ཨ་འདུས་རྒྱལ་ཁམས་པ།
ཆར་བ་ཤག་ཤག་འབབ་པའི་ཕྱི་དྲོ་འདིར།།
གློ་རྡེག་མིག་ཟུང་ཁ་པར་ངོགས་སུ་ཤོར།།
མཐོ་དམན་མང་པོས་ཁྱོད་རང་གླེང་བའི་གཏམ།།
རྣ་བའི་བུ་གར་ཆར་ཐིགས་ལྷན་དུ་བཞུར།།
གཡུ་ཡི་མནྜལ་ས་ལ་ལྷུང་འདྲ་བའི།།
མདོ་ཁམས་ལྷ་ཐོག་ཡུལ་གྱི་འབྲོག་སྡེ་ཆེར།།
ཁྱེད་སྐུའི་མེ་ཏོག་དང་པོར་བཞད་པ་ན།།
གངས་རིའི་རང་མདངས་སྔར་བས་མཛེས་པར་བྱས།།
བརྗིད་པའི་སྐུ་ལ་ཡིད་འཕྲོག་ཉམས་ཤིག་ཡོད།།
སྙན་པའི་གསུང་ལ་ཟབ་མོའི་དོན་ཞིག་ཡོད།།
མཐའ་བྲལ་ཐུགས་ལ་བརྩེ་བའི་གདེངས་ཤིག་ཡོད།།
ཁྱོད་ཀྱི་གསུང་གསུམ་གངས་རིའི་དྲོད་ཁོལ་ཡིན།།
རྒྱ་སྟག་ཁྲ་བོ་སྟོང་གི་ང་རྒྱལ་ལྕགས།།
སྙིང་རྗེའི་མེ་ཏོག་གཅིག་གིས་ལན་བཏབ་ཅིང་།།
ཧི་མ་ལ་ཡ་བརྒལ་བའི་སེམས་བསྐྱེད་དེས།།
གླིང་བཞི་སྒུལ་བར་བྱས་སོ་ཀརྨ་པ།།
དྲི་མེད་སྤྱན་གྱིས་སྲིད་ཞིའི་སྨག་ལ་རྒོལ།།
ཟླ་མེད་སྤོབས་པས་དགྲ་ཚོགས་གཉེན་དུ་བཀུགས།།
དཔགས་མེད་བསྐལ་བའི་སྔོན་གྱི་གཡར་དམ་དག།
འགྱུར་མེད་ཐུགས་ཀྱིས་མ་བརྗེད་ཀརྨ་པ།།
རྣལ་འབྱོར་མིག་ལ་ཁྱོད་ནི་སངས་རྒྱས་ཏེ།།
གདུལ་བྱའི་སྣང་ངོར་ས་ར་ཧ་ཡང་ཡིན།།
གངས་རིའི་ལྗོངས་སུ་དུས་གསུམ་མཁྱེན་པའི་གཟུགས།།
ཁྱོད་ཀྱིས་མ་སྦྲུལ་བ་དེ་སྲིད་ན་ཅི།།
བོད་ལ་སྡང་བའི་ལོག་སྤྱོད་དམུ་རྒོད་ཁྱུས།།
སྣ་ཚོགས་ཐབས་ཀྱིས་ཁྱེད་ལ་བསྐུར་མོད་ཀྱང་།།
ཁྱེད་ཀྱི་འཛུམ་པའི་སྤྱན་མདངས་མཇལ་བ་ན།།
བདག་གི་ཡིད་དད་པས་བཟི་བ་ཉུང་ཉུང་མིན།།
མདོར་ན་གངས་རིའི་མགོན་པོ་སྤྱན་རས་གཟིགས།།
ཨོ་རྒྱན་གཉིས་པ་ས་སྐྱ་༧གོང་མ་མཆོག།
ཀརྨའི་མཚན་ཅན་ཁྱེད་ཀྱི་ཐུགས་རྗེ་གསུམ།།
གངས་ཅན་བོད་མིའི་ཉི་ཟླ་སྐར་གསུམ་ཡིན།།
ཁྱོད་ནི་ཁྱོད་དེ་ཀརྨ་པ་ཡིན་པས།།
སྐྱེ་རྒུའི་དོན་ཆེན་སྒྲུབ་ལ་མི་ངལ་མོད།།
གཞིས་ཕྱིས་བོད་མིས་ཉིད་ལ་བཅངས་པའི་ཚིག།
ནམ་ཡང་བརྗེད་པར་མི་རུང་ཀརྨ་པ།།
མདོར་ན་ཁྱེད་སྐུ་གང་དུ་བཞུགས་ཀྱང་ཆོག།
བསྟན་འགྲོར་སྨན་པའི་མཛད་པ་ཅི་ཡང་རུང་།།
གངས་ཅན་སྣོད་བཅུད་འཇིག་ཉེའི་གནས་བབ་ལ།།
ཐུགས་རྗེས་གཟིགས་པ་མ་ཆུང་ཀརྨ་པ།།
སྐུ་ལ་འཆེད་མེད་རྡོ་རྗེའི་བཀྲ་ཤིས་ཤོག།
གསུང་ལ་ཡན་ལག་དྲུག་ཅུའི་བཀྲ་ཤིས་ཤོག།
ཐུགས་ལ་གསལ་སྟོང་ཟུང་གི་བཀྲ་ཤིས་ཤོག།
བཀྲ་ཤིས་དགེ་མཚན་མི་ནུབ་གཡང་འཁྱིལ་ཤོག །
ཅེས་པའང་མགོན་པོ་གང་ཉིད་དགུང་གྲངས་སོ་བཞིར་ཕེབས་པའི་འཁྲུངས་སྐར་ཉིན་ཁ་བ་གངས་ཅན་པའི་རེ་བ་གླེང་པའི་མཚམས་འདྲིའི་ཁ་བཏགས་ཤིག་གི་ཚུལ་དུ་རི་བོ་རྡ་རམ་ས་ལ་ནས་ཨ་འདུས་རྒྱལ་ཁམས་པས་བྲིས་སོ།།
ཨ་འདུས་རྒྱལ་ཁམས་མི་གཞི་རི་ལྟར་བརྟན།
ཨ་འདུས་རྒྱལ་ཁམས་སྙན་ཚིག་ཚངས་པའི་དབྱངས།
ཨ་འདུས་རྒྱལ་ཁམས་ལྷག་བསམ་གསེར་ལྟར་དངས།
ཨ་འདུས་རྒྱལ་ཁམས་རིགས་པའི་འབྱུང་ཁུངས་རེད།
སྐུ་ཞབས་སོག་ཚ་ལགས་ཀྱིས་བུང་བ་གསེར་གཟིགས་གནང་བཀའ་དྲིན་ཆེ་ཞུ།