ཉེ་ཆར་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་ཕྱག་དངུལ་འབོར་ཆེན་ཞིག་དངུལ་ཁང་མ་བརྒྱུད་པར་བྱུང་སོང་ཉར་གསུམ་གྱི་སྐོར་ལ་རྙོག་དྲ་བྱུང་ཞིང་། རྒྱ་གར་གྱི་གསར་ལམ་མང་པོར་ཀརྨ་པ་རྒྱ་དམར་གྱི་དོན་གཅོད་པ་ཡིན་སྲིད་པའི་ཚིག་མཚོན་ཡང་བཏབ་ཡོད། དེ་ལ་བོད་མི་གཙོས་པའི་དད་ལྡན་པ་མང་པོས་ཀརྨ་པ་ལ་རྒྱབ་སྐྱོར་མཚོན་པའི་རྩོམ་ཡིག་སྤེལ་བ་དང་། ཁྲོམ་སྐོར་བྱེད་པ། ཐ་ན་ཀརྨ་མཁྱེན་ནོ་ཟེར་བའི་འབོད་ཚིག་གང་སར་སྤེལ་བ་སོགས་མཐོང་ཐོས་བྱུང་། མཇུག་འབྲས་སུ་རྩ་བ་ཚུགས་ཤིང་རྩེ་མོ་མཐོ་མཐོ་ལྟར་དུ་འགྱེངས་བཞིན་པའི་བཙན་བྱོལ་བོད་མིའི་ས་བདག་ཆེན་མོ་ཁ་ཤས་ཤིག་ཀྱང་མིང་ཐོ་ནག་པོའི་ནང་དུ་ཚུད་ཡོད། སྤྱིར་ན་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་ཕྱག་དངུལ་དེ་ཚོ་དད་ལྡན་པས་ཕུལ་བ་ཡིན་པའི་ཡིད་ཆེས་ཡོད། ཡིན་ན་ཡང་བླ་ཆེན་ཞིག་གི་ཕྱག་མཛོད་ཚོའི་གཟིམ་ཆུང་དེ་ནག་ཚོང་རྒྱག་མཁན་ཞིག་གི་ཁྱིམ་ལྟ་བུར་དངུལ་སྨར་ཆག་པ་ཆག་པ་བརྩིགས་ནས་བསྡད་ཡོད་པ་དེ་འཛམ་གླིང་གི་མི་སྣ་སུ་ཞིག་གི་མིག་ལམ་ཡིན་ཡང་མཐོང་བདེ་བོ་ཞིག་ག་ལ་ཡིན། ལྷག་པར་ཡང་ཡུལ་གང་ཞིག་ཡིན་ཡང་དངུལ་བྱུང་སོང་བསྡད་གསུམ་དེ་ཁྲལ་བསྡུ་ལས་ཁུངས་ཀྱི་སྒྲིག་གཞི་བཞིན་དངུལ་ཁང་བརྒྱུད་ནས་མ་སོང་བ་དེ་ནག་ཉེས་ཆེན་པོ་ཡིན་པ་ཚང་མས་ཤེས་གསལ་རེད།
ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་སྐུ་འཁོར་ཚོས་དངུལ་ཉར་སྟངས་ཀྱི་སྒྲིག་གཞི་ཤེས་ཡོད་དམ། ཁོང་རྣམ་པས་ཏན་ཏན་ཤེས་ཡོད་པ་རེད། ལོ་དུ་མའི་སྔོན་ནས་ཁོང་རྣམ་པས་དེ་ལུགས་ཤེས་ནས་ཕྱི་དངུལ་ནང་འདྲེན་བརྗེ་བསྒྱུར་སོགས་གཞུང་ལ་ཆོག་མཆན་ཞུས་འདུག་ཀྱང་རྒྱ་གར་གཞུང་གིས་ཆོག་མཆན་ཕུལ་མི་འདུག ཆོག་མཆན་དགོས་པ་དེ་ཤེས། ཐོབ་དགོས་པའི་ཆོག་མཆན་དེ་མ་ཐོབ། ཆོག་མཆན་མེད་བཞིན་དུ་ལས་ཀ་དེ་བྱས་པ་ཡིན་ན་དེ་ལ་ཁྲིམས་འགལ་ཟེར་བ་རེད། སྤྱིར་ན་བླ་མར་མཇལ་མཁན་ཚོས་དངུལ་སོགས་འབུལ་སྲོལ་ཡོད་ཀྱང་འབུལ་བ་མི་ལེན་པའི་དབང་ཚད་དེ་ཡང་བླ་མ་རང་ལ་ཡོད་པ་རེད། ཆོག་མཆན་ཀྱི་དཀའ་ངལ་ཡོད་བཞིན་དུ་དངུལ་བླངས་བ་དེའི་རྒྱུ་མཚན་གང་ཡིན་ཤེས་མ་བྱུང་།
ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་རྒྱ་ནག་གི་དོན་གཅོད་པ་ཡིན་པའི་དོག་གཞི་ག་འདྲ་བྱས་ནས་བྱུང་བ་ཡིན་ནམ། འདི་ནི་ཁོང་གི་ཕྱག་དངུལ་གྱི་རི་བོའི་ཁྲོད་དུ་གྲུང་གོའི་མི་དམངས་ཤོག་སྒོར་ཆག་པ་ཁ་ཤས་ཤིག་རྙེད་པ་དེ་ཁོ་ན་ལས་བྱུང་བ་ཞིག་མིན། རྒྱུ་རྐྱེན་གཞན་དག་ནི་རྒྱན་འཕྲིན་ལས་རྡོ་རྗེ་རྒྱ་ནག་གཞུང་གི་པང་ཁ་རུ་གཉོར་སྐྱོང་བྱས་མྱོང་བའི་ལོ་རྒྱུས་དུམ་བུ་ཞིག་ཡོད་པ་དང་། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་དུ་མར་འབྲེལ་གཏུག་ཟབ་པའི་ལོ་རྒྱུས་ཡོད་པ། བོད་དང་ཁ་བྲལ་དགོས་པའི་རྒྱུ་རྐྱེན་ཁ་གསལ་ཞིག་མི་མང་པོས་ཤེས་མེད་པ། ད་དུང་ཡང་རྒྱུན་དུ་རྒྱ་ནག་སྐམ་སའི་རྒྱ་རིགས་ཆེས་མང་པོ་དང་འབྲེལ་གཏུག་མང་བ། ཁོང་གི་སྐུ་འཁོར་ནང་མ་ཞིག་ཀྱང་རྒྱ་ནག་གི་དོན་གཅོད་པ་ཡིན་པའི་དོག་གཞིས་བཙོན་འཇུག་དང་ཕྱིར་འབུད་ཀྱི་འདམ་ཀ་གཏོང་དགོས་བྱུང་མྱོང་བ། ལྷག་པར་ཡང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་དང་འབྲེལ་བ་ཟབ་པའི་རུམ་བཏེགས་དགོན་པ་འདི་རྒྱ་གར་ནག་གཉིས་ཀྱི་བར་ལ་རྩོད་གཞི་ཆེ་ཞིང་རེ་དོག་གི་ཚོར་བ་རྣོ་སའི་འབྲས་ལྗོངས་སུ་ཆགས་ཡོད་པས་ཡུལ་དེའི་མི་མང་གི་བློ་སེམས་རྒྱ་ནག་གི་ཕྱོགས་སུ་འཁྲིད་པའི་ཉེན་ཁ་ཆེ་བ་སོགས་ནི་གླེང་ཕྱོགས་སམ་དོག་གཞི་འདིའི་རྒྱུ་རྐྱེན་ངོ་མ་དེ་རེད་སྙམ།
ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་རྒྱ་ནག་གི་ལས་དོན་བསྒྲུབ་ནུས་སམ། དུས་རབས་ཉི་ཤུ་པའི་ནང་ནས་རྒྱ་གར་ནག་གཉིས་ལ་ཆབ་སྲིད་ཀྱི་ས་མཚམས་གསར་པ་ཞིག་བྱུང་ཞིང་དེའི་ཐད་ལ་རྒྱ་ནག་གཞུང་གིས་འབྲས་ལྗོངས་རང་བཙན་རྒྱལ་ཁབ་ཞིག་ཡིན་ཚུལ་ས་བཀྲར་བཀོད་པ་དང་། མེག་མོ་ཧན་གྱི་ས་ཐིག་ལྟ་བུ་ལ་རྒྱ་ནག་གཞུང་གིས་ངོས་ལེན་མེད་པའི་གསལ་བསྒྲགས་བྱས་དང་བྱེད་བཞིན་པ། འཇམ་མུ་དང་ཁ་ཤི་མིར་ཕྱོགས་ཀྱི་ས་མཚམས་ཁ་ཤས་ལ་ཡང་ངོས་འཛིན་གསལ་བོ་ཞིག་གཏན་ཁེལ་མེད་པ་བཅས་ནི་ད་དུང་ཡང་ཡུན་རིང་པོར་སེལ་མི་ཐུབ་པའི་རེ་དོག་ཅིག་དུ་ལུས་ངེས་ཡིན། ས་མཚམས་སུ་ཁེལ་བའི་ཧི་མ་ལ་ཡའི་རྒྱུད་ཀྱི་ཚོ་སྡེ་མང་པོ་ཞིག་བོད་བརྒྱུད་སངས་རྒྱས་ཆོས་ལུགས་པའི་རྗེས་འབྲངས་བ་ཡིན་པ་དང་། བོད་ཀྱི་ཆོས་དཔོན་ཁག་གིས་སྣེ་ཁྲིད་པའི་སྐྱབས་བཅོལ་བོད་མི་ཚོའི་རྒྱ་ནག་བླ་བཙག་ཁྱབ་བསྒྲགས་དེས་རྒྱ་གར་གྱི་བགོས་སྐལ་དུ་ཐོབ་ཡོད་པའི་ཧི་མ་ལ་ཡའི་རྒྱུད་ཀྱི་ཚོ་སྡེ་ཚོའི་མི་མང་གི་བློ་སེམས་རྒྱ་གར་ལ་ཕྱོགས་པར་ནུས་པ་ཆེན་པོ་ཐོན་ཡོད། བོད་ཀྱི་བླ་ཆེན་ཚོར་ཧི་མ་ལ་ཡི་རྒྱུད་ཀྱི་མི་མང་གི་བློ་ཁ་ཁྲིད་ཐུབ་པའི་ནུས་པ་ཡོད་པར་བརྟེན་བོད་ཀྱི་བླ་ཆེན་ཚོས་རྒྱ་ནག་ལ་རྒྱབ་གཏོད་བྱེད་མིན་དེ་རྒྱ་གར་གྱི་བརྟན་ལྷིངས་དང་འབྲེལ་ཡོད་སྟབས་རྒྱ་གར་གཞུང་གི་རེ་དོག་བྱེད་གཞི་ཞིག་རེད།
ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་རྒྱ་ནག་གི་ལས་དོན་སྒྲུབ་ཀྱི་རེད་དམ། ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ལ་རྒྱ་དམར་གཞུང་གིས་བརྩེ་མཐོང་རོགས་མགོན་གྱི་རྣམ་འགྱུར་བསྟན་དང་སྟོན་བཞིན་པའི་སྐབས་སུ་རང་ཡུལ་དང་ཁ་བྲལ། གནད་དོན་དེས་མི་མང་པོ་ཞིག་ལ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་བོད་སྤྱི་བའི་ཆབ་སྲིད་རང་དབང་གི་ཆེད་དུ་རྒྱ་དམར་གཞུང་ལ་རྒྱབ་གཏད་པའི་ཡིད་ཆེས་ཀྱིས་ཁོང་ནི་རྒྱལ་གཅེས་ཀྱི་མི་སྣ་རླབས་ཆེན་ཞིག་གི་མཐོང་ཚུལ་བྱུང་། ཡིན་ན་ཡང་མི་ལ་ལ་ཞིག་གི་ལྟ་སྟངས་དེ་ལས་ཏག་ཏག་ལྡོག་ཕྱོགས་ཏེ་ཀརྨ་པ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ལ་རྒྱ་དམར་གཞུང་གིས་བརྩེ་མཐོང་རོགས་མགོན་ཤུགས་ཆེར་བྱེད་བཞིན་པའི་སྐབས་འདིར་གློ་བུར་དུ་རྒྱ་དམར་ལ་རྒྱབ་གཏོད་བྱེད་པ་དེ་བློ་ཡུལ་དུ་མི་ཤོང་བ་ལྟ་བུར་གྱུར་ཡོད། གནད་དོན་འདི་དུས་ཡུན་རིང་པོར་ཁོང་གི་ཕྱག་ལས་གནང་ཕྱོགས་དང་། ལངས་ཕྱོགས་འཛིན་སྟངས། ལྷག་པར་ཡང་མང་ཚོགས་ཁྲོད་དུ་ཤུགས་རྐྱེན་སྤེལ་སྟངས་བཅས་ལས་ཤེས་དགོས་པ་ཞིག་ཡིན་པ་ལས་ཁོང་གི་ཕྱག་མཛོད་ཀྱི་གཟིམས་ཁང་ནང་ནས་མི་དམངས་ཤོག་སྒོར་ཆག་པ་ཁ་ཤས་ཤིག་ཐོན་པ་ཙམ་གྱིས་ཐག་གཅོད་ཆོག་ཆོག་ཅིག་མ་རེད།
དོགས་པ་མི་དགོས་ས་དོགས་པ་རེད། ཧ ཧ
མི་བུ་རེ་འགས་དོན་དག་མེད་སར་དོན་དག་བཙལ་གིན་འདུག
འདི་གནད་འགགས་དང་བསམ་ཞིབ་རྒྱ་ཆེན་པོ་ཞིག་རེད། བོད་དོན་སྤྱི་ལ་ཐུགས་བསམ་བཞེས་པ་ཞིག་རེད་འདུག་བསམ་ཡོད། སྤོབས་པ་མཐའ་ཡས་ཟེར་བ་འདི་ཤེས་ཡོན་ལྷག་བསམ་གྱིས་ཕྱུག་པ་ཡིན་པ་གདོན་མི་ཟ་བར་ངེས་སོ། །བོད་འགྱེལ་ས་ནས་སློང་བ་ཡིན་མིན་དག་གི་སྟོང་འུར་ལས་འདི་དག་ལ་ལན་དམིགས་བསལ་བ་རེ་གནང་དགོས་པ་འདུག དེ་རིང་དུས་ཁོམ་མ་བྱུང་ཡང་རྗེས་སུ་ཐུག་ཡོང་། །
ཐེངས་འདིའི་ཀརྨ་བའི་ཕྱག་དངུལ་ཐད་ཀྱི་གསར་འགྱུར་ཏེ་རླུང་བུ་བཞིན་ཕྱི་ནང་གི་སྤྱི་ཚོགས་ཁྲོད་རྒྱུ་དུས།། ཧི་མ་ཡིས་ཕར་རྒྱབ་ཚུར་རྒྱབ་ཀྱིས་དམར་མིང་ཅན་གྱི་ཤོག་ཚོགས་འགའ་ཡིས་རྨ་བྱའི་རྣ་བའི་འབྲུག་སྒྲ་ཐོས་བ་བཞིན་དགའ་སྤྲོའི་སྒྲོ་གུར་ཧི་མ་ཡི་རི་རྩེ་དང་མཉམ་ཡོད། དེ་ནི་དམར་བོས་སྲིད་གཞུང་དང། ཞྭ་དམར་བླ་བྲང་གཉིས་རེད། ཁོང་གཉིས་ལ་མཚོན་ན་འདི་འདྲའི་གསར་འགྱུར་སྙན་པོ་ཞིག་ད་བར་ཏུ་ཐོས་མྱོང་མེད། དེ་བས་ཁོང་གཉིས་ཀྱིས་གར་སྟེགས་འདའི་ཐོག་ནས་གཡོ་སྒྱུས་ཟློ་གར་སྣ་ཚོགས་ཤིག་འཁྲབ་ཁུལ་བྱས་དེ་བོད་མི་མང་གཡོ་འོག་ཏུ་འཁྲིད་རྩེས་ཡོད་མོད། དེ་ནི་ཁྱོད་ཚོས་རྨི་མལ་ལས་ནམ་ཡང་མེད་དོ། ང་ཚོ་དགྲ་གཉེན་ངོ་ཤེས་མཁན་ཞིག་ཡིན།
ཁོང་གི་སྐུ་འཁོར་ནང་མ་ཞིག་ཀྱང་རྒྱ་ནག་གི་དོན་གཅོད་པ་ཡིན་པའི་དོག་གཞིས་བཙོན་འཇུག་དང་ཕྱིར་འབུད་བྱེད་པ་འདི་ལ་ང་ཚོས་དོ་སྣང་བྱེད་དགོས ག་དུས་རེད་ ག་དུས་ཕུད་པ་རེད ཅི་ཕྱིར་ང་ཚོ་་བོད་པའི་གསར་འགོད་པ་རྣམས་གྱིས་མ་ཤེས་པ་རེད རྐམ་པས་སོ་སོ་འཁོར་གཡོག་རྣམས་གཙང་མ་བཟོ་རན་རེད དུས་ལ་ཐོན་སོང
ཆུ་བ་འཕྲིན་བཟང་ལགས་ཞ་དམར་རྒྱ་དམར་གཉིས་འབྲེལ་བ་ཡོད་ས་མ་རེད།གང་ཡིན་ཟེར་ན་ཞ་དམར་དང་ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་གཉིས་རྒྱ་དམར་གི་ངོས་ལེན་བྱས་པ་གོ་རྒྱུ་མི་འདུག །དོན་མེད་བོད་པའི་སྤྱི་ཚོགས་རྙོག་སྒྲ་མ་བཟོ་རོགས། རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་སློབ་གནང་སྐབས་བོད་པའི་སྤྱི་ཚོགས་ནང་དཀྲུགས་ཤིང་རྒྱག་མཁན་རྣམ་རྒྱ་མི་སོ་པ་དང་དོལ་རྒྱལ་འཚོགས་པ་གཉིས་རེད་གསུང་པ་ལྟར་ང་ཚོ་ཚང་མ་ཟབ་ཟབ་བྱེད་དགོས་རེད།
༧དཔལ་རྒྱལ་དབང་ཀརྨ་པ་མཆོག་རྒྱལ་འགྱུར་ཅིག བོད་པའི་གྲྭ་པ་དེ་ཚོའི་སྐྱོན་ཆ་ཆེ་ཤོས་ནི་དངུལ་གསོག་རྒྱུ་དེ་རེད། ཁོང་ཚོའི་གཤིས་ཀ་དེར་འགྱུར་བ་ནམ་ཡང་ཐེབས་ཀྱི་མ་རེད། རིག་གནས་གསར་བརྗེའི་ནང་རྒྱ་མིས་གཙང་མ་ཐེངས་གཅིག་བཟོས་པ་རེད། ད་ཐེངས་རྒྱལ་དབང་ཀརྨ་པའི་དངུལ་རྒྱ་གར་གྱི་གཙང་མ་ཐེངས་གཅིག་བཟོས་རེད།
དངོས་གནས། ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་རང་རེད་འདུག
སྔོན་ལ་བསགས་མི་ཐུབ་པའི་སྡུག་བསྔལ། བར་དུ་སྲུང་མི་ཐུབ་པའི་སྔུག་བསྔལ། མཐའ་མ་བརླག་གིས་དོགས་པའི་སྡུག་བསྔལ། དངོས་གནས་སྡུག་བསྔལ་གསུམ་བརྩེགས་རང་རེད་འདུག
ནོར་གྱིས་ཆགས་པས་གཡེངས་པར་འགྱུར་བ་རྣམས།། སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ།།
གསུངས་པ་དེ་སངས་རྒྱས་ཀྱི་བཀའ་བརྗེན་པ་རང་རེད་འདུག
སྐྱབས་སུ་མཆི། །
༧༽ འཇིགས་མེད་སེང་གེ་ནས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༢ གི་ཆུ་ཚོད་ ༡༥ སྐར་མ་ ༤༦
༧ དཔལ་རྒྱལ་དབང་ཀརྨ་པ་མཆོག་རྒྱལ་འགྱུར་ཅིག བོད་པའི་གྲྭ་པ་དེ་ཚོའི་སྐྱོན་ཆ་ཆེ་ཤོས་ནི་དངུལ་གསོག་རྒྱུ་དེ་རེད། ཁོང་ཚོའི་གཤིས་ཀ་དེར་འགྱུར་བ་ནམ་ཡང་ཐེབས་ཀྱི་མ་རེད། རིག་གནས་གསར་བརྗེའི་ནང་རྒྱ་མིས་གཙང་མ་ཐེངས་གཅིག་བཟོས་པ་རེད། ད་ཐེངས་རྒྱལ་དབང་ཀརྨ་པའི་དངུལ་རྒྱ་གར་གྱིས་གཙང་མ་ཐེངས་གཅིག་བཟོས་པ་རེད།
ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་རང་རེད་འདུག
སྔོན་ལ་བསགས་མི་ཐུབ་པའི་སྡུག་བསྔལ། བར་དུ་སྲུང་མི་ཐུབ་པའི་སྔུག་བསྔལ། མཐའ་མ་བརླག་གིས་དོགས་པའི་སྡུག་བསྔལ། དངོས་གནས་སྡུག་བསྔལ་གསུམ་བརྩེགས་རང་རེད་འདུག
ནོར་གྱིས་ཆགས་པས་གཡེངས་པར་འགྱུར་བ་རྣམས།། སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ།།
གསུངས་པ་དེ་སངས་རྒྱས་ཀྱི་བཀའ་བརྗེན་པ་རང་རེད་འདུག
སྐྱབས་སུ་མཆི། །