བློ་བཟང་དབང་འདུས།
ཉེ་ཆར་ཕྱི་ཟླ་བརྒྱད་པའི་ནང་རྒྱ་གར་ལྷོ་ཕྱོགས་ཀཱེ་རཱ་ལའི་མངའ་སྡེ་རུ་ཆུའི་འཇིགས་པ་ཆེ་ཆེར་བྱུང་བས། ས་ཁུལ་དེའི་མི་འབོར་དྲུག་ཆ་གཅིག་ལ་ཐད་ཀར་གནོད་སྐྱོན་ཤུགས་ཆེན་བྱུང་སྟེ། མི་གྲངས་བཞི་བརྒྱ་བརྒྱད་ཅུ་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། བཅོ་ལྔ་ལྷག་གར་སོང་ཆ་མེད་དུ་གྱུར་བ། དེ་བཞིན་མི་འབོར་ས་ཡ་གཅིག་ལྷག་ས་གནས་གཞན་དུ་གནས་སྤོས་བྱས་དགོས་བྱུང་བ་སོགས་ཀྱིས་ཡ་ང་བའི་རྐྱེན་ཆགས་དེ་དག་ལ་རྒྱ་གར་དབུས་གཞུང་ནས་རང་འབྱུང་ཁམས་ཀྱི་གོད་ཆག་ཚབས་ཆེན་ཞིག་ཏུ་ངོས་འཛིན་གནང་ཡོད། ཛ་དྲག་ཅིང་ཡིད་སྐྱོ་བའི་གནས་སྟངས་དེར་རྒྱ་གར་དབུས་གཞུང་དང་མི་མང་གིས་གཙོས་འཛམ་གླིང་ཡུལ་གྲུ་ཁག་དུ་མའི་གཞུང་སྒེར་གཉིས་ཐོག་ནས་རོགས་རམ་གནང་དང་གནང་མུས་ལྟར། ས་གནས་འདྲ་མིན་ལ་གནས་པའི་རང་རེ་བོད་མི་རྣམས་ནས་ཀྱང་གདུང་སེམས་མཉམ་སྐྱེ་མཚོན་ཕྱིར་དཀའ་ཁག་དེ་དག་ལ་སྒོ་དུ་མའི་ཐད་ནས་མཐུན་སྦྱོར་རོགས་རམ་བསྐྲུན་འདུག ལྷག་པར་དུ་ལྷོ་ཕྱོགས་སུ་གནས་པའི་བོད་མི་རྣམས་ཆུ་རུད་ཀྱིས་གནོད་འཚེ་བྱུང་བའི་ས་ཁུལ་འདྲ་མིན་དུ་དངོས་སུ་བཅར་ཏེ་ཟས་གོས་སོགས་ཀྱི་རོགས་སྐྱོར་ཚད་མེད་གནང་བ་དེ་ནི་ཆེ་བསྟོད་འོས་ཤིང་མིག་དཔེ་བཟང་པོའི་ལས་ཞིག་ཏུ་སེམས་ཡོད།
དེ་གར་ཝཱ་ཎཱ་མཐོ་སློབ་ཁང་གི་དགེ་ལས་ཡོངས་ནས་ཀྱང་ཉིན་གཅིག་གི་གླ་ཕོགས་དང་། སློབ་ཕྲུག་ཡོངས་ནས་ཉིན་གཅིག་གི་ཟས་དོད་དང་ཞལ་འདེབས། འབྲེལ་ཡོད་ཡུལ་ལུང་དེའི་ཆས་གོས་གསར་རྐྱང་གང་མང་ཞིག་ཞལ་འདེབས་ཀྱི་ཚུལ་དུ་བསྡུ་རུབ་བྱས། དེ་བཞིན་གཙུག་ལག་ཁང་འདིའི་ཁོངས་གཏོགས་དགེ་རྒན་འོས་སྦྱོང་ (Bhuntar) སྡེ་ཚན་གྱི་དགེ་ལས་རྣམ་པའི་ཉིན་གཅིག་གི་གླ་ཕོགས་གནང་བ་བཅས་ཞལ་འདེབས་གང་མང་བྱུང་ཡོད།
ཐོག་མར་རོགས་དངུལ་དང་གྱོན་གོས་གང་བྱུང་བ་རྣམས་ཀཱེ་རཱ་ལའི་ཐེབས་རྩ་ཁང་དུ་ཐད་ཀར་འབུལ་རྒྱུ་བྱས་ཀྱང་། ཕྱིས་རང་རེའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་སློབ་ཁང་འདི་ནས་ཀཱེ་རཱ་ལའི་ཆེད་རུ་ཁག་གཅིག་འགྲོ་ཐུབ་ན་དགེ་མཚན་ཆེ་བའི་བཀའ་ཕེབས་གཞིར་བཟུང་། དགེ་ལས་སློབ་ཕྲུག་གསུམ་འཛོམས་ཡོད་པའི་རུ་ཁག་མི་མགོ་བཅུ་ཆེད་འཛུགས་གནང་སྟེ། ཕྱི་ཟླ་ ༩ ཚེས་ ༤ ཉིན་གཙུག་ལག་སློབ་ཁང་འདི་ནས་བསྡུ་རུབ་བྱུང་བའི་གྱོན་ཆས་ཐུམ་སྒྲིལ་བཅུ་གཅིག་ཡོད་པ་དེ་དག་འཁྱེར་ཏེ། རྒྱ་གར་ལྷོ་ཕྱོགས་ཀཱེ་རཱ་ལའི་གྲོང་ཁྱེར་ཨཱེར་ཎ་ཀུ་ལཱམ་ (Ernakulam) དུ་མེ་འཁོར་བརྒྱུད་དེ་བསྐྱོད་པ་ཡིན། ཕྱི་ཚེས་ ༧ གྱི་ཐོ་རངས་ཆུ་ཚོད་ལྔ་པ་ཙམ་ལ་ས་ཁུལ་དེར་འབྱོར་སོང་། ས་ཁུལ་དེ་ནས་ཀི་ལོ་མི་ཊར་ཉི་ཤུ་ཙམ་གྱི་སར་གནས་པའི་གྲོང་གསེབ་ (Manakkapady, North Paravur) ཞེས་པ་དེར་ཕྱིན་སྟེ། ས་ཁུལ་དེའི་འབྲེལ་ཡོད་མི་སྣ་སྐུ་ཞབས་(Shaiju Mohanan) དང་མཇལ་འཕྲད་ཞུས་རྗེས། ཁོང་གིས་ཉེ་འགྲམ་ཆུ་རུད་ཀྱིས་གདུངས་བའི་གྲོང་གསེབ་གཡས་གཡོན་རྣམས་སུ་ལྟ་རུ་འཁྲིད་བྱུང་། ས་ཁུལ་དེ་དག་གི་གནས་སྟངས་ཧ་ཅང་ཛ་དྲག་པོ་དང་ཡ་ང་བ་ཞིག་ཏུ་གནས་འདུག །
དེའི་ཉིན་རྒྱབ་ཆུ་ཚོད་དང་པོ་ཙམ་ལ་ཨཱེར་ཎཱ་ཀཱུ་ལམ་དུ་ཉོ་ཆ་རྒྱག་ཆེད་ང་ཚོ་མི་བདུན་བསྐྱོད་དེ། བཟའ་ཆས་འབྲས་དོ་པོ་བརྒྱ། བྱེ་མ་ཀ་ར་དོ་པོ་སུམ་ཅུ་ལྷག ཇ། སྲན་མ་འདྲ་མིན་(དཱ་ལི།) དང་(ཅཱ་ན།) གྱོན་ཆས་འདྲ་མིན། ཐབ་ཆས་དང་། ད་དུང་གྲོང་གསེབ་དེའི་ཁུལ་གྱི་སློབ་ཕྲུག་རྣམས་ལ་འབྲི་དེབ་ལ་སོགས་སློབ་སྦྱོང་གི་ཡོ་བྱད་ཉོ་ལ་བྲལ་ཏེ། ཉིན་གང་དེར་འགོར་ཞིང་དགོང་མོ་ཆུ་ཚོད་དགུ་པ་ཙམ་ལ་མ་གཏོགས་ཕྱིར་མ་འབྱོར། དེའི་མཚན་མོ་ཆུ་ཚོད་དང་པོའི་བར་ཟས་ཆས་རྣམས་ཆ་བགོས་རྒྱག། སང་ཞོགས་ཆུ་ཚོད་ ༡༡ ནས་འགོ་བཙུགས་ཏེ་དགོང་མོ་ཆུ་ཚོད་ ༦ པའི་བར་རོགས་སྐྱོར་གྱི་ཡོ་བྱས་རྣམས་ཕུལ་ཐུབ་པ་བྱུང་སོང་།
སྐབས་དེར་ས་གནས་གྲོས་ཚོགས་ཀྱི་མི་སྣ་ཆེ་ཁག་གཉིས་ཕེབས་ཏེ། རང་རེའི་སློབ་ཁང་ནས་ས་གནས་དེར་རོགས་རམ་གནང་བ་ལ་དགའ་བསུ་ཆེན་པོས་ཐུགས་རྗེ་ཆེ་ཞེས་གསུངས་བྱུང་། ས་ཁུལ་དེའི་སློབ་གྲྭ་ཁག་ལ་ཆུ་རུད་ཀྱིས་གནོད་ཚེ་བྱུང་བའི་སྐྱེན་ཀྱིས་སྒོ་བརྒྱབ་ཡོད་སྟབས། སློབ་ཕྲུག་རེ་རེ་ནས་ཐུག་པའི་གོ་སྐབས་མ་བྱུང་ཡང་ས་གནས་སློབ་གྲྭའི་དགེ་རྒན་གྱི་སྐུ་ཚབ་ཞིག་ལ་ཁོང་རྣམས་ལ་ཆེད་དུ་དམིགས་ཏེ་སློབ་སྦྱོང་གི་ཡོ་བྱད་གང་མང་ཉོས་ཡོད་པ་དེ་དག་ཕུལ་བ་སོགས་ཀྱི་ལས་འཆར་མི་ཉུང་བ་ཞིག་ཉིན་གཉིས་རིང་བྲེལ་འཚུབ་ངང་སྤེལ་ཐུབ་པ་བྱུང་། ཉིན་དེའི་དགོང་མོ་ཆུ་ཚོད་བཅུ་གཅིག་ལ་མེ་འཁོར་བརྒྱུད་རང་གནས་སུ་ཕྱིར་ལོག་བྱས་པ་ཡིན།
རང་རེའི་གཙུག་ལག་སློབ་ཁང་འདིའི་དགེ་ལས་སློབ་ཕྲུག་ཡོངས་ནས་གང་ནུས་གང་ལྕོགས་ཀྱིས་ཞལ་འདེབས་གནང་བ་དེ་དག་གིས་ས་གནས་དེའི་མི་མང་སུམ་རྒྱ་ལྷག་ལ་ཕན་ཐོགས་ཅུང་ཟད་བསྒྲུབས་ཐུབ་ཡོད་པ་དེའི་དགེ་རྩ་ཅི་བསགས་འཇིག་རྟེན་ཆོས་བརྒྱད་ཀྱིས་མ་ལྷད་པར་རབ་ཏུ་བསྔོ་ཞིང་། འགྲོ་བ་མིའི་བདེ་སྡུག་གི་ཚོར་བ་འདྲེན་ཕྱིར། གཙུག་ལག་སློབ་ཁང་འདིའི་རིགས་བདག་མཆོག་གིས་སློབ་ཕྲུག་གཙོ་གྱུར་གྱི་རུ་ཁག་ཞིག་ཀཱེ་རཱ་ལར་ཆེད་ཛོངས་གནང་བ་ལ་བདག་གིས་སེམས་ཁོངས་ནས་ཡི་རང་དང་དགའ་བསུ་ཞུ། དེ་དང་ཆབས་ཅིག་ཏུ་རུ་ཁག་གི་འགན་འཛིན་སྐུ་ཞབས་ Prof. Umesh Ji དང་རུ་ཁག་ནང་ཡོད་པའི་སློབ་ཕྲུག་ཕོ་མོ་ཡོངས་ལ་ཡང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།། །།
གཞན་གྱི་དགེ་བ་བྱས་པ་ཐོས་པའི་ཚེ།།
དེ་ལ་ཕྲག་དོག་མི་དགེའི་སེམས་སྤང་ན།།
དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས།།
གཞན་ཕན་བྱ་བ་དཀར་པོ་དགེ་བའི་ཚོགས་།
གཞན་ཕན་བྱ་བ་རླབས་ཆེན་བྱང་ཆུབ་སེམས་།
གཞན་ཕན་དངོས་སྦྱིན་རྒྱུ་སོང་འབྲས་བུ་སྨིན་ །
གཞན་ཕན་ཐམས་ཅད་ནང་བསྟན་སྙིང་བཅུད་ཡིན་ །
རླབས་ཆེན་དགེ་ཚོགས་བསྐྲུན་པའི་དགེ་བ་འདི་།
རླབས་ཆེན་ཚོགས་གཉིས་བསགས་པའི་དགེ་བ་དང་།
རླབས་ཆེན་བསམ་པས་བསྐུལ་བའི་དགེ་བའི་ཚོགས་།
རླབས་ཆེན་གཏོང་ཕོད་ཝོ་ནའི་དགེ་སློབ་ཚོགས་།