ཁ་སང་དེ་རིང་གི་ངའི་ལས་ཀ་འཕར་མ་ཞིག་ནི། ཞོགས་ཇ་མ་འཐུང་གོང་དུ་གསར་འགྱུར་སྔོག་རྒྱུ་དེ་ཡིན། མི་གཞན་དང་བསྡུར་ན་ང་ཚོའི་ལས་ཀ་འདི་ནི་ལས་ཀ་འཕར་མ་ཞིག་ལོས་ཡིན། རེབ་གོང་ས་ཆ་ན་གཏམ་དཔེའམ་ལ་གཞས་ཤིག་ཡོད། དེ་ནི་རང་གི་གཞི་བདག་ཨ་མྱེས་བྱ་ཁྱུང་གི་རི་བོ་དེའི་ཁ་འཁོར་ཕྱོགས་སྐོར་ལ་ཡིན། དེ་ནི་འདི་ལྟར། “ཁ་ཁྲི་ཀའི་ཁོག་ལ་འཁོར་རུང་། ཞེ་རེབ་གོང་ཁོག་ལ་འཁོར་ཡོད།”ཟེར་བ་རེད། འདི་ནི་ང་ཚོ་ཁ་བརྡ་བ་ཚོ་ལ་ལོས་མཐུན། ང་ཚོ་འདི་ཕྱི་རྒྱལ་ལུང་པར་ཡོད་ཀྱང་ཞེ་བསམ་པ་ཕ་ཡུལ་ལ་ཐོགས་ནས། གསར་འགྱུར་འདི་ཚོ་ཀློག་གི་ལོས་ཡོད།
དེ་རིང་གི་་གསར་འགྱུར་ནི་སྙིང་ན་བ་ཞིག་རེད། ཨ་མདོ་རྔ་བ་ཀིརྟི་དགོན་པར་རྒྱའི་ཉེན་རྟོག་པས་བཙན་གནོན་བྱས་པ་དེ་རེད། དགོན་པ་འདི་ཉེན་རྟོག་པས་མཐའ་བསྐོར་ནས་ཡུན་རིང་སོང་ཡོད་པ་དང་། ཚེས་ ༢༤ ཉིན་གྲྭ་སྦྱིན་པ་ཞུ་བ་ཞིག་ལ་གཅར་རྡུང་ཚད་མེད་ཕོག་པ་དང་། དེ་ནི་སྦྱིན་པ་དགོན་པའི་ས་ཐོག་བརྒལ་ནས་སོང་སྟབས་ཡིན་ལུགས་ཉེས་འདོགས་ཀྱིས་བརྡུང་བ་ཞིག་ཡིན་པ་དང་། དེ་ལ་ཉེན་རྟོག་པ་བཅོ་ལྔ་ཙམ་ཡོད་པ་རེད་འདུག དགོན་པའི་གྲྭ་བ་ཚོ་ནི་ཉེན་རྟོག་པའི་ཆོག་མཆན་མེད་པར་དགོན་པའི་ས་ཐོག་བརྒལ་ནས་འགྲོ་མི་ཆོག་པའི་ཁྲིམས་གཞི་བཟོས་ཡོད་པ་རེད་འདུག སྦྱིན་པ་བརྡུང་བའི་རྗེས་དེར་གོམ་པ་བརྒྱབ་ནས་དགོན་པའི་ཟ་ཁང་ལ་སླེབས་ཐུབ་པར་གྱུར་མོད། དེར་གྲྭ་བ་ ༥༠ ཙམ་ཡོད་པ་དེ་དག་གིས་སྦྱིན་པ་ཁྲག་ཆལ་ལེ་ཡོང་བ་མཐོང་ཞིང་། ཁོས་དོན་མེད་ཉེས་རྡུང་བྱུང་ལུགས་བཤད་པ་རེད། དེ་ནས་གྲྭ་པ་གཉིས་ཉེན་རྟོག་པ་ཡོད་སར་སོང་ནས་སྦྱིན་པ་ལ་རྡུང་དོན་ཅི་ཡིན་དྲི་རུ་ཕྱིན་དུས་ཉེན་རྟོག་པས་གནམ་ལ་མེ་མདའ་བརྒྱབ་ནས་ཉེན་བརྡ་བཏང་བ་དང་། གྲྭ་བ་གཉིས་ཕྱིར་ཟ་ཁང་ལ་བྲོས་སྐབས་ཉེན་རྟོག་པས་དེད་ནས་སོང་སྟེ། ཟ་ཁང་དུ་སྦྱིན་པ་མར་ཐོན་ཤོག་ཅེས་བཤད་པ་རེད། དེ་ནས་གྲྭ་བ་ཚོས་གྲྭ་པ་ཚོ་ལ་ཉེས་མེད་ཉེས་ཆད་འདི་དག་མི་རིགས་ཞེས་བཤད་སྐབས་ཉེན་རྟོག་པ་རླངས་འཁོར་གཉིས་ཡོང་ནས་གྲྭ་བ་ཚོ་ལ་མེ་མདའི་ཡུ་བ་དང་ལྕགས་ཁེམ། ཐ་ན་ཚེ་ཏོག་སྤྱད་ནས་བརྡུང་བ་རེད། གྲྭ་བ་ལྔ་སྨན་ཁང་ལ་བསྐྱལ་དགོས་བྱུང་ཡོད་པ་རེད། གྲྭ་བ་དེ་ཚོ་ནི། བསོད་ཚེ། རབ་རྒྱས། ཆོས་འཕེལ། ལེགས་མཆོག བློ་འཕེལ་བཅས་ཡིན་པ་རེད། ལྕགས་ཁེམ་དང་ཚེ་ཏོག་གིས་བརྡུང་བ་བརྟེན་ནས་རབ་རྒྱས་དང་ཆོས་འཕེལ་ལ་དམིགས་བསལ་གྱིས་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། ཚེས་ ༢༦ ཉིན་བསོད་ཚེ་ད་དུང་སྨན་ཁང་དུ་ཡོད་མོད་གཞན་བཞི་ནི་གང་དུ་ཡོད་མི་ཤེས་པ་རེད་ཅེས་གསར་འགྱུར་སྤེལ་འདུག གསར་འགྱུར་ཡོང་ཁུངས་ནི་ Free Tibet Campaign ཞེས་པ་རེད། གསར་འགྱུར་འདི་དབྱིན་ཡིག་ནང་ཕ་ཡུལ་དྲ་རྒྱུར་འཁོད་འདུག
བོད་རྒྱ་ཞི་མོལ་དང་བོད་རྒྱ་དྲག་མོལ། བོད་རྒྱ་འབྲེལ་མོལ་དང་བོད་རྒྱ་འགལ་མོལ་གང་ཡིན་ཀྱང་བོད་རིགས་རྣམས་ནི་འ་ཆད་འུ་ཐུག་གི་སྐབས་ཤིག་རེད།
གྲོགས་པོ་ཚོས་ཁ་བརྡ་དྲ་དེབ་གཟིགས་ཐུབ་བམ།