ནགས་ཤོད་རིག་རལ།
དེ་རིང་རྒྱ་ནག་གཞུང་ནས་ཁྲིམས་ཁང་ནང་དུ་ཀརྨ་བསམ་གྲུབ་ཀྱི་གྱོད་གཞི་ལ་ཆུ་ཚོད་བཅུ་ལྷག་ཙམ་ཁྲིམས་བཤེར་བྱས་ཁུལ་བྱས་པ་མ་ཚད། ཁྲིམས་ཐག་མ་ཆོད་བའི་ཁུལ་གྱིས་སང་ཉིན་མུ་མཐུད་ཁྲིམས་བཤེར་བྱ་རྒྱུ་དང་ཁྲིམས་ཐག་ག་དུས་བཅད་མིན་གསལ་ཁ་མི་འདུག
ཀརྨའི་ཆུང་མ་སྒྲོལ་དཀར་མཚོ་གཙོས་པའི་ཀརྨ་བསམ་གྲུབ་ཀྱི་ལས་དབང་ལ་སེམས་ཁྲལ་བྱེད་བཞིན་པ་ཀུན་གྱིས་ད་ལྟ་ཡང་ཀརྨ་བསམ་གྲུབ་ལ་ཉེས་ཆད་མི་གཅོད་པའི་རེ་བ་ཞིག་འཆང་བཞིན་ཡོད་པ་དང་། དེ་ནི་ཀརྨ་བསམ་གྲུབ་ལ་ཁྲིམས་རྩོད་པ་གྲགས་ཅན་ཞིག་གླ་ཐུབ་པའི་རྐྱེན་གྱིས་མ་ཡིན་པར། ཀརྨ་བསམ་གྲུབ་ལ་རྒྱ་ནག་གི་ཁྲིམས་དང་འགལ་བའི་ཉེས་པ་གང་ཡང་མེད་པས་སོ། །
འོན་ཀྱང་དེ་རིང་ཀརྨ་བསམ་གྲུབ་ཁྲིམས་ཁང་དུ་འཁྲིད་ཡོང་སྐབས་སྔར་གཟུགས་སྟོབས་ཆེ་བའི་མི་དེ་དེ་རིང་སྐད་ངོ་ལ་མ་བརྟེན་ན་རང་གི་ཆུང་མས་ཀྱང་ངོ་མི་ཤེས་པའི་ཚུལ་དུ་མནར་གཅོད་བྱས་ཚར་ཡོད་པ་དང་། ཀརྨ་བསམ་གྲུབ་རང་གིས་ཁྲིམས་རར་ཁོ་པ་བཀག་ཉར་བྱས་པའི་ལོ་ཕྱེད་རིང་དུ་ཉེན་རྟོག་པས་ཇི་ལྟར་ལུས་སེམས་གཉིས་ལ་མནར་གཅོད་བཏང་ཚུལ་དང་། མིག་དང་རྣ་བ་ནས་ཁྲག་དམར་ཐོན་པར་བྱེད་པའི་སྨན་བསྡུད་པའི་སྐོར་མངོན་སུམ་དུ་ངོ་སྤྲོད་བྱས་ཡོད། འདི་ལྟར་ཁྲིམས་ཐག་མ་བཅད་གོང་ནས་མི་ཡི་ཟུངས་ནུས་ཡོད་ཚད་བཅོམ་ཚར་བ་ཡིན་ཀྱང་། ད་དུང་རྒྱ་གཞུང་ནས་རྒྱ་ནག་ལ་ཁྲིམས་ཡོད་མདོག་མདོག་གི་གདོང་འབག་ཞིག་གྱོན་དགོས་དོན་ནི་ཁོང་རང་ཚོའི་གཏམ་དཔེ་ལྟར། མདའ་མོ་གཅིག་གིས་བྱ་གླག་གཉིས་སྡེབ་ཏུ་གསོད་འདོད་པ་ཙམ་རེད།
དེ་ཡང་གཅིག་ནས་རྒྱ་གཞུང་གི་མིག་ཏུ་གྲ་མ་ལྟ་བུར་གྱུར་པའི་ཀརྨ་བསམ་གྲུབ་བསྡུ་གསོག་རྒྱག་ཐུབ་པ་མ་ཚད། གཉིས་ནས་ཀརྨ་བསམ་གྲུབ་ཀྱི་དོན་རྐྱེན་འདི་བེད་སྤྱད་ནས་འཛམ་གླིང་དུ་རྒྱ་ནག་ལ་ཁྲིམས་ཡོད་པ་དང་། བོད་པ་རྣམས་ལ་ཁྲིམས་ཁང་ནང་དུ་དག་འབུད་བྱེད་དབང་ཡོད་པའི་རྣམ་པ་རྫུན་མ་ཞིག་སྟོན་འདོད་པ་ཡིན་ངེས་རེད། དོན་དངོས་སུ་ཀརྨ་བསམ་གྲུབ་ལ་ཉེས་ཆད་ཇི་འདྲ་ཞིག་གཅོད་པའམ། ཉེས་ཆད་མེད་པར་གློད་དཀྲོལ་གཏོང་བའི་ཐད་རྒྱ་གཞུང་ནས་ཐག་སྔ་ས་ནས་བཅད་ཚར་བ་ཡིན་ཏེ། རྒྱ་ནག་གི་དཔོན་རིགས་རྣམས་ནི་ཁྲིམས་ཀྱི་ཐོག་ཏུ་ཡོད་པ་ཡིན་ལ། ཀརྨ་བསམ་གྲུབ་ལ་ཉེས་པ་གང་ཡང་མེད་པ་ནི་ཁོ་རང་ཚོའི་སེམས་ལ་གསལ་པོ་རེད། ངས་ཀྱང་ཀརྨ་བསམ་འགྲུབ་ཉེས་མེད་གློད་དཀྲོལ་གཏོང་བའི་རེ་བ་འདེབས་བཞིན་ཡོད་མོད་རེ་བ་དེ་ནི་ཤིན་ཏུ་ནས་ཉག་ཕྲ་བ་ཞིག་མཐོང་གི་འདུག
མཐའ་མར་ཀརྨ་བསམ་གྲུབ་རྒྱ་ནག་གཞུང་གི་མིག་ནང་གི་གྲ་མར་གྱུར་དོན་ཅུང་ཙམ་གླེང་འདོད་བྱུང་། ཀུན་གྱིས་ཤེས་གསལ་ལྟར་ཀརྨ་སྤུན་གསུམ་གྱིས་ཆུ་བོ་རྨ་རྫ་འབྲི་གསུམ་ཆུ་འགོ་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱག་ལས་སྤེལ་གནང་བ་དང་། རི་རྒྱ་རྔོན་འགོག་དང་། ནགས་ཚལ་འདེབས་འཛུགས་སོགས་ཀྱི་ལས་ཀ་དེ་དག་ལ་ཡུལ་དེའི་མི་དམངས་ཀྱིས་རྒྱབ་སྐྱོར་ཚད་མེད་བྱུང་ཡོད། ཕྱིས་སུ་སྤུན་གསུམ་གྱི་མིག་རྒྱང་དང་། མང་ཚོགས་རྣམས་ཀྱི་རྒྱབ་སྐྱོར། ད་དུང་ཀརྨ་བསམ་གྲུབ་ཀྱི་རྒྱུ་སྟོབས་དང་བློ་གྲོས་སོགས་ཀྱིས་རྒྱ་གཞུང་རིམ་པས་དོགས་མ་བདེ་བར་གྱུར་ལ། དེ་དག་རྒྱ་གཞུང་ནས་ནུབ་རྒྱུད་ཐོན་འབྱེད་ཆེན་པོའི་སྲིད་ཇུས་ལག་ལེན་བསྟར་བའི་འགག་རྡོ་རུ་འགྱུར་བར་སྐྲག་ནས་སྤུན་གསུམ་ལ་མ་ཉེས་ཁ་གཡོགས་བྱས་པ་གསལ་པོ་རེད།
སྤུན་ཆེ་བ་རིན་ཆེན་བསམ་གྲུབ་ད་ལྟ་བཀག་ཉར་བྱས་ནས་ཁྲིམས་ཐག་གཅོད་རྒྱུ་དང་། སྤུན་ཆུང་བ་འཆི་མེད་རྣམ་རྒྱལ་གྱིས་གོང་རིམ་ལ་ཆོག་མཆན་མ་ཞུས་པར་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་བཙུགས་འདུག་སོགས་བཤད་ནས་ལོ་གཉིས་མ་ཟིན་ཙམ་གྱི་བཙོན་ཆད་བཅད་ཡོད་པ་རེད། ཕྱི་ཚུལ་ནས་བལྟས་ན་ཀརྨ་བསམ་གྲུབ་ཀྱིས་སྤུན་གཉིས་ལ་ཁྲིམས་རྩོད་པ་གླས་ནས་གཞུང་དང་རྩོད་པ་བྱས་པར་བརྟེན། ཀརྨ་བསམ་གྲུབ་ལ་ཡང་མ་ཉེས་ཁ་གཡོགས་བཀལ་བ་ལྟ་བུར་སྣང་མོད། དོན་དུ་གོང་ལ་བཤད་པ་ལྟར་རྒྱ་ནག་གཞུང་གི་བསམ་ཚུལ་ནི་དེ་ལྟར་ལས་སླ་པོ་ཞིག་མིན་པ་དང་། བོད་དུ་མི་འཇོན་ཐང་ཅན་རྩ་བ་ནས་མཐོང་མི་འདོད་པ་མ་ཚད། རྒྱ་གཞུང་གི་སྲིད་ཇུས་ངན་པ་རྣམས་ལ་སྔ་ས་ནས་ལམ་བཤང་བཞིན་ཡོད་པར་འདོད།
ཀརྨ་བསམ་གྲུབ་ཀྱི་ཁྲིམས་རྩོད་པ་བུ་ཀྲི་ཆང་གིས་ཀྱང་། ཁྲིམས་ཐོག་ནས་བཤད་ན་ཀརྨ་བསམ་གྲུབ་ཉེས་མེད་ཡིན་པ་གསལ་པོ་ཡིན་མོད། གྱོད་གཞི་འདིའི་རྒྱབ་ཏུ་ད་དུང་གནས་ཚུལ་ཡོད་པ་དང་། ཁྲིམས་ཀྱི་ཐོག་ཏུ་དཔོན་ཡོད་པའི་དབང་གིས་རེ་བ་ཆེན་པོ་མཐོང་དཀའ་བ་འདུག་ཅེས་བཤད་འདུག
སང་ཉིན་ཀརྨ་བསམ་གྲུབ་ལ་མུ་མཐུད་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་དང་། རྒྱ་ནག་གིས་ཁྲིམས་ཀྱི་གདོང་འབག་སྔར་བཞིན་གྱོན་རྒྱུ་གཏན་འཁེལ་མོད། ད་ལྟ་འཛམ་གླིང་ས་ཕྱོགས་མང་པོ་ནས་རིགས་རྒྱུད་མི་གཅིག་པ་དག་གིས་ཀྱང་དོན་འདིར་མཐོང་ཆེན་བྱེད་བཞིན་ཡོད་པས། ང་ཚོ་བོད་པ་རྣམས་ཀྱིས་དེ་བས་སྣང་ཆུང་དུ་གཏོང་མི་རུང་ལ། རྒྱ་དམར་བཙན་པོའི་དབང་ཤེད་ཀྱིས་དྲག་གནོན་བྱེད་བཞིན་པའི་གཞིས་བཞུགས་བོད་མི་རྣམས་ལ་རྒྱབ་སྐྱོར་བྱེད་དགོས་པ་ལོས་ཡིན།
ཀརྨ་བསམ་གྲུབ་ཀྱི་ཆུང་མས་ཟིན་བྲིས་ཤིག་ཕྱེ་ནས་དོན་དག་གསལ་བཤད་ལེགས་པར་བྱས་འདུག སྐད་ཆ་དེ་དག་ནི་མོ་རང་གི་རྣམ་ཤེས་ནས་མཆེད་ཡོང་བ་ལྟ་བུའི་ཚོར་བ་མྱོང་རྒྱུ་འདུག
རྒྱ་ཡིག http://woeser.middle-way.net/2010/06/blog-post_1077.html
བོད་ཡིག http://dawakarpo.com/blog/lhabu66/?p=254 འདིར་བསྣུན་ན་གཟིགས་ཐུབ།
བོད་པའི་ལས་དབང་འདི་་་་་་་་་་་་་་་་་་
ང་ཚོས་ངེས་པར་དུ་ལས་འགུལ་ཞིག་རྩོམ་དགོས་པར་གདའ།
ཀརྨ་བསམ་གྲུབ་ཀྱི་ཆུང་མའི་སྙིང་གཏམ།
སྒྲོལ་དཀར་མཚོས་བརྩམས། ནགས་ཤོད་རིག་རལ་གྱིས་བསྒྱུར།
དེ་རིང་ནི་ཟླ་6ཚེས་21ཡིན་པ་དང་ལོ་འཁོར་གཅིག་ལས་ཉིན་མོ་ཆེས་རིང་ཤོས་ཀྱི་ཉི་མ་དེ་རེད། ནུབ་བྱང་མཐའ་ཁུལ་གྱི་དུས་ཚོད་ནི་པེ་ཅིང་ནས་འཕྱི་བ་ཡོད་ལ། གནས་འདི་ཡི་རྫོང་རྡལ་ཡང་སྔ་དགོང་མེད་པར་ཉི་ཟེར་གྱི་ཁྲུས་སུ་འཇུག་བཞིན་ཡོད་མོད། ཇུས་ངན་དང་ལྐོག་གཡོའི་རླབས་རྒྱུན་ཞིག་ཚ་ངད་དང་འགྲོགས་པའི་ལྷིང་འཇགས་ཀྱི་ཁྲོད་དུ་ལྡང་བཞིན་འདུག
སང་ཉིན་ནི་བུ་མོ་རྣམས་ཀྱི་སློབ་མཇུག་རྒྱུགས་ལེན་གྱི་ཉིན་མོ་དེ་རེད་ལ་དྲུག་གཅིག་བྱིས་པའི་དུས་ཆེན་ལྟར་ང་རང་སླར་ཡང་ཁོང་གཉིས་དང་འགྲོགས་ལོང་བྱུང་མ་སོང་། ཁོང་གཉིས་ཀྱིས་ཤེས་པ་ཙམ་ནི་ཨ་མ་ཉེ་ཆར་བྲེལ་བ་ཆེ་བ་དང་། ལུས་པོ་ཡང་དེ་ཙམ་བདེ་པོ་མེད་པ་མ་ཟད། ཨ་ཕ་ཡང་ཕྱི་ཡུལ་དུ་སློབ་སྦྱོང་བྱེད་བཞིན་ཡོད་པས་ཁོང་གཉིས་ལ་ཁ་པར་གཏོང་རྒྱུ་ཡང་དེ་ལྟར་སྟབས་བདེ་པོ་མེད་པ་དེ་དག་རེད། ཁོང་གཉིས་ནི་དངོས་གནས་ཕྲུ་གུ་ཡ་རབས་གཉིས་རེད་ལ། ལོ་ཕྱེད་ཞལ་མ་མཇལ་བའི་པ་ཕའི་གདོང་རིས་སྒུག་བཞིན་ཡོད་པ་མ་ཚད། ད་དུང་ཁོང་ཚོ་ལ་བདག་པའི་དབྱར་དུས་དེ་ཡང་སྒུག་བཞིན་ཡོད།
ང་རང་གིས་ཕྲུ་གུ་གཉིས་ལ་ཡང་ནས་བསྐྱར་དུ་རྫུན་མ་བཤད་ཀ་མེད་རེད།
ང་ནི་ཕ་དང་ས་གཅིག་གི་ཐོག་ཏུ་བསྡད་ཡོད་པ་དང་། སྦག་སྦག་གླས་ན་སྒོར་མོ་ལྔ་ཡི་ལམ་ཐག་ཙམ་ལས་མེད་མོད། འཇིག་རྟེན་གཉིས་ལྟར་དུ་རྒྱང་གིས་ཆོད་འདུག གྱང་མཐོན་པོ་དང་ལྕགས་ཚེར་རྭ་བའི་མཐོངས་ན། འདབ་ཆགས་རྣམས་ཕར་འཕུར་ཚུར་འཕུར་བྱེད་སྐབས་ཁོང་གི་སེམས་ལ་གང་ཞིག་འཆར་སྲིད་དམ། དེ་དག་བསམ་སྐབས་ང་རང་གི་སྙིང་ཁ་འཁྱག་སིབ་སིབ་ཏུ་འགྲོ་བ་མ་ཚད། སང་ཉིན་གྱི་ཉི་མ་ལ་ཡང་རྗེས་དཔག་གང་ཡང་བྱེད་མི་ཕོད།
སང་ཉིན་ཁྲིམས་ཁང་ནང་ཁོང་རང་མཐོང་ཐུབ་པ་དང་། ལོ་ཕྱེད་རྗེས་སླར་ཡང་རང་གི་ཟླ་བོ་མཇལ་དུས། ཁོང་གི་མགོ་ཐོག་ནས་ཡལ་ཟིན་པའི་སྐྲ་ལོ་རིང་པོ་དང་སྨ་ར། ད་དུང་ལུས་ཀྱི་རྣམ་པ་དང་བཞིན་གྱི་རྣམ་འགྱུར་ཡོངས་ནས་སྡུག་བསྔལ་གྱི་ཚོར་བ་དེ་མེ་ལྟར་མཆེད་ནས་ཡོང་སྐབས་ང་ཚོས་ཇི་ལྟར་བཟོད་དགོས་སམ། ཁོང་ནི་གཞུང་རྒྱུད་དྲང་ལ། བྱམས་སྙིང་རྗེ་ཆེ་བ་མ་ཟད། བློ་དང་ཤེས་རབ་མངའ་བའི་མི་ཞིག་རེད། ཡིན་ནའང་སུ་ཞིག་གིས་ཀྱང་བསྙོན་དཀའ་བའམ་ཡིད་མ་ཆེས་རང་ཆེས་སུ་གྱུར་པ་ནི། འདི་ནི་མི་ཡ་རབས་སེམས་བཟང་རྣམས་འཚོ་ས་དཀའ་བའི་དུས་རབས་ཤིག་རེད།
ཟླ་བོའི་ཕུ་བོ་རིན་ཆེན་གྱི་གྱོད་གཞི་ཐག་གཅོད་དེ་སླར་ཡང་རྒྱུ་མཚན་མེད་པར་ནར་འགྱངས་བྱས་པ་དང་། ནར་འགྱངས་བྱེད་དོན་དང་དུས་ཡུན་གང་ཡང་གླེང་མེད་པ་དེ་དག་ཁ་སང་ཤེས་རྟོགས་བྱུང་། ཁྲིམས་མེད་ལུགས་མེད་དང་ཁྱད་མཚར་བའི་བྱེད་སྟངས་འདི་དག་ངོ་ཚ་ཁྲེལ་མེད་དང་དྲེགས་པ་ཆེན་པོའི་ངང་ནས་བེད་སྤྱོད་གཏོང་རྐྱང་བྱེད་དུས། ང་ཚོས་དེ་དག་རྒྱུན་ལྡན་ཞིག་ཏུ་བརྩི་འོས་སམ། ཡང་ན་སེམས་ཀྱི་ཕུགས་སུ་འཛིན་དགོས་པ་རེད།
གྲོགས་པོ་རྒྱུས་ཡོད་ཆ་ཡོད་ཚང་མས་བུ་སྤུན་གསུམ་ལ་བསྟོད་པའི་ཁ་གཡང་ཕངས་མེད་འཐེན་གྱིན་ཡོད་ཅིང་། ཁོང་གསུམ་པོ་ངོ་རིས་འདྲ་པོ་མེད་ཀྱང་ལས་རྒྱུ་འབྲས་བརྩི་མཁན་གཅིག་འདྲ་ཡིན་ལ། ཁོང་གསུམ་པོས་སྣོད་བཅུད་ཀྱི་ཆོས་ཉིད་སྲུང་ནས་ཆོས་ཐམས་ཅད་ལ་བརྩི་བཀུར་དང་འགྲོ་བ་ཐམས་ཅད་ལ་བློ་དཀར་འཛིན་པ་རེད། གྲོགས་པོ་རྣམས་ཀྱིས་ཁོང་གསུམ་པོའི་གཡོ་ལྷད་བྲལ་བའི་འཛུམ་མདངས་དང་། དྭངས་གཙང་དྲི་མ་མེད་པའི་སྤྱན་གྱི་གཟིགས་ཕྱོགས་རྒྱབ་ཀྱི་དཔའ་ངར་ཞུམ་མེད་ཀྱི་ཐུགས་རྒྱུད་ཡང་བརྗེད་ག་ལ་སྲིད།
སྤུན་རྒན་པ་རིན་ཆེན་ནི་འཇིག་རྟེན་སྐྱེ་བོས་དཔོག་དཀའ་བའི་མི་ཞིག་རེད། ཁོང་གིས་འཇིག་རྟེན་འཁོར་བའི་ཉག་ཉོག་ལ་སྣང་བ་དེ་ཙམ་མི་གཏོང་རུང་། རང་གི་འཇིག་རྟེན་ནང་དུ་ཕོ་རྒོད་པོའི་འཇོན་ཐང་ངོམ་བཞིན་ཡོད། ཁོང་ཉིད་ཆོས་དང་སྨན་གཞུང་ཐད་ལ་མཁས་པ་དང་། རི་མོ་ཡག་པོ་ཞིག་ཀྱང་བྲི་ཤེས། དེ་བཞིན་རྒྱ་སྐད་མི་ཤེས་རུང་གློག་ཀླད་རང་སྦྱོང་བྱས་ནས་མཉེན་ཆས་མང་པོ་ཞིག་བཀོལ་ཤེས་ཀྱི་ཡོད། ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་ནང་ནས་རྩི་བཅུད་བླངས་ཏེ། མི་དང་རང་བྱུང་ཁམས་མཐུན་པོར་གནས་ཐུབ་པའི་བགྲོད་ལམ་ཞིག་འཚོལ་བ་ལ་ཕྱོགས་སྡོམ་གནང་བཞིན་ཡོད།
སྤུན་ཐ་ཆུང་འཆི་མེད་ཀྱི་སྐེད་ཚིགས་ཐང་པོ་མེད་མོད། ཁོང་རང་བློ་རྒྱུ་དྲང་བ་དང་སེམས་པ་བཟང་བས་ཡུལ་མི་ཀུན་གྱིས་བཀུར་ཡུལ་དུ་གྱུར་ཡོད། དེའི་དབང་གིས་ལོ་མང་རིང་གྲོང་མི་རྣམས་ཀྱིས་གྲོང་དཔོན་ལ་བདམས་པ་དང་། མང་ཚོགས་ཀྱི་དཀའ་ངལ་དང་རྩོད་གཞི་ཐག་གཅོད་བྱ་བར་འབད་འབུངས་ལྷོད་མེད་བྱས་ཡོད་པ་རེད་ལ། གྲོང་ཚོའི་ནང་རྟོག་ཞིབ་ལ་བྱོན་པའི་འགོ་ཁྲིད་ཚོ་ཡང་ཁོང་གི་ནང་དུ་ཞག་ཚུགས་བྱེད་ལ། ཕར་འགྲོ་ཚུར་འགྲོ་རང་ཁྱིམ་བཞིན་དུ་བྱེད་པ་རེད།
ང་ནི་དུས་དང་རྣམ་པ་ཀུན་ཏུ་རི་བོའི་ཕུ་ཡི་གྲོང་སྡེ་རུ་རིན་ཆེན་དང་འཆི་མེད་ལྟ་བུའི་སྐྱེ་བོ་སློབ་གྲྭར་ཉིན་གཅིག་ཀྱང་བསྐྱོད་མྱོང་མེད་ལ། ཕྱི་ཕྱོགས་ཀྱི་ཡུལ་གྲུ་དང་འབྲེལ་གཏུག་མེད་མོད། ནམ་ནམ་ཞག་ཞག་རི་བོ་མཐོར་པོར་འཛེགས་ནས་རྩི་ཤིང་ལ་ཆུ་རྒྱག་པ་དང་། གད་སྙིགས་སྒྲུག་པར་གཞོལ་བར་རྗེས་སུ་ཡི་རང་བྱུང་མྱོང་ཡོད། འོན་ཀྱང་ཁོང་ཚོས་ཆུ་འགོ་གསུམ་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། ཆུ་མོ་དེ་དག་ནི་མི་འབོར་དུར་ཕྱུར་བཅུ་གྲངས་གསོ་བྱེད་ཀྱི་གཙང་པོ་རྣམས་ཀྱི་ཆུ་འགོ་ཡིན་པ་ཡིད་ཀྱི་ཡུལ་ལ་ཡང་ཤར་མྱོང་མེད། གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་ན། བཞིན་རས་རྡུལ་གྱིས་གཡོགས་པའི་སེམས་བཟང་ཅན་གྱི་མི་བུ་དེ་ཚོ་ནི་དོན་སྙིང་གཞན་ཞིག་གི་ཐོག་ནས་བྱང་སེམས་ཀྱི་ལམ་ཞིག་ལ་སྙེག་བཞིན་ཡོད་པ་མ་ཡིན་ནམ།
དེ་དག་ཚང་མ་འདས་ཟིན་པའི་དོན་དག་ཤ་སྟག་རེད། གནས་ཚུལ་དེ་དག་མིག་མདུན་གྱི་ཆག་སྒོ་དང་བསྡུར་ན་མི་སེམས་སྡུག་གི་མཚོ་མོ་ལས་ཐར་ཐབས་དབེན། རིན་ཆེན་དང་འཆི་མེད་གཉིས་ནི་ན་ནིང་ཟླ་བ་བརྒྱད་པ་ནས་བཙོན་དུ་བཅུག་པ་རེད། ཉེས་པ་གང་ཞིག་བསགས་པ་ཡིན་ནམ། ཁོང་ཚོའི་རང་དབང་འཕྲོག་མཁན་དེ་ཚོས་འགེབས་འགེབས་གཡོལ་གཡོལ་དང་འཇམ་རྩུབ་མཉམ་བསྲེས་བྱེད་པ་ལས་གནས་ལུགས་རྒྱུ་མཚན་དྲངས་རྒྱུ་མེད། དེ་ནས་ཟླ་བཅུ་ཙམ་སོང་བའི་རྗེས་ཏེ། ད་ལོའི་ཟླ་6ཚེས་11ཉིན་སྐམ་རིད་ཟུངས་ཟད་དུ་གྱུར་བའི་འཆི་མེད་སྨན་ཁང་དུ་སྡོད་ཆོག་པའི་གནང་བ་ཐོབ་པ་དང་། སྐབས་དེ་དུས་ཁོང་འཁོར་ལྡན་རྐུབ་སྟེགས་སྡོད་ནས་འགྲོ་སྐྱོད་བྱ་རྒྱུ་དང་། མཁྲིས་ནད་ལྗིད་དུ་སོང་བ་མ་ཚད་ད་དུང་མཁལ་ནད་ཡང་ཕོག་འདུག ཡ་ང་བའི་མི་སེམས་བཟང་འདི་ཨ། སྨན་ཁང་གི་ར་འཕྲོད་མེད་ན་བཙོན་ཁང་ནས་ཀྱང་བདག་པོ་རྒྱག་མི་ནུས་པའི་ཚད་དུ་སླེབས་འདུག དེས་ན་ཁོང་རང་སྨན་ཁང་དུ་གཟུགས་པོར་བརྟག་དཔྱད་ཐེངས་གཉིས་བྱས་མོད། བརྟག་དཔྱད་བྱས་འབྲས་མིག་གིས་མཐོང་རྒྱུ་མི་འདུག་ལ། མཐའ་མ་བཙོན་ཁང་དུ་བཙན་གྱིས་བརྫངས་པ་ཞིག་རེད།
ད་ལོའི་ཟླ་6ཚེས་20ཉིན་རིན་ཆེན་ལ་ཁྲིམས་ཐག་གཅོད་རྒྱུའི་དུས་ཚོད་དེ་སྔ་ས་ནས་ཟླ་6ཚེས་24ཉིན་ཡིན་པ་དེ་ནར་འགྱངས་བྱ་རྒྱའི་བརྡ་འབྱོར་སོང་། རྒྱུན་དུ་འཛུམ་དམུལ་ལེར་སྡོད་པར་དགའ་བའི་ཁོང་རང་སྐབས་འདིར་གང་ཞིག་ཡིད་ལ་ཤར་གྱིན་ཡོད་དམ། ཁྱིམ་མི་དྲན་གྱིན་ཡོད་ན། ཡང་ན་གནས་རི་བླ་མཚོ་ལ་སེམས་ཆགས་བཞིན་ཡོད། ཡང་ན་ལོ་མང་དཀའ་ལས་བརྒྱབ་ནས་བསྡུ་སྒྲིག་བྱས་པའི་དཔེ་ཆ་དེ་དག་དྲན་བཞིན་ཡོད། གཅིག་བྱས་ན། ཁོང་གིས་རང་ཉིད་ཡོངས་སུ་བརྗེད་ནས་རང་གི་གཅུང་པོ་གཉིས་ལ་སེམས་ཁྲལ་བྱེད་བཞིན་ཡོད་ཀྱང་སྲིད། ལྷག་པར་དུ་ལོ་མང་ཕ་ཡུལ་ནས་བྲལ་ཞིང་ཕྱི་རུ་ཚོང་གི་ལམ་དུ་སྐྱོད་བཞིན་པའི་གཅུང་པོ་སྟེ་ང་ཡི་ཟླ་བོ་ལ་དྲུག་གཅིག་ཉིན་མོར་ཁྲིམས་ཐག་གཅོད་རྒྱུ་དེ་ནས་ནར་འགྱངས་བྱས་རྗེས་སང་ཉིན་ཁྲིམས་ཐག་བསྐྱར་དུ་སྒུག་བཞིན་པ་དེ་ལ་སེམས་འཕྲེང་བཞིན་ཡོད་ངེས་རེད།
ཁོང་ཚོའི་གཉེན་ཉེ་གཞན་ཞིག་སྟེ། སྐབས་དེ་དུས་སྒོམ་སྒྲུབ་གནང་བཞིན་པའི་དགེ་འདུན་པ་རིན་ཆེན་རྡོ་རྗེ་ཡང་ཟླ་གསུམ་གྱི་གོང་དུ་ཁུར་ལེའི་ཉེན་རྟོག་པས་བཙན་གྱིས་འཁྲིད་སོང་བ་རེད། རྒྱུ་མཚན་ནི་སྔ་ས་ནས་མཇུག་བསྡུས་ཚར་བའི་ལོ་བཅུ་གྲངས་གོང་གི་དོན་ཞིག་བསྐྱར་དུ་བསློགས་ནས་གསར་བཟོ་བྱས་པ་དང་། ལོ་བཅུ་གྲངས་གོང་དུ་ཁོང་གིས་རང་གི་སྤུན་ཉེ་ངའི་ཟླ་བོ་ལ་སྐད་སྒྱུར་བྱས་པའི་དབང་གིས་རེད། འཛིན་བཟུང་མ་བྱས་གོང་ཁོང་རང་སྒོམ་སྒྲུབ་ལ་ཞུགས་ནས་ལོ་བཅུ་ཟིན་གྲབས་ཡོད། ཟླ་ལྔ་པའི་ཟླ་མཇུག་ཏུ་ང་ཚོས་ས་གནས་དེ་གའི་སྨན་ཁང་ནས་ཁོང་གློག་ཚའི་མནར་གཅོད་ཀྱིས་རྨས་ཏེ་སྨན་ཁང་དུ་བསྐྱལ་བ་ཤེས་རྟོགས་བྱུང་བ་དང་། དེ་རྗེས་བཙོན་ཁང་དུ་འདྲི་བར་འགྲོ་དུས་དོན་དེའི་སྐོར་གསལ་བཤད་མི་བྱེད་པ་མ་ཚད། ཡུལ་ཤུལ་གྱི་དགེ་འདུན་པ་དེ་ལྷ་སར་བསྐྱལ་བ་རེད་ཟེར། ལྷ་ས་ཕྱོགས་ལ་སྐད་ཆ་འདྲི་དུས་གནས་ཚུལ་དེ་འདྲ་ཡོད་པ་ཤེས་ཀྱི་མེད་ཟེར་བ་སོགས་དོགས་པ་བསེད་དཀྲོལ་བྱེད་དཀའ་བར་གྱུར་སོང་། ད་ཆ་ངས་ཁོང་རང་ས་ཆ་གང་དུ་ཡོད་པ་མི་ཤེས་ལ། ནམ་རྒྱུན་གད་མོ་ལྷང་ལྷང་དུ་དགོད་པར་སྤྲོ་བའི་ཁོང་གི་ངང་ཚུལ་ཡང་ཡང་ཡིད་ལ་ཤར་གྱིན་འདུག
ད་དུང་སྤུན་ཉེ་བསོད་ནམས་ཆོས་འཕེལ་ཡང་ན་ནིང་ལོ་མཇུག་ཏུ་རྒྱུ་མཚན་གང་ཡང་མེད་པར་འཛིན་བཟུང་བྱས་སོང་ལ་ལོ་གཅིག་དང་ཕྱེད་ཀའི་ངལ་རྩོལ་བསྒྱུར་བཀོད་ཀྱི་ཁྲིམས་ཐག་བཅད་སོང་།
ང་རང་ཆུང་མ་ཞིག་གིས་རང་གི་ཟླ་བོ་ལ་དག་སེལ་བྱེད་པར་ཡང་སྙིང་གཞན་གྱིས་བློ་ཁ་ཇི་ཙམ་གཏོད་མིན་ཧ་གོ་གི་མེད། འོན་ཀྱང་ཆ་རྒྱུས་ཡོད་མཁན་ཚང་མས་ངའི་ཟླ་བོ་ལ་བཅངས་པའི་ཡིད་ཆེས་དེས་ང་རང་སེམས་འགུལ་ཐེབས་ལ་གདེང་ཚོད་ཞིག་ཀྱང་རྙེད་བྱུང་། གཟི་ཡི་རྒྱལ་པོ་དང་། ཁོར་ཡུག་སྲུང་སྐྱོབ་པ། དགེ་རྩ་སྒྲུབ་མཁན། ཕུལ་བྱུང་ཚོང་པ། ངལ་རྩོལ་དཔེ་བཟང་སོགས་སྨིག་སྒྱུ་ལྟ་བུའི་མཚན་སྙན་དེ་དག་ཡོངས་སུ་དོར་ན་ཡང་། ངའི་ཟླ་བོ་ནི་ཕྱི་གསལ་ནང་གསལ་གྱི་མི་ཞིག་དང་། མི་ཐམས་ཅད་ཀྱིས་དགའ་པོ་བྱེད་སའི་ཡ་རབས་གཞུང་དྲང་ཞིག་ཡིན་པ་མ་ཚད། ཁོང་རང་རྒྱུན་དུ་ཁྱིམ་དུ་མ་བཞུགས་པ་དང་། ཁོང་གི་རྒྱུ་དང་ནུས་ཤུགས་ཡོད་ཚད་རིག་གནས་དང་ཁོར་ཡུག་སྲུང་སྐྱོབ་ལ་ཕུལ་ཡང་རུང་། ངའི་སེམས་ནང་དུ་ཆེས་བརྩེ་ཤོས་ཀྱི་མི་དེ་ཡིན། ང་རང་ཆུང་མ་ཞིག་དང་མ་ཡུམ་ཞིག་གི་ཚོད་ནས་སྐྱོ་གདུང་གཞན་ཞིག་མྱོང་བཞིན་ཡོད་མོད། ང་རང་གིས་འདི་ལྟ་བུའི་སྒེར་སེམས་མེད་པའི་མི་ཞིག་ལ་རྒྱབ་སྐྱོར་བྱེད་རྒྱུ་བྱུང་བ་ནི་རང་ཉིད་ཀྱི་ལས་སྐལ་བཟང་པོ་ཡིན་པར་ཚོར་བཞིན་ཡོད།
ཁོང་དང་། ཁོང་ཚོ། ཁྱེད་རྣམ་པ། ད་དུང་མི་མང་པོ་ཞིག་མཐོང་དུས། ངས་འཛམ་གླིང་འདི་ནི་ཟ་འཐུང་ཉལ་གསུམ་གྱི་ཁྲོད་དུ་ཆུ་ཚོད་24བསྐྱེལ་བ་ཁོ་ན་མ་ཡིན་པར་ཡིད་ཆེས་ཆེ་ནས་ཆེ་རུ་འགྲོ་ཡི་འདུག གལ་སྲིད་མི་དང་མིའི་བར་དུ་དྲོད་མ་ཡལ་བའི་སྙིང་གིས་འབྲེལ་ཐུབ་པ་དང་། གལ་སྲིད་མི་དང་སེམས་ཅན་གཞན་འདྲ་མཉམ་ངང་དུ་གནས་ཐུབ་པ། གལ་སྲིད་མི་རྣམས་གདོད་མའི་གཞི་ལ་ལོག་ནས་རང་བྱུང་ཁམས་དང་གཅིག་ཏུ་འདྲེས་ཐུབ་ན། མི་ཡི་འཇིག་རྟེན་ཡང་ཡུན་དུ་གནས་ཐུབ་ངེས་རེད། འདི་ནི་ངའི་ཟླ་བོའི་ཚེ་གང་གི་ཕུགས་འདུན་ཏེ། ཁོང་གིས་རིག་གནས་དང་ཁོར་ཡུག་སྣ་མང་མཉམ་གནས་ཡོང་བར་འབད་པ་གནང་ཡོད་ལ། འདི་ནི་ཡ་རབས་དྲང་བདེན་དང་རང་བྱུང་ཁམས་ཀྱི་མཛེས་པས་ང་ཚོ་ལ་གནང་བའི་སྟོབས་ཤུགས་ཀྱང་རེད། འདི་དང་བསྡུར་ན། ལས་རྒྱུ་འབྲས་མི་བརྩི་ཞིང་ལྟོ་བགྲངས་འབའ་ཞིག་གི་ཆེད་དུ་འཚོ་བའི་མི་ཚེ་ནི་ཅི་འདྲའི་གླེང་རིན་མེད་པ་ཞིག་དང་། དེ་དག་གི་མི་ཚེ་ནི་ཆེས་ཐུང་ལ་དོག་པ་ཞིག་ཡིན་ཞིང་། ཐ་ན་ལྗོན་ཤིང་རྐང་གཅིག་དང་རླུང་བུ་འཚུབ་མ་ཞིག་ལ་ཡང་དོ་མི་ཐུབ། དེ་དག་གི་མི་ཚེ་ནི་དུས་ཀྱིས་བརྗེད་ངད་ཁྲོད་བོར་རྒྱུ་རེད་ལ། ས་རྡུལ་གྱིས་ཤུལ་མེད་པར་འགེབས་ངེས་རེད།
མཆན། དེ་རིང་ནི་ཀརྨ་བསམ་གྲུབ་ལ་མ་ཉེས་ཁ་གཡོགས་ངང་ཁྲིམས་ཐག་གཅོད་རྒྱུའི་ཉིན་མོ་དེ་རེད། ཁོང་ལ་ཉེས་པ་མེད་པ་ནི་གསལ་གསལ་ཐིང་ཐིང་ཡིན་མོད། ཆད་པ་ཇི་འདྲ་ཞིག་གཅོད་མིན་ནི་རྟོགས་དཀའ་བ་ཞིག་རེད། གོང་གི་རྩོམ་ཡིག་འདི་ནི་ཁོང་གི་ཆུང་མས་ཚེས་21ཉིན་གསར་དུ་ཁ་ཕྱེས་བའི་ཁོང་རང་གི་ཟིན་བྲིས་ངོས་སུ་བཀོད་འདུག་ལ། དེའི་གོང་དུ་ཁོང་གིས་ཟིན་བྲིས་ཤིག་ཁ་ཕྱེ་མོད། ཉིན་གཅིག་ཡང་མ་ཟིན་པར་རྒྱ་ནག་གཞུང་གིས་བཙན་བཀག་བཏང་བ་རེད། གུས་པས་ཁོང་གི་རྩོམ་འདི་བསྒྱུར་ནས་ཀརྨ་སྤུན་གསུམ་གྱི་ལས་དབང་ལ་སྐྱེ་བོ་སྔར་བས་མང་བས་དོ་ཁུར་དང་དཔུང་རོགས་གནང་རྒྱུའི་རེ་བ་འཆང་བཞིན་ཡོད།
དེང་གླེང་མོད་ཁང་གི་ཁ་ཕྱེ་གི་མི་འདུག གང་བྱུང་བ་ཡིན་ནམ།
འཛམ་བུ་གླིང་གི་ས་ལྒང་འདི་ལ་གཅེས་སེམས་ཡོད་པའི་མི་བུ་དག་གིས་འཁོར་ཡུག་སྲུང་སྐྱོབས་པ་ཀརྨ་བསམ་འགྲུབ་སྐྱོབས་རོགས་གནང་།