ཡ་ཡ་བསྡད་ཐུབ་མིན་ལྟ་བགྱིད་ཡོད་ཀྱང་་་་་་་
ཀ་རྡོ་རབ་འབྱོར་ཁ་བརྡའི་ནང་མི་སྨ་བའི་བརྟུལ་བཞུགས་གནས་ན་ཁ་བརྡ་སྟོང་པ་ཉིད་དུ་གྱུར་ལེ་རེད།ཧཧཧཧ
ནུབ་ཕྱོགས་གངས་ཕྲུག་ལགས་ཀྱིས་བསམ་ཞིབ་ནན་གཏན་གྱིས་ཡག་པོ་ཞེ་དྲག་གསུངས་འདུག གནས་ཚུལ་ངོ་མ་ཤེས་སམ་དགོས་ཡོད་གནས་ཚུལ་ཤེས་དགོས་ན་ཕྱོགས་གཉིས་ཀའི་སྐད་ཆ་ཉོན། བསམ་བློ་ཐོངས། ཞིབ་འཇུག་གནང་དང་སྙིང་བཅུད་གཏམ་གྱི་དཀྱིལ་ན་ཡོད། དེ་མིན་མགོ་ཚོས་ལ་མ་ཚོས་ལ་འདྲ་མིན་འཆད་ཀྱིན་བསྡད་ན་སྡིག་པའི་རྒྱུར་འགྱུཏ་པ་ལས་གཞན་གྲུབ་འབྲས་གང་ཡང་མི་ཐོབ།
མ་རྩ་ནས་དེང་སང་མི་ཚོས་རང་སྐྱོན་རི་རབས་ལྟ་བུར་མ་བལྟས་ནས་བླ་མ་སྤྲུལ་སྐུ་རྣམས་ལ་ཁ་གཏོང་ཡ་ཡི་ལུགས་སྲོལ་ངན་པ་དེ་འདྲ་སྤེལ་དང་སྤེལ་བཞིན་པར་བླུན་པོ་མང་དག་ཞིག་ཀྱང་དེའི་རྗེས་སུ་འཇུག་པར་སྣང་། ཧ་ཅང་གི་ཐབས་སྐྱོ་བོ་རེད། ཆོས་མི་ཤེས་མཁན་ཚོ་ཐུགས་ཁ་མེད། ཤེས་བཞིན་ད་དུང་བརྩི་མེད་གཏོང་སྟངས་འདིས་རང་ཉིད་ལ་འདོད་པའི་བདེ་བས་ཕོངས། མི་འདོད་པའི་སྡུག་བསྔལ་ཐོག་ཏུ་བབས་པར་ལྟ་ཅི་སྨོས།
རྟེན་འབྲེལ་ཞེས་ཉིན་ལྟར་ཐོས་འདོན་གྱི་དོན་ལ་སོམས་དང་བླ་མ་སྤྲུལ་སྐུའི་ནོར་འཁྲུལ་རེད་འདུག ཡང་ན་བདག་སོགས་གདུལ་བྱ་རྣམས་ཀྱི་ནོར་འཁྲུལ་རེད་གསལ་པོ་རྟོགས་ཐུབ། འདིར་བླ་སྤྲུལ་ཞེས་པ་འདིས་བླ་སྤྲུལ་ངོ་མར་གོ་དགོས། སྔོན་ལྟར་མཁས་གྲུབ་གཉིས་ལྡན་གྱི་བླ་སྤྲུལ་ཚད་ལྡན་དེ་འདྲ་མི་ཡོང་བ་འདི་ཡང་བདག་སོགས་གདུལ་བྱ་ཚོའི་བསོད་ནམས་ཆུང་དྲག་པ་དང་། བསོད་ནམས་སོག་པའི་ལས་ལ་མ་ཞུགས་པ་དང་། ཁ་ཡོད་ལག་ཡོད་ཀྱི་ཆོས་མ་བྱེད་པ་དང་། བླ་མ་བཀའ་ལ་ཁྱད་གསོད་བྱེད་པ་དང་། རྡོ་རྗེ་སྤུན་གྲོགས་བར་དམ་ཚིགས་ཉམས་པ་དང་། རང་གིས་བྱས་པའི་ལས་ཀྱིས་རང་ཉིད་སྡུག་ལ་སྦྱར་བར་མ་བཟོད་ནས་སྡུག་སྐད་གཞན་ལ་རྒྱག་པ་ལྟ་བུ་སོགས་ཀྱིས་བྱས་པ་རེད།
བླ་སྤྲུལ་རྫུན་མ་བཟོ་མཁན་ང་རང་ཚོ་རེད། རྒྱ་ནོར་ཅན་ལ་བླ་མ་ལས་ལྷག་བརྩིས། སྤྲེལ་ལད་ཀྱིས་བླ་སྤྲུལ་མཚན་གྱིས་བསྟོད། བླ་སྤྲུལ་ཚད་ལྡན་ལ་རང་ཉིད་དགོས་པའི་རྒྱུ་ནོར་མེད་པས་སྣང་མེད་གཏོང་བ་དང་། ཡང་ན་ཁ་གཏོང་བ་སོགས་བྱེད། སོ་སོས་དགའ་མིན་དགའ་སྟོབས་ཀྱིས་བླ་སྤྲུལ་དབར་དཀྲུགས།
མདོར་ན་བྱང་གཏེར་སྔོན་འགྲོའི་གསུངས་པ་བཞིན”དད་མེད་ལོག་ལྟ་སྡིག་སྤྱོད་གནས། དེ་ནི་བཞུགས་པར་མི་འགྱུར་ཏེ། དག་པའི་ཞིང་དུ་གཤེགས་པར་གྱུར།” འདིར་དེ་ནི་ཞེས་པ་བླ་མར་གོ་དགོས། གཞན་མཁྱེན་ལྡན་རྣམ་པས་མ་མཁྱེན་པ་ག་ལ་སྲིད། བླ་སྤྲུལ་ཡག་པོ་འབྱུང་མ་བྱུང་གདུལ་བྱའི་ཚོགས་བསགས་སྒྲིབ་སྦྱོང་ལ་རག་ལས་སོ། དེས་ན་དང་པོ་བདག་སོགས་གདུལ་བྱ་ཚོས་བླ་མའི་བཀའ་བཞིན་སྒྲུབ་དང་། དེ་ནས་མཁས་གྲུབ་གཉིས་ལྡན་གྱི་བླ་སྤྲུལ་ཐོབ་སྐལ་དུ་ཡོང་བ་རྟེན་འབྲེལ་མི་བསླུ་བའི་ཆོས་ཉིད་ལགས་སོ།།།།།། དོན་དངོས་འཚོལ་བར་ཕན་ངེས་ལགས།
རྒྱུ་ནོར་ཞེན་ཆགས་གནོད་ཀྱང་སྲིད།
གཡས་གཡོན་ཆོས་རྣམས་ཐམས་ཅད་ནི།
རང་གི་སེམས་ཀྱིས་བྱས་པས་སོ།
གནས་ལུགས་དེ་དག་མ་ཤེས་པས།
རང་སྐྱོན་གཞན་གྱི་མགོ་རུ་མཐོང་།
གཉིས་འཛིན་སེམས་ཀྱིས་རྒྱུ་བྱས་པས།
ཕྱི་རྐྱེན་ནང་རྐྱེན་མང་དག་འཆར།
མདོར་ན་རང་སེམས་སྲུང་དང་བུ།
རང་སྐྱོན་མཐོང་བས་དག་སྣང་འཕེལ།
དག་སྣང་ཅན་ལ་གང་སྣང་བ།
ཐམས་ཅད་ལེགས་པའི་ཆོས་སུ་ཤར།
དགེ་བའི་སེམས་ཀྱིས་ཆེད་བསྐུལ་བས།
འཇོན་མདོག་བདག་གི་སྙིང་གཏམ་ལ།
སྙིང་བཅུད་མཆིས་ན་རང་རྒྱུད་ལོན།
དེ་མིན་གང་དགར་སྤྱོད་འདོད་གྱིས།