འབྲིང་བ་འཇིགས་མེད།
དང་པོ། ཚད་མའི་དགུན་ཆོས་ཆེན་མོ་འདིའི་བྱུང་རིམ།
༡ མཚན་དོན། འདིའི་མཚན་རྒྱས་པར། ཀིརྟི་ཚང་གི་གདན་ས་གོང་འོག་གིས་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ། ཞེས་དང་། མཚན་བསྡུས་པར། ཀིརྟི་ཚང་གི་ཚད་མའི་དགུན་ཆོས་ཆེན་མོ་ཞེས་འབོད། ཚད་མའི་དགུན་ཆོས་ཆེན་མོ་འདི་གོ་སྒྲིག་གནང་མཁན་དང་འདིའི་ཚོགས་ཡུལ་ནི་མདོ་སྨད་ལྷོ་རྒྱུད་ཀྱི་ཀིརྟི་ཚང་གི་གདན་ས་གོང་འོག་ཡིན། སྤྱིར་ཀིརྟིའི་དགོན་མ་ལག་བཞི་བཅུ་ཙམ་ཡོད་པའི་ཁྲོད་སྔ་མོ་ནས་མཚན་ཉིད་ཀྱི་རྩོད་གྲྭ་ཡོད་པའི་དགོན་པ་བཞི་ཡོད་པ་ལ་ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞི་ཞེས་འབོད་བཞིན་ཡོད། དེ་དག་ནི། ཀིརྟི་ཚང་གི་གདན་སའི་གཙོ་བོ་སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དང་། རྔ་པ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་། ཧོར་ཚང་ཀིརྟི་དགོན་དགེ་ལྡན་བསྟན་འཕེལ་གླིང་། རྒྱལ་རོང་ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་བཞི་ཡིན། གདན་ས་གོང་འོག་ཅེས་པ་སྐབས་ཐོབ་ཀྱིས་གོ་ས་མི་འདྲ་བ་ཡོད་ནའང་སྐབས་འདིར་དགོན་པ་ཆེ་ཁག་བཞི་པོ་འདི་ལ་གོ གདན་ས་ཆེ་ཁག་བཞི་པོ་འདིས་གཙོར་བྱས་པའི་ཐོག་ཀིརྟིའི་དགོན་ལག་གམ་ཐུན་མོང་མ་ཡིན་པའི་འབྲེལ་ཡོད་དགོན་པ་བཞི་བཅུ་མ་ཟིན་ཙམ་ཡོད་པ་རྣམས་དང་།
གཞན་ཡང་མདོ་དབུས་ཁམས་གསུམ་གྱི་ཆོས་བརྒྱུད་རིས་མེད་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་དགོན་སྡེ་མཚན་ཉིད་ཀྱི་རྩོད་གྲྭ་ཡོད་ས་རྣམས་ནས་སློབ་གཉེར་པ་གང་མང་མང་གདན་ཞུས་ཀྱིས་ཚོགས་བཞིན་ཡོད། དེའང་དགུན་ཁའི་དུས་སུ་ཚོགས་བཞིན་པའི་ཚད་མའི་ཆོས་ཐོག་སྟེ་ཚད་མ་རིག་པའི་གཞུང་ལ་དམིགས་བསལ་གྱིས་རྩོད་ཅིང་སྦྱོང་བའི་ཆོས་ཐོག་ཅིག་ཡིན་པ་བཅས་ཀྱིས་མཚན་དེ་ལྟར་བཏགས། སྤྱིར་ཚད་མའི་དགུན་ཆོས་ཆེན་མོ་འདི་མ་ཚུགས་གོང་ཀིརྟིའི་གདན་ས་གོང་འོག་ཏུ་ལོ་གཅིག་ནང་ཆོས་ཐོག་བརྒྱད་ཡོད་པའི་ཁྲོད་ཟླ་ཆོས་བཞི་སྟེ་དཔྱིད་ཆོས་ཆེན་མོ། དབྱར་ཆོས་ཆེན་མོ། སྟོན་ཆོས་ཆེན་མོའམ་རིགས་གྲྭ། དགུན་ཆོས་ཆེན་མོ་བཅས་བཞི་ཡོད། ཚད་མའི་དགུན་ཆོས་ཆེན་མོ་འདི་ཐོག་མར་ཚུགས་པའི་སྐབས་ཟླ་ཆོས་བཞི་པ་དགུན་ཆོས་ཆེན་མོ་དང་མཉམ་དུ་ཚོགས་པ་ཡིན་ནའང། ཕྱི་ལོ་ ༢༠༡༣ ལོར་བཅའ་ཡིག་གསར་པ་ཕྱག་བསྟར་གནང་བ་ནས་བཟུང་ཚད་མའི་དགུན་ཆོས་འདི་སྔར་ཡོད་དགུན་ཆོས་ཆེན་མོ་དང་སྟབས་གཅིག་ཏུ་མིན་པར་དེའི་གོང་ཟླ་བ་གཅིག་ལྷག་གི་སྔོན་དུ་ཉི་ཤུའི་ཆོས་ཐོག་གི་ངོ་བོར་ལོགས་སུ་ཚོགས་བཞིན་ཡོད།
༢ བྱུང་རིམ། འདིའི་བྱུང་རིམ་སྐོར་རྒྱས་པ་སྟག་ཚང་ལྷ་མོའི་རྒྱུད་པ་མཁན་པོ་དགེ་བཤེས་བཟོད་པ་ལགས་ཀྱིས་བྲིས་པ་ཞིག་དྲ་ཐོག་ཏུ་(www.jetsongkhapa.org)འཁོད་པ་དེར་གཟིགས་ན་ཞིབ་ཕྲ་མཁྱེན་ངེས། འདིར་མདོར་བསྡུས་ཙམ་བརྗོད་ན། ཚད་མའི་དགུན་ཆོས་ཆེན་མོ་འདི་མ་ཚུགས་གོང་ཀིརྟིའི་གདན་ས་གོང་འོག་ཏུ་ཚད་མའི་དམ་བཅའ་ཞེས་པ་ཞིག་ཚུགས། དེ་ནི་ཕྱི་ལོ་ ༡༩༩༣་་་༡༩༩༤ ལོར་༸སྐྱབས་མགོན་ཀིརྟི་རིན་པོ་ཆེས་རྔ་པ་ཀིརྟི་དགོན་གཙོར་བྱས་པའི་ཀིརྟིའི་གདན་ས་གོང་འོག་ལ་དགོན་པའི་སློབ་གཉེར་དང་འཛིན་སྐྱོང་སོགས་ཀྱི་སྐོར་ལམ་སྟོན་གསུང་འཕྲིན་སྙན་སྒྲོན་བཅུ་གསུམ་ཞེས་པ་སྔ་ཕྱི་གཉིས་སྩལ་པའི་ཕྱི་མའི་ནང་དུ། གོང་སྨོས་ཆོས་ཐོག་བརྒྱད་ཀྱི་གྲས་དགུན་ཆོས་ཆེན་མོའི་རིང་རྣམ་འགྲེལ་ཆོས་ཐོག་བཙུགས་ཏེ་གྲྭ་ཚང་ཡོངས་ཀྱིས་ཟླ་གཅིག་རིང་དེར་ཚད་མ་རྣམ་འགྲེལ་རྐྱང་པ་ལ་སློབ་གཉེར་གནང་ཐུབ་ན་ལེགས་ཞེས་བཀའི་ལམ་སྟོན་ཕེབས།
འོན་ཀྱང་སྐབས་དེར་རྣམ་འགྲེལ་ཆོས་ཐོག་ཚུགས་ཐུབ་མེད་ནའང་། དེ་དང་འབྲེལ་ནས་ཕྱི་ལོ་ ༡༩༩༦ ཙམ་ནས་གདན་ས་གོང་འོག་རྣམས་སུ་རྟགས་རིགས་འཛིན་གྲྭའི་གོ་སར་ཚད་མ་རྣམ་འགྲེལ་ལ་དམིགས་བསལ་གྱིས་སྦྱངས་ནས་མཇུག་ཏུ་ཚད་མའི་དམ་བཅའ་འཇོག་རྒྱུའི་སྲོལ་ཚུགས། སྲོལ་དེ་ལོ་བཅུ་ཙམ་རིང་རྒྱུན་བསྐྱངས། ཕྱི་ལོ་ ༢༠༠༦ ལོར་སྟག་ཚང་ལྷ་མོའི་གདན་ས་ནས་ཚད་མའི་དམ་བཅའ་དེ་ལ་འགྱུར་བ་བཏང་སྟེ་སྔར་སྙན་སྒྲོན་བཅུ་གསུམ་ནང་བཀའ་ཕེབས་ཡོད་པ་ལྟར་དགུན་ཆོས་ཆེན་མོའི་རིང་རྣམ་འགྲེལ་གྱི་ཆོས་ཐོག་རང་འཛུགས་ཐུབ་པ་བྱེད་དགོས་ཞེས་གྲོས་བསྡུར་ཐག་གཅོད་གནང་། སྐབས་དེར་༸ཁོང་རིན་པོ་ཆེ་གནས་མཆོག་རྡོ་རྗེ་གདན་དུ་ཐུགས་རྗེ་ཆེན་པོའི་བསྙེན་ཆེན་ལ་བཞུགས་ཡོད་པའི་དྲུང་དུ་དེ་དོན་༸སྙན་སེང་ཞུས་པས། བཀའི་བསྔགས་བརྗོད་དང་བཅས་དེ་ཇི་ལྟར་འཛུགས་སྟངས་སྐོར་ལམ་སྟོན་བཀའ་སློབ་སྤྱི་ཕེབས་བྱུང་བ་བཞིན་ལོ་དེར་གྲ་སྒྲིག་གནང་སྟེ། ཕྱི་ལོ ༢༠༠༧ ལོའི་ལོ་མཇུག་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་དང་པོ་མ་དགོན་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཚུགས།
དེ་ནས་བཟུང་ལོ་རེ་བཞིན་གདན་ས་ཆེ་བ་བཞིར་རེས་འཁོར་ནས་ཚོགས་བཞིན་ཡོད། དེ་གོ་སྒྲིག་བྱེད་མཁན་ཚོགས་ཆུང་ཞིག་གདན་ས་བཞིའི་ཐུན་མོང་ནས་བཙུགས་ཡོད་པ་དེས་དེང་སང་གོ་སྒྲིག་གི་འགན་འཁྱེར་བཞིན་ཡོད། ཚོགས་ཡུལ་གདན་ས་གང་ཡིན་དེ་ནས་འགྲོ་སོང་གི་མཐུན་རྐྱེན་ཆ་ཚང་སྦྱོར་དགོས་ནའང་གདན་ས་ཆུང་བ་ཚོ་བདུན་དང་ཧོར་ཚང་གི་གདན་ས་གཉིས་སུ་ཚོགས་རེས་འཁེལ་སྐབས་གདན་ས་ཆེ་བ་གཉིས་ཀྱིས་མཐུན་རྐྱེན་རོགས་འདེགས་གནང་གི་ཡོད། ཚད་མའི་དགུན་ཆོས་ཀྱི་དུས་ཡུན་ནི་སྔར་ཟླ་བ་གཅིག་རེ་ཡིན་ཡང་ད་སྐབས་ཟླ་དགུ་པའི་ཚེས་གསུམ་ནས་ཉེར་གཉིས་བར་ཉིན་གྲངས་ཉི་ཤུའི་རིང་ཚོགས་བཞིན་པ་དང། ཉིན་གཅིག་ལ་མཚོན་ན། ཞོགས་ཚོགས། ཞོགས་ཆོས། དཔེ་ཁྲིད། ཉིན་ཆོས། དགོང་མོའི་སྐུ་རིམ་དང་ཆོས་ར། བདུན་རེའི་མཚམས་སུ་མཚན་འཕུལ་དམ་བཅའ་ཆུང་བ་རེ་དང་། ཉིན་མཐའ་མ་སྟེ་དགུ་པའི་ཉེར་གཉིས་ལྷ་བབས་དུས་ཆེན་ནུབ་མཚན་འཕུལ་དམ་བཅའ་ཆེ་བ་ཚོགས་བཞིན་ཡོད། ཀིརྟིའི་གདན་ས་གོང་འོག་གི་ལྷ་རམས་དམ་བཅའི་སྔོན་འགྲོའི་གྲྭ་སྐོར་དམ་བཅའ་འཇོག་མཁན་དགེ་བཤེས་དག་གིས་ཚད་མའི་དགུན་ཆོས་ཆེན་མོའི་སྐབས་སུ་གྲྭ་སྐོར་དམ་འཇོག་ཀྱང་གནང་གི་ཡོད་པ་བཅས་མདོ་ཙམ་མོ།།
གཉིས་པ། འཇང་དགུན་ཆོས།
ཚད་མའི་དགུན་ཆོས་ཆེན་མོ་འདི་ལ་འཇང་དགུན་ཆོས་ཞེས་འབོད་ཀྱི་མེད་ནའང་སྔ་མོ་དབུས་གཙང་དུ་ཚོགས་སྲོལ་ཡོད་པའི་འཇང་དགུན་ཆོས་ཀྱི་ཕྱག་སྲོལ་དང་མཐུན་པར་ཚུགས་པ་ཞིག་ཡིན། འཇང་དགུན་ཆོས་ནི་དགུན་ཁ་ཟླ་གཅིག་རིང་ཚད་མ་རྣམ་འགྲེལ་ལ་དམིགས་བསལ་གྱིས་སློབ་གཉེར་བྱེད་པའི་ཆོས་ཐོག་ཅིག་ཡིན་ཞིང་། སྔོན་ཆད་ལྷ་སའི་ནུབ་བྱང་ཕྱོགས་སུ་འཇང་སྟོད་འཇང་སྨད་ཅེས་པའི་ཡུལ་ཚོ་ཞིག་ཏུ་འཇང་སྨད་རྭ་སྟོད་གྲྭ་ཚང་ངམ་རྭ་སྟོད་བདེ་བ་ཅན་དུ་འཇང་དགུན་ཆོས་ཚོགས་ཀྱི་ཡོད། ཡང་བཤད་སྲོལ་གཞན་དུ་ཡུལ་དེར་ཡོད་པའི་འཇང་དགོན་པ་ཞེས་པའི་ནང་རྭ་སྟོད་གྲྭ་ཚང་གིས་འགན་ཁྱེར་ནས་ཚོགས་བཞིན་ཡོད་ཅེས་ཀྱང་ཟེར། གང་ལྟར་རྭ་སྟོད་གྲྭ་ཚང་གིས་འགན་ཁྱེར་ནས་ཟླ་གཅིག་རིང་རྣམ་འགྲེལ་ལ་དམིགས་བསལ་གྱིས་རྩོད་པའི་ལམ་ནས་སློབ་གཉེར་གནང་སྲོལ་ཡོད་པ་དང་། དེའི་སྐབས་རྭ་སྟོད་གྲྭ་ཚང་རང་གི་སློབ་གཉེར་པའི་ཐོག་གདན་ས་སེ་འབྲས་དགེ་གསུམ་སོགས་ནས་སློབ་གཉེར་པ་ཧ་ཅང་མང་པོ་ཕེབས་ཏེ་ཚད་མ་རྣམ་འགྲེལ་ལ་དམིགས་བསལ་གྱིས་སློབ་གཉེར་རྒྱ་ཆེན་པོ་གནང་སྲོལ་ཡོད། གདན་ས་སེ་འབྲས་དགེ་གསུམ་ལ་མཚོན་ན་འཛིན་གྲྭ་དམའ་སར་ལོ་མང་པོའི་རིང་ཚད་མ་ལ་སྦྱངས་ནས་བཞུགས་པའི་དུས་ཚོད་མེད་པས་འཇང་དགུན་ཆོས་རིང་ཚད་མ་རྣམ་འགྲེལ་ལ་དམིགས་བསལ་གྱིས་སློབ་གཉེར་གནང་བ་དེས་ཕན་ཐོགས་ཆེན་པོ་ཡོང་གི་ཡོད།
བཤད་སྲོལ་ལ། སྔར་རྗེ་ཙོང་ཁ་པ་ཆེན་པོས་རྒྱལ་ཚབ་རིན་པོ་ཆེ་ལ་གསེར་སྲང་གང་གནང་ནས་ཁྱོད་ཀྱིས་རྣམ་འགྲེལ་གྲྭ་ཚང་ཞིག་ཚུགས་ཤིག་གསུངས་པར། རྒྱལ་ཚབ་རིན་པོ་ཆེས་གསེར་དེ་སྨར་ཁམས་པ་གྲགས་པ་རྒྱལ་མཚན་ལ་གནང་སྟེ་དོན་དེ་བཀས་མངགས་པ་ལྟར། གྲགས་པ་རྒྱལ་མཚན་གྱིས་གསེར་དེ་ལ་བརྟེན་ནས་རྭ་སྟོད་གྲྭ་ཚང་རྣམ་འགྲེལ་གྱི་འཆད་ཉན་གནང་སའི་རྣམ་འགྲེལ་གྲྭ་ཚང་ཞིག་ཏུ་བསྒྱུར་གནང་མཛད་ཅེས་བཤད་སྲོལ་ཡོད་པས། རྭ་སྟོད་གྲྭ་ཚང་ལ་གསེར་སྲང་རྣམ་འགྲེལ་གྲྭ་ཚང་ཞེས་ཀྱང་འབོད། རྭ་སྟོད་གྲྭ་ཚང་དང་དམིགས་བསལ་འབྲེལ་བ་ཡོད་པས་འཇང་དགུན་ཆོས་ཚོགས་སྐབས་འཇང་དགུན་ཆོས་ལ་ཕེབས་མཁན་ཡོངས་རྫོགས་རྭ་སྟོད་གྲྭ་ཚང་གི་འགྲིག་ལམ་ལ་གནས་དགོས། ང་དགུ་ལོའི་དུས་འགྱུར་མ་བྱུང་བར་དུ་དེ་ལྟར་ཚོགས། རྒྱལ་བསྟན་སླར་གསོའི་སྐབས་འདིར་ཡང་དགོན་གནས་དེར་འཇང་དགུན་ཆོས་སྔ་མོ་ལྟ་བུའི་རྒྱ་ཆེན་པོ་མེད་ཀྱང་སྔར་ལམ་ལྟར་ཚོགས་བཞིན་ཡོད་ཟེར།
མདོ་སྟོད་སྨད་དུ་དེང་སང་འཇང་དགུན་ཆོས་དུ་མ་གསར་དུ་ཚུགས་ཡོད་པ་ནི། མདོ་སྨད་འཇང་དགུན་ཆོས་ཞེས་པ་གཙོ་བོ་ཨ་རིག་རྭ་རྒྱ་དགོན་པ་དང་གཙང་དགོན་པ། རེབ་གོང་རོང་བོ་དགོན་ཆེན་སོགས་མཉམ་དུ་ཚོགས་བཞིན་པ་དང། མགོ་ལོག་འཇང་དགུན་ཆོས་ཞེས་པ་རྫ་སེར་ཤུལ་དགོན་པ་སོགས་དགོན་པ་དུ་མ་མཉམ་དུ་ཚོགས་བཞིན་པ། མདོ་ཁམས་འཇང་དགུན་ཆོས་ཞེས་པ་ཁམས་ཁུལ་གྱི་དགོན་པ་དུ་མ་མཉམ་དུ་ཚོགས་བཞིན་པ་སྟེ། དེ་དག་ནི་ལོ་བཅོ་ལྔ་ཡས་མས་གོང་ནས་ཚོགས་བཞིན་ཡོད། ཀིརྟིའི་དགོན་ཁག་གི་ཚད་མའི་དགུན་ཆོས་ཆེན་མོ་འདིའང་ཐོག་མར་ ༡༩༩༦ ལོར་ཚད་མའི་དམ་བཅའ་ཚུགས་པ་ནས་རིམ་གྱིས་ཚད་མའི་དགུན་ཆོས་ཀྱི་ངོ་བོར་ཚོགས་སྲོལ་བྱུང་། རྒྱ་གར་ནང་དུ་སེ་འབྲས་དགེ་གསུམ་གྱི་འཇང་དགུན་ཆོས་ཆེན་མོ་ལོ་ལྟར་ཚོགས་བཞིན་ཡོད།
གསུམ་པ། ཚད་མ་རིག་པ།
བོད་ཕྱི་ནང་དང་མདོ་དབུས་ཁམས་གསུམ་དུ་ཚོགས་བཞིན་པའི་འཇང་དགུན་ཆོས་སམ་ཚད་མའི་དགུན་ཆོས་སྐབས་ཀྱི་སློབ་གཉེར་གནང་སའི་གཞི་ནི་ཚད་མ་རིག་པའི་གཞུང་སྟེ། ཚད་མ་སྡེ་བདུན་མདོ་དང་བཅས་པའི་རྩ་འགྲེལ་ཡང་འགྲེལ་རྣམས་ཡིན་པས། དེའི་སྐོར་མདོ་ཙམ་ཞུས་ན།
༡ ཚད་མ་རིག་པའི་ངོ་བོ་དང་དགོས་པ། ཚད་མ་རིག་པ་ནི་རིག་གནས་ཆེ་བ་ལྔའི་ཡ་གྱལ་ཡིན་ལ། དོན་གྱི་འཁྲུལ་པ་ཚར་གཅོད་པར་བྱེད་པའི་རིག་གནས་ཤིག་ཡིན། སྤྱིར་ནང་དོན་རིག་པ་ལས་གཞན་པའི་རིག་གནས་ཆེ་བ་རྣམས་ཕྱི་ནང་ཐུན་མོང་གི་རིག་གནས་ཡིན་པས་འདིའང་ཕྱི་ནང་ཐུན་མོང་གི་རིག་གནས་སུ་བགྲང་ཞིང་། རྒྱ་གར་དུ་ནང་པའི་ཚད་མ་རིག་པ་མ་བྱུང་གོང་ནས་ཕྱི་རོལ་པའི་ཚད་མ་རིག་པའམ་རྟོག་གེ་རིག་པ་ཡོད་ཀྱང་། ཕྱིས་སུ་ནང་པའི་ཚད་མ་རིག་པ་བྱུང་བ་ནས་བཟུང་དེ་གཉིས་བརྗོད་བྱ་དང་དགོས་པ་སོགས་མི་འདྲ་བར་གྱུར་པས། ཕྱི་ནང་ཐུན་མོང་གི་རིག་གནས་སུ་འཇོག་དཀའ་ནའང། དེང་སང་སེར་སྐྱ་ཐུན་མོང་གི་བསླབ་བྱར་གྱུར་པའི་ཆ་ནས་ཐུན་མོང་བའི་རིག་པ་ཞེས་བརྗོད་ཀྱང་ཆོག
ཚད་མའི་བསྟན་བཅོས་ཀྱི་བརྗོད་བྱ་ནི། རྟོག་གེའི་ཚིག་དོན་བརྒྱད་དམ། ཡང་ན་གཞལ་བྱའི་གནས་དང་། འཇལ་བྱེད་ཀྱི་ཚད་མ། དེས་དེ་ཇི་ལྟར་རྟོགས་པའི་ཐབས་གསུམ། ཡང་ན་སྟོན་པ་དང་བསྟན་པ་ཚད་མར་སྒྲུབ་པའམ། ཐར་པ་དང་ཐམས་ཅད་མཁྱེན་པ་རིགས་པའི་ལམ་ནས་སྒྲུབ་པའི་ཚུལ་ནི་བརྗོད་བྱ་ཡིན་ལ། བརྗོད་བྱ་དེ་དང་འབྲེལ་བའི་དགོས་པ་ནི། སྤྱིར་བསྟན་བཅོས་རྣམས་ཀྱི་དགོས་སོགས་ཆོས་བཞི་འཇོག་སྟངས་ལྟར། གོང་སྨོས་བརྗོད་བྱ་དེ་དག་རྟོགས་པ་ནི་ཚད་མའི་གཞུང་ལ་སྦྱངས་པའི་དགོས་པ་དང། མཐར་རྣམ་མཁྱེན་ཐོབ་པ་ནི་ཉིང་དགོས་ཡིན་ཞིང་། འདིའི་བརྗོད་བྱ་དང་འབྲེལ་བའི་ཐུན་མོང་མིན་པའི་དགོས་པ་ནི། གོ་སླ་པོས་བཤད་ན། དངོས་པོའི་གནས་ལུགས་ཇི་བཞིན་ཤེས་པར་བྱེད་པའི་རིག་པའམ། ཟབ་གསལ་མྱུར་གསུམ་གྱི་ཤེས་རབ་བམ། རྒྱུ་མཚན་ལ་བསམ་བློ་གཏོང་སྟངས་ཀྱི་རིགས་ལམ་དང་རྣམ་དཔྱོད་སྐྱེད་པར་བྱེད་པ་ནི་ཚད་མ་རིག་པའི་དགོས་པ་ཡིན།
དེའང་རྗེ་བདག་ཉིད་ཆེན་པོས། ཁྱད་པར་ཚུ་རོལ་མཐོང་བས་དངོས་པོ་ཡི།།དེ་ཉིད་གཏན་ལ་འབེབས་པའི་སྒོ་གཅིག་པུ།།ཡང་དག་རིགས་པའི་གཞུང་གི་དཀའ་གནས་ལ།།འབད་པ་དུ་མས་ཡང་དང་ཡང་དུ་སྦྱངས།།ཞེས་སོགས་གསུངས་པ་ལྟར་དང། གོང་སྨོས་ལྟར་སྔ་མོར་ཚད་མ་རིག་པ་འདི་ཕྱི་ནང་ཐུན་མོང་གི་རིག་པ་ཡིན་ཞིང་། དངོས་པོའི་གནས་ལུགས་གཏན་ལ་འབེབས་ཆེད་རྒྱུ་མཚན་འགོད་རེས་ཀྱི་རྩོད་པ་ཤས་ཆེ་བ་སོགས་ཀྱི་དབང་གིས། འདི་ལ་ཕྱི་རོལ་པའི་རིགས་པ་འགོག་བྱེད་ཙམ་མ་གཏོགས་ཐར་པ་དང་བྱང་ཆུབ་ཀྱི་ལམ་སྒྲུབ་པའི་ཐབས་དང་ཉམས་ལེན་མེད་པར་འདོད་མཁན་ཡོད་ནའང་དེ་མི་འཐད་ཚུལ་ནི། རྗེ་བདག་ཉིད་ཆེན་པོས། བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ།།སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ།།མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ།།བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར།།འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ།།དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས།།འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས།།གསུང་གི་གནང་བ་སྩལ་པའང་ཚད་མར་བྱེད།།དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ།།མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན།།ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན།།ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས།།རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས།།ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི།།བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ།།ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི།།ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས།།ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད།།ཅེས་གསུངས་པ་ལྟར་རོ།།
༢ ཚད་མ་རིག་པའི་གཞུང་། རྒྱལ་བའི་བཀའ་ཡི་ནང་དུ་ཚད་མའི་སྐོར་གྱི་སྡེ་ཚན་ལོགས་སུ་མེད་པར་འཐོར་བུར་གསུང་སྟེ། ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང་།།ཆུ་སྐྱར་ལས་ནི་ཆུར་ཤེས་བཞིན།།བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།།རིགས་ནི་མཚན་མ་དག་ལས་ཤེས།།ཞེས་པས་འབྲས་རྟགས་སོགས་བསྟན་པ་དང་། དགེ་སློང་དག་གམ་མཁས་རྣམས་ཀྱིས།།བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།ལེགས་པར་བརྟགས་ལ་ང་ཡི་བཀའ།།བླང་བར་བྱ་ཡི་གུས་ཕྱིར་མིན།།ཞེས་པས་རྗེས་དཔག་གསུམ་བསྟན་པ་སོགས་ནི་ནང་པའི་ཚད་མ་རིག་པའི་ཁུངས་ཡིན་ལ། དེའི་དགོངས་འགྲེལ་བསྟན་བཅོས་ལ། ཚད་མའི་བསྟན་བཅོས་ཀྱི་ཐོག་མ་ནི་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་མཛད་པའི་སྨྲ་བའི་སྒྲོམ་མམ་སྨྲ་བའི་སྒྲོན་མེ་ཞེས་བྱ་བ་དང། དབྱིག་གཉེན་གྱི་གསུང་རྩོད་པ་གྲུབ་པ་(ཀུན་བཏུས་རང་འགྲེལ་དུ་འདི་བཀག་ཡོད་པས་གཅུང་དབྱིག་གཉེན་གྱི་གསུང་མིན་ཡང་ཟེར།)ཞེས་པ་དེ་དག་ཡིན་ལ། དེ་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚད་མ་མདོའམ་ཀུན་བཏུས། དེའི་འགྲེལ་པ་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་སྡེ་བདུན་སོགས་མང་དུ་བྱུང་། བསྟན་འགྱུར་ཁྲོད་དུ་ཚད་མའི་སྐོར་པོ་ཏི་ ༢༠ ལྷག་བཞུགས། དེ་བཞིན་བོད་ཀྱི་གྲུབ་མཐའ་སོ་སོའི་མཁས་པའི་གསུང་གི་ཚད་མའི་སྐོར་ཤིན་ཏུ་མང།
༣ བོད་དུ་ཚད་མ་རིག་པ་དར་ཚུལ། བསྟན་པ་སྔ་དར་ལ་ཚད་མ་སྡེ་བདུན་གྱི་གྲས་གཏན་ཚིགས་ཐིགས་པ་དང་འབྲེལ་བ་བརྟག་པ་སོགས་ཚད་མའི་གཞུང་ཉུང་ཙམ་ཞིག་མངའ་བདག་ཁྲི་རལ་ཡབ་སྲས་ཀྱི་སྐབས་བོད་དུ་བསྒྱུར། བསྟན་པ་ཕྱི་དར་ལ་ཐོག་མར་ཞ་མ་སེང་རྒྱལ་གྱིས་ཚད་མ་ཀུན་བཏུས་སོགས་བསྒྱུར་ཅིང་། རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་སོགས་བསྒྱུར་ནས་བཤད་པ་མཛད་པ་ལ་ཚད་མ་རྙིང་པ་ཟེར། རྔོག་བློ་ལྡན་ཤེས་རབ་ཀྱིས་དེ་དག་ལ་འགྱུར་བཅོས་དང་འབྲེལ་ཚད་མ་སྡེ་བདུན་རྫོགས་པར་བསྒྱུར་ནས་བཤད་པ་མཛད་པ་ལ་ཚད་མ་གསར་མར་གྲགས། ཁོང་གིས་ཚད་མ་རྣམ་ངེས་ཀྱི་འགྲེལ་པ་མཛད་པ་ནི་བོད་ཀྱི་མཁས་པས་མཛད་པའི་ཚད་མའི་གཞུང་འགྲེལ་དང་པོར་གྲགས། དེའི་ཡང་སློབ་ཕྱྭ་པ་ཆོས་ཀྱི་སེངྒེས་བསྡུས་གྲྭའི་སྲོལ་བཏོད་དེ། དེང་སང་གི་རྩོད་པའི་ལམ་སྲོལ་འདི་དར། དེའི་ཡང་སློབ་ས་སྐྱ་པཎྜིཏས་ཚད་མ་རིགས་གཏེར་རྩ་འགྲེལ་མཛད། དེའི་སློབ་བརྒྱུད་དུ་ཉ་དབོན་ཀུན་དགའ་དཔལ།(ཚད་མ་ཉ་ལ་གཏུགས་ཞེས་པའི་གཏམ་ཡང་བྱུང་།) གོ་ཤཱཀ་གཉིས། རྗེ་བཙུན་རེད་མདའ་བ་སོགས་བྱོན། གསང་བདེ་གུང་གསུམ་དང་། དགའ་སྐྱོར་ཟུལ་གསུམ་ཞེས་དབུས་ཀྱི་གདན་ས་ཆེན་པོ་དྲུག་ཏུ་རྩོད་གྲྭ་འཕེལ། དེ་ནས་རྗེ་ཙོང་ཁ་པ་ཡབ་སྲས་དང་། པཎ་ཆེན་བསོད་ནམས་གྲགས་པ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཡིག་ཆའི་བདག་པོ་རྣམས་ཀྱིས་ཚད་མའི་གཞུང་མང་དུ་མཛད། དབུས་གཙང་དུ་གདན་ས་སེ་འབྲས་དགེ་གསུམ་དང་། བཀྲ་ཤིས་ལྷུན་པོ། ཁམས་སུ་ཆབ་མདོ་དགོན་དང་ལི་ཐང་དགོན་ཆེན། དཀར་མཛེས་དགོན་ཆེན་སོགས། མདོ་སྨད་དུ་བྱང་གི་དགོན་ཆེན་བཞི་དང་། བླ་བྲང་བཀྲ་ཤིས་འཁྱིལ། རེབ་གོང་རོང་བོ་དགོན་ཆེན། ཀིརྟིའི་གདན་ས་གོང་འོག་སོགས་སུ་ཚད་མའི་འཆད་ཉན་དང་རྩོད་གྲྭ་དབྱར་མཚོ་བཞིན་དུ་རྒྱས། ཆོས་བརྒྱུད་གཞན་དག་ལ་ཚད་མའི་འཆད་ཉན་དར་ཡོད་ནའང་དགེ་ལྡན་པའི་ཕྱོགས་ལ་དར་བ་ལྟ་བུ་བྱུང་མེད།
བཞི་པ། ཀིརྟིའི་དགོན་ཁག་ཏུ་མཚན་ཉིད་དར་ཚུལ།
ཕྱི་ལོ་ ༡༤༡༢ ལོར་རྗེ་ཙོང་ཁ་པའི་དངོས་སློབ་མདོ་རོང་མཁས་པ་མི་བཞིའི་ཡ་གྱལ། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་གྱི་ནང་ཚན། ཀིརྟི་སྐུ་ཕྲེང་དང་པོ་རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་གྱིས་ཚ་ཁོ་ཀིརྟིའི་མ་དགོན་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་ཕྱག་བཏབ།
༡༧༤༨ ལོར་ཀིརྟི་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱིས་སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ཕྱག་འདེབས་མཛད།
༡༨༡༨ ལོར་ཀིརྟི་སྐུ་ཕྲེང་བདུན་པ་༸སྐྱབས་མཆོག་ཐུབ་བསྟན་ཉི་མ་དགུང་ལོ་ ༢༢ ཐོག་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་མཚན་ཉིད་གྲྭ་ཚང་བློ་གསལ་གླིང་ཕྱག་བཏབ་སྟེ་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆའི་སྟེང་ནས་གཞུང་བཀའ་པོད་ལྔའི་འཆད་ཉན་ཆ་ཚང་བ་འཛུགས་པ་གནང།
༡༨༤༥ ལོར་༸སྐྱབས་མཆོག་ཐུབ་བསྟན་ཉི་མ་དགུང་ལོ་ ༤༨ ལ་ཕེབས་པའི་སྐབས་སྟག་ཚང་ལྷ་མོའི་དགེ་བཤེས་གཉིས་ཀྱིས་གདན་ས་འདིར་ལྷ་རམས་དམ་བཅའ་ཐོག་མར་བཞག་པ་ནས་བཟུང་ཀིརྟི་ཚང་གི་གདན་ས་གོང་འོག་ཏུ་དགེ་བཤེས་ལྷ་རམས་པའི་དམ་འཇོག་གི་སྲོལ་བཟང་ད་ལྟའི་བར་མ་ཉམས་པར་ཡོད།
༡༨༧༠ ལོར་ཀིརྟི་སྐུ་ཕྲེང་བརྒྱད་པ་ཡབ་རྗེ་བློ་བཟང་འཕྲིན་ལས་ཚང་དགུང་ལོ་ ༢༢ སྟེང་རྔ་པ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང་ཕྱག་བཏབ།
༡༨༧༣ ལོར་རྔ་པ་ཀིརྟི་དགོན་དུ་མཚན་ཉིད་ཀྱི་རྩོད་གྲྭ་ཚུགས།
༡༨༩༡ ལོར་༸སྐྱབས་མགོན་བློ་བཟང་འཕྲིན་ལས་ཚང་དགུང་ལོ་ ༤༣ བཞེས་སྐབས་ཧོར་ཚང་ཀིརྟི་དགོན་དགེ་ལྡན་བསྟན་འཕེལ་གླིང་དུ་མཚན་ཉིད་ཀྱི་རྩོད་གྲྭ་ཚུགས།
༡༨༩༧ ལོར་ཡབ་རྗེ་བློ་བཟང་འཕྲིན་ལས་ཚང་དགུང་གྲངས་ ༤༩ ཐོག་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་སྔགས་ཀྱི་དམ་བཅའ་གསར་དུ་ཚུགས། (འདི་ནི་སྔགས་ཀྱི་དམ་བཅའ་ཙམ་ལས་སྔགས་རམས་པའི་སྲོལ་ཚུགས་པ་མིན་པར་སྣང་།)
༡༩༣༡ ལོར་ཀིརྟི་སྐུ་ཕྲེང་བཅུ་པ་ངག་གི་དབང་པོ་དགུང་ལོ་ ༡༡ བཞེས་སྐབས་རྔ་པ་ཀིརྟི་དགོན་དུ་སྔགས་ཀྱི་དམ་བཅའ་གསར་འཛུགས་མཛད།
༡༩༤༧ ལོར་ད་ལྟའི་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་འདི་པ་དགུང་གྲངས་ ༦ བཞེས་སྐབས་རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དུ་མཚན་ཉིད་ཀྱི་བཤད་གྲྭ་གསར་དུ་ཚུགས།
༡༩༥༣ ལོར་རྗེ་འདི་པ་དགུང་ལོ་ ༡༢ ལ་ཕེབས་པའི་སྐབས་གདན་ས་སྟག་ཚང་ལྷ་མོར་སྔགས་རམས་དམ་བཅའ་གསར་འཛུགས་མཛད།
༡༩༥༥ ལོར་རྗེ་འདི་པ་དགུང་ལོ་ ༡༤ ཐོག་སྟག་ཚང་ལྷ་མོར་ལྔ་པའི་དམ་བཅའ་ཞེས་ཧོར་ཟླ་ལྔ་པའི་ནང་དམིགས་བསལ་གྱིས་ཉིན་གསུམ་རིང་མཚན་ཉིད་ཀྱི་འཛིན་གྲྭ་རིམ་པས་བཀའ་པོད་ལྔའི་དམ་བཅའ་འཇོག་པའི་སྲོལ་གསར་འཛུགས་མཛད།
༡༩༩༦ ལོར་རྔ་པ་ཀིརྟི་དགོན་དུ་ཚད་མའི་དམ་བཅའ་གསར་དུ་ཚུགས་ཏེ་རིམ་བཞིན་གདན་ས་གཞན་དག་ཏུའང་ཚད་མའི་དམ་བཅའ་འཇོག་པའི་སྲོལ་ཚུགས།
༢༠༠༧ ལོར་ཀིརྟིའི་གདན་ས་གོང་འོག་གི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་དང་པོ་མ་དགོན་སྟག་ཚང་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་ཚུགས། དེ་ནས་བཟུང་གདན་ས་ཆེ་ཁག་བཞིར་ལོ་ལྟར་རེས་མོས་ཀྱིས་ཚོགས་བཞིན་ཡོད།
༢༠༡༢ ལོར་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཁག་གི་འཆད་ཉན་སློབ་གཉེར་གཅིག་གྱུར་མཛད་སྟངས་ཀྱི་ལམ་སྟོན་བཅའ་ཡིག་བློ་གསལ་འཇུག་ངོགས་ཞེས་བྱ་བ་ཟུར་རྒྱན་དང་བཅས་པ་གདན་ས་གོང་འོག་ལ་སྩལ།
༢༠༡༣ ལོར་གདན་ས་གོང་འོག་ཏུ་བཅའ་ཡིག་གསར་པ་བློ་གསལ་འཇུག་ངོགས་ཀྱི་དགོངས་དོན་ཁག་ཕྱག་ལེན་དུ་བསྟར་བ་དང་འབྲེལ། གདན་ས་གོང་འོག་གི་ཕར་ཕྱིན་འཛིན་གྲྭ་རྣམས་ལྷན་ཚོགས་ཀྱིས་དྲང་ངེས་ལེགས་བཤད་སྙིང་པོ་ལ་དམིགས་བསལ་གྱིས་སློབ་གཉེར་གནང་སའི་ཆོས་ཐོག་སྟེ་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་དང་པོ་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཚོགས། དབྱར་ཁ་ཉིན་ཉི་ཤུའི་རིང་དྲང་ངེས་རྐྱང་པར་རྩོད་ཅིང་སྦྱོང་བའི་ཕར་ཕྱིན་དབྱར་ཆོས་ཆེན་མོ་འདིའང་དེ་ནས་བཟུང་གདན་ས་ཆེ་ཁག་བཞིར་ལོ་ལྟར་རེས་མོས་ཀྱིས་ཚོགས་བཞིན་ཡོད། ད་ཆ་ཀིརྟིའི་གདན་ས་གོང་འོག་ཏུ་ལོ་གཅིག་ནང་ཆོས་ཐོག་བཅུ་ཐམ་པ་ཡོད་དེ། དཔྱིད་ཆོས་དང་པོ། དཔྱིད་ཆོས་ཆེན་མོ། དབྱར་ཆོས་དང་པོ། དབྱར་ཆོས་ཆེན་མོ། ཕར་ཕྱིན་དབྱར་ཆོས་ཆེན་མོ། སྟོན་ཆོས་ཆེན་མོ། སྟོན་ཆོས་གཉིས་པ། ཚད་མའི་དགུན་ཆོས་ཆེན་མོ། དགུན་ཆོས་དང་པོ། དགུན་ཆོས་ཆེན་མོ་བཅས་སོ།།
ཀིརྟིའི་དགོན་མ་ལག་བཞི་བཅུ་ཙམ་གྱི་ནང་ནས་དགོན་པ་ཆེ་ཁག་བཞི་ལ་སྔ་མོ་ནས་རྩོད་གྲྭ་ཡོད་པ་ལྟར་ཡར་རྒྱས་གཏོང་དགོས་པ་དང་། དེའི་འཕྲོས་དགོན་སྡེ་ཆུང་བ་དེ་དག་ཏུའང་རིམ་གྱིས་རྩོད་གྲྭ་འཛུགས་དགོས་ལ། རྒྱུད་དུས་འཁོར་སོགས་གསང་སྔགས་ཀྱི་གྲྭ་ཚང་དག་གིས་ཀྱང་སྔར་ཡོད་སྒྲུབ་མཆོད་ཁག་མ་ཉམས་པའི་ཐོག་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་གནང་དགོས་ཞེས་༸སྐྱབས་རྗེ་རིན་པོ་ཆེས་ལམ་སྟོན་སྔ་ཕྱིར་ཕེབས་ཡོད་པ་ལྟར། དགོན་པ་འགའ་ཞིག་ཏུ་དེ་ལུགས་ཀྱི་གྲ་སྒྲིག་གནང་བཞིན་ཡོད། འདི་ནི་༸ཁོང་རིན་པོ་ཆེའི་ཐུགས་བཞེད་ཀྱི་གཙོ་བོ་ཞིག་དང་། དུས་བསྟུན་གྱི་བསྟན་པའི་ཞབས་འདེགས་རླབས་ཆེན་ཞིག་ཏུ་གྱུར་ཡོད།
ལྔ་པ། ཚད་མའི་དགུན་ཆོས་དང་འབྲེལ་བའི་བཀའ་སློབ་གསུང་འཕྲིན།
ཀིརྟིའི་གདན་ས་གོང་འོག་གིས་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་འདིའི་སྐོར་ལ་རྒྱུས་ལོན་དང་ཞིབ་འཇུག་གནང་མཁན་དག་གི་དཔྱད་གཞིའི་ཡིག་ཆ་གཙོ་བོ་ནི། ༸སྐྱབས་རྗེ་རིན་པོ་ཆེས་སྔ་ཕྱིར་བསྩལ་པའི་འདིའི་སྐོར་གྱི་བཀའ་སློབ་དང་གསུང་འཕྲིན་ཁག་ཡིན་ཞིང་། དེ་དག་ནི། ༸ཁོང་གི་གསུང་རྩོམ་དེབ་ཕྲེང་བཞི་པའི་ནང་གི་སྙན་སྒྲོན་བཅུ་གསུམ་སྐོར་དང་། དྲུག་པའི་ནང་གི་ ༢༠༠༨ ལོའི་བརྟན་བཞུགས་དང་ཀིརྟིའི་དགེ་རྩ་ཚོགས་པའི་མཛད་སྒོ་སོགས་ཀྱི་སྐབས་སྩལ་པའི་བཀའ་སློབ་གསུང་བཤད་སྐོར། བཅུ་གཉིས་པའི་ནང་གི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་དང་པོའི་སྐབས་གནང་བའི་བཀའ་འདྲི་བཀའ་ལན་སྐོར། བཅུ་དྲུག་པ་བཅའ་ཡིག་བློ་གསལ་འཇུག་ངོགས་དང་། བཅུ་བདུན་པ་དེའི་ཟུར་རྒྱན་དང་པོ་བཅས་ཀྱི་ནང་གསལ་ཚད་མའི་དགུན་ཆོས་སྐོར་གྱི་བཅའ་སྒྲིག་རྒྱས་བསྡུས། བཅུ་དགུ་པ་དེའི་ཟུར་རྒྱན་གསུམ་པའི་ནང་གི་འགྱུར་བ་བཅུ་གསུམ་སྐོར། ཉེར་བཞི་པའི་ནང་གི་ཚད་མའི་དགུན་ཆོས་སྐོར་གྱི་བཀའ་ལན་སྔ་ཕྱི་སོགས་ཀྱི་ནང་གསལ་བས་དེ་དག་ལ་གཟིགས་པར་མཛོད་ཅིག།།
འདི་ནི་སྔ་ལོར་ནང་ཁུལ་གྱི་སྐད་ཚོམས་ཤིག་ཏུ་རང་གིས་བཤད་པ་དེ་བཞིན་འདིར་ཡི་གེར་ཕབ་སྟེ་གཟིགས་བདེར་བཀོད་པའོ།། འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༥ ལ།
ཐུགས་རྗེ་ཆེ། ཚིག་ཉུང་དོན་འདུས་ཤིག་སྤེལ་གནངས་འདུག༌པ་ལས་བློ་སྐྱེད་མང་དུ་ཐོབ་བྱུང་། ཀིརྟི་སྐྱབས་མགོན་མཆོག་དང་ཁོང་གི་ལྷ་སྡེ་མི་སྡེ་དག་གིས་རིག་གནས་ཡར་སྤེལ་སོགས་ལ་སྔར་མེད་ནུས་པའི་རེ་བ་སྦར་བཞིན་པར་ཡི་རང་གི་ཕྱག་འབུལ་བཞིན་ཡོད་ལགས།
ཨ་མདོའི་བླ་མའི་ནང་ན།།
ཀིརྟི་འདྲ་བ་དཀོན་གི།
བླ་བྲང་ཐེབས་རྩར་བསྒྱུར་ཏེ།།
བླ་ཆེན་མང་པོ་འདར་བཅུག།
༼བསྟན་པ་ཕྱི་དར་ལ་ཐོག་མར་ཞ་མ་སེང་རྒྱལ་གྱིས་ཚད་མ་ཀུན་བཏུས་སོགས་བསྒྱུར་ཅིང་། རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་སོགས་བསྒྱུར་ནས་བཤད་པ་མཛད་པ་ལ་་་ཚད་མ་རྙིང་པ་་་ཟེར། རྔོག་བློ་ལྡན་ཤེས་རབ་་་ཀྱིས་་་དེ་དག་ལ་་་འགྱུར་བཅོས་་་དང་འབྲེལ་ཚད་མ་སྡེ་བདུན་རྫོགས་པར་བསྒྱུར་ནས་བཤད་པ་མཛད་པ་ལ་་་ཚད་མ་གསར་མ་་་ར་གྲགས།༽
བསྒྱུར་བཅོས་ཡིན་ནམ་འགྱུར་བཅོས་ཡིན། ཚད་མ་གསར་རྙིང་གཉིས་སུ་ཕྱེས་པའི་གནད་འགག་དངོས་གནས་དེ་གང་ཡིན་པ་དཔེ་ཆ་ལྟ་མཁན་ཚོས་གསུངས་ཐུབ་བམ། །
་་་་་་་་ གཞན་ཡང་མདོ་དབུས་ཁམས་གསུམ་གྱི་ཆོས་བརྒྱུད་རིས་མེད་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་དགོན་སྡེ་མཚན་ཉིད་ཀྱི་རྩོད་གྲྭ་ཡོད་ས་རྣམས་ནས་སློབ་གཉེར་པ་གང་མང་མང་གདན་ཞུས་ཀྱིས་ཚོགས་བཞིན་ཡོད། ་་་་་་་
ཀིརྟི་དགོན་པའི་ཚད་མའི་འཆད་ཉན་དབྱར་མཚོ་ལྟར་འཕེལ་བ་ལ་ཡིད་རང་ཞུ།
་་་་་་ཆོས་བརྒྱུད་རིས་མེད་ས་དགེ་བཀའ་རྙིང་ཇོ་ནང་བོན་་་་་་་་
ཆོས་བརྒྱུར་རིས་མེད་ཕྱི་ནང་བོན་བཅས་ཟེར་ན། བོན་པོར་ཕོག་ཐུག་ཡོད་དམ་མེད། ལགས།
སངས་རྒྱས་འོད་སྲུངས་སྐབས་ནས་དར་བའི་ཚད་མའི་བཀའ་བསྟན་གཅིག་ཡོད་དམ་མེད། ལགས།
ponpo ལ། བསྒྱུར་བཅོས་མ་རེད་འགྱུར་བཅོས་རེད། འགྱུར་ནི། ༡ བསྒྱུར་བའི་བྱ་བ་ལ་གོ་སྟེ། འགྱུར་ཕྱག་ཅེས་པས་མཚོན། ༢ བསྒྱུར་འགྱུར་ཟིན་པའི་གཞུང་ལ་གོ་སྟེ། ལོ་ཙཱ་བ་ཆེ་གེ་མོའི་འགྱུར་ཞེས་པས་མཚོན། འགྱུར་ཟིན་པ་དེ་ལ་སླར་བཟོ་བཅོས་གནང་བ་ལ་འགྱུར་བཅོས་གནང་ཟེར། སྔོན་གྱི་ཆོས་འབྱུང་སོགས་ལ་གཟིགས་དང་གསལ་པོར་མཁྱེན་ཐུབ།
ཚད་མ་གསར་རྙིང་ནི་འགྱུར་གསར་རྙིང་ལས་བཏགས་པར་མངོན།
ཀ་རྡོ་རབ་འབྱམས་པ་ལ། བོན་པོ་རྣམས་ཚད་མའི་དགུན་ཆོས་ལ་གདན་འདྲེན་ཞུས་པ་ནི་ཆོས་བརྒྱུད་གཞན་དང་གཅིག་མཚུངས་སུ་བརྩིས་ནས་གདན་གྲལ་དུ་བཅུག་པ་མ་གཏོགས་ཕྱིར་ཕུད་པ་མིན་པས། དེ་ལ་དགའ་འོས་པ་ལས་ཕོག་ཐུག་འགྲོ་དགོས་པ་ཞིག་གང་ན་ཡོད། ག་རེ་གསུང་གི་ཡོད་དམ།
ངས། ག་ར་གསུངས་འདུག ལགས། འཇིགས་མེད་ལགས། གསུངས་པ་ཡང་མེད། ལབ་པ་ཡང་མེད།། བྲིས་པ་ཡང་མེད། གཞན་གྱིས་བྲིས་པར། རྗེས་སུ་ཡི་རང་བྱས་ནས་རྒྱབ་སྐྱོར་བྱེད་ཁུལ་ཙམ་བྱས་པ་ཡིན་པས་་་་་་
#4 ཀརྡོ་རབ་འབྱམས་པ་ ་ལགས་ཀྱིས་སྤེལ་དོན།:
October 16th, 2016 at 11:20 pm
་་་་་་་་ གཞན་ཡང་མདོ་དབུས་ཁམས་གསུམ་གྱི་ཆོས་བརྒྱུད་རིས་མེད་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་དགོན་སྡེ་མཚན་ཉིད་ཀྱི་རྩོད་གྲྭ་ཡོད་ས་རྣམས་ནས་སློབ་གཉེར་པ་གང་མང་མང་གདན་ཞུས་ཀྱིས་ཚོགས་བཞིན་ཡོད། ་་་་་་་
འདི་འབྲི་མཁན་འབྲིང་བ་འཇིགས་མེད་རེད་མ་གཏོགས་ང་མ་རེད་དོ།། #10 འཇིགས་མེད། ་ལགས།། །།
ཀིརྟི་པ་ཚོས། ཚད་མའི་དགུན་ཆོས་ཆེན་མོ་འཚོགས་པ་ལ། རྗེས་སུ་ཡི་རང་ཆེན་པོ་ཡོད་དོ།།