འོས་སྦྱོར་ཞུ་མཁན། རེ་མདོ་སེངྒེ།
༸གོང་ས་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་བྷེ་རྗམ་ས་གནས་མདོ་སྨད་མི་མང་གིས་དམིགས་བསལ་གོ་སྒྲིག་གནང་བའི་མཛད་སྒོའི་ཐོག་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་བསྩལ་པའི་གསུང་བཤད། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༦ ཚེས་ ༡ ཉིན།
༄༅།། དེ་རིང་གི་མཛད་སྒོ་འདི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་ལྷ་དབྱར་གསོལ་དང་འབྲེལ་བའི་དགའ་སྟོན་གྱི་མཛད་སྒོ་ཞིག་ཡིན་དུས། ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།
མི་མང་པོ་ཞིག་ལྷན་ཅིག་ཏུ་འཛོམས་ནས་དུས་སྟོན་བྱས་པ་འདི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་སྟངས་ཤིག་ཡིན་ན་ཡང་འཁྲུངས་སྐར་སྲུང་བརྩི་ཞུ་སྟངས་གལ་ཆེ་ཤོས་དང་གཙོ་བོ་ནི། བོད་མི་ཡོངས་རྫོགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ངོས་ཟིན་པ་དགོས་པ་དང་བཀའ་དྲིན་དྲན་དགོས་པ་འདི་གལ་ཆེ་ཤོས་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ ༡༩༥༠ ལོ་ནས་ཕྱི་ལོ་ ༢༠༡༡ ལོའི་བར་མི་ལོ་ཧྲིལ་པོ་དྲུག་ཅུ་ལྷག་རིང་བོད་གཞུང་དགའ་ལྡན་ཕོ་བྲང་གི་དབུ་ཁྲིད་གནང་སྟེ་བོད་རྒྱ་ཆེའི་མི་མང་གི་བདེ་སྡུག་གི་དོན་དུ་ཕྱག་ལས་གནང་བ་རེད། དགུང་ལོ་བཅུ་དྲུག་ནས་དགུང་ལོ་བདུན་ཅུ་དོན་བདུན་བར་དུ་བོད་སྤྱི་པའི་བདེ་སྡུག་གི་དོན་དུ་ཉིན་མཚན་སྦྲེལ་ནས་སྐུ་ལས་བསྐྱོན་ཡོད་པ་བོད་མི་ཡོངས་རྫོགས་ཀྱི་སེམས་ལ་གསལ་པོ་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུན་མོང་མ་ཡིན་པའི་མཛད་པ་ནི་བསམ་གྱིས་མི་ཁྱབ་པ་སྔོན་བྱོན་རྒྱལ་བློན་པཎ་གྲུབ་སུས་ཀྱང་མཛད་མ་མྱོང་བ་གསར་གཏོད་ཀྱི་རང་བཞིན་ལྡན་པའི་མཛད་པ་ཤ་སྟག་ཏུ་གྱུར་ཡོད་དུས། དེང་སང་འཛམ་གླིང་ནང་ཏཱ་ལའི་བླ་མ་ཞེས་པའི་མཚན་སྙན་གྲགས་ཀྱིས་ཁྱབ་ཐུབ་པ་ཞིག་བྱུང་ཡོད།
བོད་མི་རིགས་ལ་ཛ་དྲག་གི་དཀའ་ངལ་འཕྲད་ནས་མི་རིགས་འདི་འཛམ་གླིང་འདིའི་སྒང་ནས་བརླག་འགྲོ་བའི་ཉེན་ཁའི་མཚམས་སུ་ལྷུང་བའི་སྐབས། ༸རྒྱལ་བ་རིན་པོ་ཆེས་བོད་མི་རིགས་ཛ་དྲག་གི་དཀའ་ངལ་དེ་ལས་བསྐྱབས་ཏེ་འཛམ་གླིང་ནང་གི་སྐྱབས་བཅོལ་བ་གཞན་དང་མི་འདྲ་བའི་ཆེ་མཐོང་དང་ཆ་འཇོག་ཡོད་སའི་མི་རིགས་ཤིག་ཏུ་བཟོ་ཐུབ་ཡོད། དེ་ཡིན་དུས་བོད་མི་རིགས་སྤྱི་པའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག སྒེར་སོ་སོའི་ངོས་ནས་ཡིན་ནའང་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་དྲན་པའི་སྒོ་ནས་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་མཐུན་པ་བྱེད་ཐུབ་པ་གང་དང་གང་འདུག རང་རང་སོ་སོའི་ངོས་ནས་གང་དང་གང་བྱེད་ཐུབ་ཀྱི་འདུག་ཅེས་རྒྱུན་དུ་བསམ་བློ་བཏང་ནས་༸རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། ༸རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་བ་དང་བཀའ་སློབ་ཞུས་པའི་སྐབས་༸རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་གསུང་ཐོས་པས་སྐལ་བ་བཟང་པོ་བྱུང་སོང་ཟེར་ནས་བཤད་པ་ཙམ་མིན་པར། ༸རྒྱལ་བ་རིན་པོ་ཆེས་གསུངས་པའི་བཀའ་སློབ་དེ་དག་མི་སོ་སོའི་ཉིན་རེའི་འཚོ་བའི་ནང་ལག་ལེན་དུ་བསྟར་དགོས་པ་དེ་གལ་ཆེ་ཤོས་རེད། ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཀྱི་ནང་དོན་ནི་ཕྱོགས་དང་རིས་སུ་མ་ཆད་པ་སྟེ་ཐ་ན་མི་སྒེར་སོ་སོའི་ཉིན་རེའི་འཚོ་བ་སྐྱེལ་སྟངས། ཆོས་པ་ཚོས་ཐོས་བསམ་སྒོམ་སྒྲུབ་གནང་སྟངས་ནས་བཟུང་སྟེ་གནད་དོན་འདིའི་ཐོག་ལ་བཀའ་སློབ་ལམ་སྟོན་མ་གནང་བྱ་བ་གཅིག་ཀྱང་མེད་དུས་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དེ་དག་རང་རང་གི་སེམས་ལ་བཟུང་ནས་ཅི་ནུས་གང་ནུས་ཀྱིས་ལག་ལེན་དུ་བསྟར་དགོས་པ་དེ་སྤྱི་སྒེར་རང་གཞན་སུ་ཞིག་གི་ངོས་ནས་བཤད་ཀྱང་ཤིན་ཏུ་གལ་ཆེན་པོར་ཆགས་ཡོད།
ལྷག་པར་དུ་ཕྱི་ལོ་ ༡༩༥༩ ལོར་༸རྒྱལ་བ་རིན་པོ་ཆེ་རྒྱ་གར་དུ་ཆིབས་བསྒྱུར་གནང་བའི་སྐབས་གཞི་རྩ་གང་ཡང་མེད་པའི་ས་ནས་བཙན་བྱོལ་བོད་གཞུང་གསར་དུ་བཙུགས་པ་ཙམ་མིན་པར། བོད་ཀྱི་མ་འོངས་པའི་སོན་རྩ་གཞོན་སྐྱེས་ཚོ་ལ་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཁག་མང་པོ་གསར་འཛུགས་མཛད་པ་དང། དེ་བཞིན་དུ་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་མང་པོ་གསར་འཛུགས་གནང་བ་སོགས་ལོ་མང་པོའི་རིང་སྐུ་ལས་བསྐྱོན་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བཙན་བྱོལ་པ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཏུ་ཆགས་ཐུབ་ཡོད་ལ། བོད་ནང་གི་རྒྱ་ཆེའི་མི་མང་ལ་ཅི་ཙམ་གྱི་དཀའ་ངལ་ཆེན་པོ་ཞིག་དང་འཕྲད་ནའང་སེམས་ཁུང་ནས་ཕྱི་ལ་རེ་བ་རྒྱག་ས་ཞིག་བྱུང་སྟེ། ང་ཚོ་སྡུག་བསྔལ་འདི་ལས་སྐྱོབ་མཁན་ཞིག་ཕྱི་ན་ཡོད་སྙམ་པའི་སེམས་ཤུགས་ཀྱི་ཐོག་ནས་སྔོན་ནས་ད་ལྟའི་བར་དུ་རེ་བ་རྒྱག་ས་ཡོད་པ་ཞིག་གནང་ཡོད། ༸རྒྱལ་བ་རིན་པོ་ཆེ་བོད་རྒྱ་ཆེའི་མི་མང་ལ་བཀའ་དྲིན་ཆེན་པོ་ཅི་ཙམ་ཡིན་པ་ངས་ཞིབ་ཕྲར་ཞུ་མ་དགོས་པར་རྣམ་པ་ཚོའི་ཐུགས་ལ་གསལ་པོ་ཡོད་པ་དེ་རེད།
ཁ་སང་དེ་རིང་ལྟ་བུར་མཚོན་ན་༸རྒྱལ་བ་རིན་པོ་ཆེ་དགུང་ལོ་མཐོ་པོ་ཇི་ཙམ་ལ་ཕེབས་ཡོད་ཀྱང་ད་དུང་ཡིན་ནའང་གཡས་སྐྱོར་གཡོན་སྐྱོར་བྱས་ནས་ཕེབས་ཏེ་བཀའ་སློབ་གནང་དགོས་སར་བཀའ་སློབ་གནང། དངོས་སུ་ཕེབས་ཐུབ་ས་ལ་ཕེབས་ནས་སྐུ་ངལ་ལ་མ་འཛེམས་པར་ཉིན་མཚན་ལྟོས་མེད་ཀྱིས་མཛད་པ་བསྐྱངས་གནང་གི་ཡོད། ༸རྒྱལ་བ་རིན་པོ་ཆེས་སྐུ་ལས་ཚད་མེད་བསྐྱོན་པ་ནང་བཞིན་ང་ཚོ་མི་རེ་ངོ་རེ་ནས་བྱེད་དགོས་པ་གང་དང་གང་འདུག།འདིའི་ཐོག་ལ་བོད་མི་ཡོངས་རྫོགས་ཀྱིས་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད། ༸རྒྱལ་བ་རིན་པོ་ཆེས་བོད་མི་མང་ཡང་དག་པའི་མང་གཙོའི་ལམ་དུ་ཁྲིད་པར་གནང་སྟེ་མང་གཙོའི་རང་བཞིན་ལྡན་པའི་གཞུང་བཙུགས་ཡོད་དུས་མི་མང་ལ་གཞུང་སྐྱོང་དགོས་པའི་འགན་ཁུར་དང་བསམ་བློ་གཉིས་ཀ་ཡོད་དགོས། གཞུང་གིས་ཕྱག་ལས་གནང་ཕྱོགས་འགྲིག་གི་ཡོད་མེད་ལ་མི་མང་གིས་དོ་སྣང་བྱས་ཏེ་ཕྱག་ལས་གནང་ཕྱོགས་འགྲིག་གི་ཡོད་ན་ཡོད་པ་དང་མེད་ན་མེད་པའི་བསམ་ཚུལ་ལྷག་བསམ་རྣམ་དག་གིས་ཤོད་དགོས་པའི་འགན་དབང་གཉིས་ཀ་ཡོད། གང་ལྟར་བོད་རྒྱ་ཆེའི་མི་མང་གིས་བོད་གཞུང་སྐྱོང་ཐུབ་པ་དང་༸རྒྱལ་བ་རིན་པོ་ཆེས་གནང་བའི་གཞུང་དེ་སྲ་བརྟན་ཡུན་གནས་ཐུབ་ཐབས་ལ་འབད་བརྩོན་བྱ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེེད།
སྔོན་མ་(དགའ་ལྡན་ཕོ་བྲང་པས་གཞུང་བསྐྱངས་པའི་)སྐབས་ཤིག་ལ་རྒྱ་གར་ཤར་ཕྱོགས་ངྷེ་བྷི་གྷར་ཞེས་པར་གནམ་ཐོག་ནས་ཆིབས་བསྒྱུར་བསྐྱངས་སྐབས། གནམ་གྲུ་སྐྱོ་པོ་ཞིག་དང་གནམ་གཤིས་ཤིན་ཏུ་ངན་པ་ཞིག་བྱུང་སྟེ་ཉེན་ཁ་ཆེན་པོ་ཞིག་འཕྲད་པའི་སྐབས་ཀྱི་གནས་ཚུལ་སྐུ་མདུན་གྱིས་བཀའ་སློབ་གནང་བ་ཞིག་ངས་ལུང་འདྲེན་ཞུ་གི་ཡིན། དེ་རིང་ང་ཕལ་ཆེར་ཤི་ས་རེད། ད་ལྟའི་ཆར་ང་ཤི་བ་ཡིན་ན་འགྲིག་མ་སོང། བོད་རྒྱ་ཆེ་མི་མང་ངས་བློས་ཐོངས་མ་སོང། ཞེས་བཀའ་གནང་ཡོད། ༸རྒྱལ་བ་རིན་པོ་ཆེས་བོད་རྒྱ་ཆེའི་མི་མང་གི་དོན་ལ་འདི་འདྲའི་འགན་ཁུར་དང་ཐུགས་ཁུར་ཆེན་པོ་ཞིག་བཞེས་ཀྱི་ཡོད་པ་དེ་ང་ཚོས་ཤེས་དགོས།
རྗེས་མ་རྣམ་པ་ཚོས་ཤེས་གསལ་ལྟར་བོད་ཆོལ་ཁ་གསུམ་གྱི་ནང་ཁུལ་མ་འཆམ་པ་དང་མ་མཐུན་པའི་གནས་ཚུལ་ཕྲན་བུ་ཞིག་བྱུང་བའི་སྐབས་དེར། ༸རྒྱལ་བ་རིན་པོ་ཆེས། ད་ང་བསྡད་དང་མ་བསྡད་ལ་ཁྱད་པར་མི་འདུག་བསམ་པ་དྲན་བྱུང། ཞེས་བཀའ་གནང་ཡོད། སྐུ་མདུན་ལ་འདི་ལྟ་བུའི་ཐུགས་ཕམ་བྱུང་བ་དེ་བོད་མི་སེམས་ཡོད་དང་བསམ་ཤེས་ཅན་ཡོངས་རྫོགས་ཀྱི་སེམས་ལ་ངེས་ཀྱི་ཡོད་དུས། ད་ཆ་སེམས་ཤུགས་བསྒྲིམས་ནས་༸རྒྱལ་བ་རིན་པོ་ཆེའི་ཐུགས་ཕམ་དྭངས་པ་ཞིག་ཡོང་བར་འབད་བརྩོན་གནང་དགོས། བོད་ཆོལ་ཁ་གསུམ་གྱི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་བ་ལ་བོད་མི་ཡོངས་རྫོགས་ཀྱིས་འགན་ཁུར་ནས་ཤུགས་བརྒྱག་དགོས། བོད་མིའི་ནང་ཁུལ་ལ་མ་འཆམ་པའི་གནས་ཚུལ་ཕྲན་བུ་ཞིག་བྱུང་བ་ཡིན་ན་རྒྱ་ནག་གཞུང་དགའ་པོ་ཡོང་བ་དང་༸རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་ཡོང་བའི་རྒྱུར་ཆགས་ཀྱི་ཡོད། བོད་མི་ནང་ཁུལ་ལ་མ་འཆམ་པ་བྱུང་བའི་ལས་ཀ་དེ་དགྲ་དགའ་གཉེན་སྡུག་གི་ལས་ཀ་རེད།
ང་ཚོའི་གཞུང་འདི་མང་གཙོའི་གཞུང་ཡིན་དུས་མང་གཙོའི་ལམ་དུ་འགྲོ་དགོས་ཀྱི་ཡོད། ཡིན་ནའང་བཤད་ཕོད་པ་དང་བསམ་ཕོད་པ། ལས་ཕོད་པ་ཙམ་མིན་པར། བཤད་ཕོད་པ་དང་ལས་ཕོད་པ་དེས་ཕན་ཐོགས་ཡོང་གི་འདུག་གམ་མི་འདུག བཤད་པ་དང་ལས་པ་དེས་གནོད་པ་ཡོང་གི་འདུག་གམ་མི་འདུག འདིའི་ཐོག་ལ་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད། ཁ་ནས་གང་བྱུང་མང་བྱུང་སུ་ལ་ཡིན་ནའང་ཤོད་རྒྱུ་ཡོད། བཤད་པ་དང་ལས་པ་དེས་གཞུང་དང་མི་མང་ལ་ཕན་ཐོགས་ཀྱི་འདུག་གམ་མི་འདུག འདི་ལ་རྣམ་པ་ཚོས་དགོངས་པ་བཞེས་དགོས། རང་རང་གིས་གང་དྲན་བཤད། གང་དྲན་ལས་བསྡད་མཁན་གྱི་མི་འགའ་ཤས་ཡོད་པ་དེ་དག་ལ་སེམས་ཤུགས་དང་ལྷག་བསམ་མེད་པ་ཞིག་ཡིན་མི་སྲིད། བསམ་བློ་གཏོང་སྟངས་དང་སྐད་ཆ་ཤོད་སྟངས་མ་ཤེས་ན། རང་གིས་གང་བཤད་པ་དང་གང་ལས་པ་དེས་སྤྱི་པའི་ལས་དོན་དང་ནང་ཁུལ་གྱི་མཐུན་ལམ་ལ་ཕན་ལས་གནོད་པ་ཆེ་བ་ཡོང་སྲིད་པ་རེད་བསམས།
༸རྒྱལ་བ་རིན་པོ་ཆེ་རྒྱུན་དུ་གསུངས་པའི་སྒྲུང་ཐུང་ཞིག་ཞུ་འདོད་བྱུང། ༸རྒྱལ་བ་རིན་པོ་ཆེས། བུ་གླེན་པས་ཕ་ཡི་ཀླད་པ་བཅོམ། ཞེས་པའི་སྒྲུང་འདི་ལན་མང་པོར་བཀའ་གནང་མྱོང་ཡོད།
སྔོན་ཕ་རྒན་ཞིག་དང་བུ་གླེན་པ་ཞིག་ཡོད། ཁོ་ཕ་བུ་གཉིས་ཀྱི་བར་ལ་བརྩེ་བ་གཏིང་ཟབ་ཡོད་དུས། ཐེངས་ཤིག་ཕ་རྒན་ན་སྟེ་ཉལ་ནས་ཡོད་པའི་སྐབས་སྦྲང་བུ་ཞིག་འཕུར་ཡོང་ནས་ཕའི་མགོ་ལ་བབས་ནས་སུན་པོ་བཟོས་པ་རེད། བུ་གླེན་པ་དེས་ཕའི་མགོར་བབས་པའི་སྦྲང་བུའི་ཐོག་ཁོང་ཁྲོ་ལངས་ནས་སྦྲང་བུ་དེ་ཕར་འདེད་ཚུར་འདེད་བྱས་ནས་ཕ་རྒན་ལ་སུན་པོ་མི་ཡོང་ཐབས་བྱས། སྦྲང་བུ་དེ་འཕུར་ནས་ཀ་བ་ཞིག་གི་ངོས་ལ་བབས་པ་ལྟ་བུ་ཞིག་མཐོང་བའི་སྐབས། བུ་གླེན་པ་དེ་སྦྲང་བུའི་ཐོག་ཁོང་ཁྲོ་ཟ་བཞིན་ཀ་བའི་ངོས་སུ་ནག་རིལ་རིལ་ཞིག་ཡོད་པ་དེའི་ཐོག་ལ་ཁུ་ཚུར་གཞུས་པའི་སྐབས། ནག་རིལ་རིལ་ཞིག་ཡོད་པ་དེ་སྦྲང་བུ་མིན་པར་འཛེར་ཀ་ཞིག་ཡིན་དུས་ལག་པར་རྨ་བཟོས་ནས་ན་ཟུག་ཆེན་པོ་བྱུང་བས་སྔར་ལས་ཀྱང་ཁོང་ཁྲོ་ཆེན་པོ་ལངས་ནས་དབྱུག་པ་ཞིག་བཟུང་སྟེ་སྦྲང་བུ་དེའི་རྗེས་དེད་ནས་ཕྱིན་པའི་སྐབས། མཐའ་མ་སྦྲང་བུ་དེ་ཕའི་མགོ་ལ་བབས་པ་ན་ཁོས་ཕའི་མགོ་ལ་བབས་པའི་སྦྲང་བུ་ལ་དབྱུག་པ་གཞུས་ནས་ཕ་བསད་པ་རེད། ཁོའི་བསམ་པ་ལ་ཕ་རྒན་ལ་ཤ་ཚ་དང་ཕན་སེམས་བྱེད་ཀྱི་ཡོད་ནའང་ཕན་སེམས་བྱེད་སྟངས་དང་ཤ་ཚ་བྱེད་སྟངས་མ་ཤེས་པའི་དབང་གིས་སྦྲང་བུ་གསོད་ཀྱི་ཡིན་བསམས་ནས་རང་གི་ཕ་རྒན་བསད་པ་རེད། དེ་ལ་བུ་གླེན་པས་ཕ་ཡི་ཀླད་པ་བཅོམ་ཟེར་བའི་གཏམ་དཔེ་འདི་བྱུང་བ་རེད།
ང་ཚོ་བོད་མི་རྣམས་ཀྱིས་ཤ་ཚ་བྱེད་སྟངས་ཤེས་དགོས་པ་དང། བོད་སྤྱི་པའི་ལས་དོན་སྒྲུབ་སྟངས་ཤེས་དགོས་པ་འདི་གལ་ཆེན་པོ་རེད། བོད་སྤྱི་པའི་ལས་དོན་སྒྲུབ་སྟངས་མ་ཤེས་དུས་རང་གིས་ལྷག་བསམ་བྱེད་ཀྱི་ཡོད་པའི་དབང་དུ་བྱས་ཀྱང་དངོས་ཡོད་གནས་ཚུལ་ལ་ཕན་ལས་གནོད་པ་ཆེ་བ་ཞིག་འབྱུང་སྲིད། རྣམ་པ་ཚོས་ལས་དོན་གང་འདྲ་ཞིག་བསྒྲུབས་པ་ཡིན་ནའང་བསམ་བློ་བཏང་ནས་གཟབ་གཟབ་བྱ་དགོས། དེས་སྤྱི་པའི་ལས་དོན་ལ་ཕན་གནོད་གང་ཞིག་ཡོང་གི་ཡོད་མེད་ལ་བལྟས་ནས་ལས་འགུལ་སྤེལ་དགོས་པ་དང་སྐད་ཆ་བཤད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་བཤད་འདོད་བྱུང།
གོང་དུ་ཞུས་པ་བཞིན་༸རྒྱལ་བ་རིན་པོ་ཆེས་མི་ལོ་དྲུག་ཅུ་ལྷག་རིང་བསྐྱངས་པའི་གཞུང་འདི་མ་འོངས་པར་བརྟན་པོར་གནས་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། བོད་ནང་གི་རྒྱ་ཆེའི་མི་མང་གིས་༸རྒྱལ་བ་རིན་པོ་ཆེས་སྐུ་ལས་བསྐྱོན་ནས་བཙུགས་པའི་གཞུང་དེ་ལ་སྙིང་ཁོང་རུས་པའི་གཏིང་ནས་ཡིད་ཆེས་དང་རེ་བ་ཞུས་ཏེ། ཕྱི་ལོགས་སུ་ང་ཚོ་སྡུག་བསྔལ་ལས་སྐྱོབ་མཁན་གྱི་གཞུང་ཞིག་ཡོད་སྙམ་པའི་རེ་བ་ཆེན་པོ་བརྒྱབས་ནས་སྡོད་ཀྱི་ཡོད། བོད་གཞུང་འདི་བརྟན་པོ་གནས་ཐབས་ལ་བོད་མི་ཡོངས་རྫོགས་ཀྱིས་བསམ་བློ་བཏང་ནས་ལས་ཀ་བྱ་དགོས།
༸རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བོད་མི་མང་གིས་འོས་ཤོག་འཕེན་པའི་ལམ་ནས་བདམས་པའི་དབུ་ཁྲིད་ཚོ་ལ་རྩིས་སྤྲོད་གནང་ཟིན་པའི་སྐབས་བཀའ་སློབ་འདི་འདྲ་ཞིག་གནང་ཡོད།
ད་ང་བློ་བདེ་པོ་བྱུང་། ང་མི་གཅིག་ཡོད་དང་མེད་ལ་ཁྱད་པར་མེད་པར་བོད་ཀྱི་རྩ་དོན་འདི་བརླག་མི་འགྲོ་བ་དང། བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་པའི་གཞུང་དེ་མུ་མཐུད་བརྟན་པོར་གནས་ཐུབ་པར་ཆགས་སོང།
ཞེས་བཀའ་གནང་ཡོད་པ་རྣམ་པ་ཚོས་མཁྱེན་གསལ་ལྟར་རེད། ༸རྒྱལ་བ་རིན་པོ་ཆེས་སྐུ་ལས་བསྐྱོན་ནས་བཙུགས་པའི་གཞུང་དེ་མུ་མཐུད་བརྟན་པོ་གནས་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། ༸རྒྱལ་བ་རིན་པོ་ཆེས་སྐུ་ལས་བསྐྱོན་ནས་བཙུགས་པའི་གཞུང་དེ་འཕྲོ་བརླག་ཏུ་མི་འགྲོ་བའི་ཆེད་དུ་ང་ཚོ་མི་རེ་རེའི་ངོས་ནས་སྒྲུབ་ཐུབ་པ་གང་དང་གང་འདུག་བསམ་བློ་གཏོང་དགོས། བོད་གཞུང་ལ་ཞབས་ཕྱི་ཞུ་དགོས་པའི་འགན་བོད་མི་ཡོངས་རྫོགས་ལ་གཅིག་མཚུངས་ཀྱིས་ཡོད།
ང་ལྟ་བུར་མཚོན་ན་ཡང་ལོ་བདུན་ཅུ་དོན་བརྒྱད་ཡིན། རྣ་བས་གསལ་པོ་གོ་ཐུབ་ཀྱི་མེད་དུས་གོང་དུ་གསུང་བཤད་གནང་བ་མང་ཆེ་བ་གོ་མ་བྱུང། དེ་བཞིན་དུ་སྙིང་དང་གཅིན་སྙི་ན་ཚ་ཡོད་ནའང་འདི་ག་ལ་ཤོད་གསུང་དུས་ཡོང་ནས་སྐད་ཆ་ཚིག་འགའ་ཤས་ཤིག་བཤད་པ་ཡིན་ན་ཕན་ཐོགས་ཕྲན་བུ་རེ་ཨེ་ཡོང་བསམས་ནས་ཡོང་བ་ཡིན། ཚིག་རེ་ཟུང་ཞིག་ཞུས་པ་ཡིན་ན་རྣམ་པ་ཚོར་ཕན་ཐོགས་རེ་ཨེ་ཡོང་བསམས་ནས་རྣམ་པ་ཚོར་ཞུ་གི་ཡོད། སྐད་ཆ་ཚིག་འགའ་ཤས་ཤིག་བཤད་པ་ཙམ་མ་གཏོགས་ང་ལ་འཇོན་ཐང་དང་ནུས་པ་གང་ཡང་མེད་ནའང་ངས་ལྷག་བསམ་རྣམ་དག་གིས་རྣམ་པ་ཚོར་ཞུས་པ་དེར་གསན་གྱི་རེད་སྙམ་པའི་རེ་བ་བྱེད་ཀྱི་ཡོད། རྣམ་པ་ཚོས་ང་ལ་བོད་སྤྱི་པའི་འགན་ཁུར་མཁན་དང། ལྷག་པར་དུ་མདོ་སྨད་སྤྱི་པའི་མི་ཞིག་དང་༸རྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་རྙིང་པ། བོད་གཞུང་ལ་ལྷག་བསམ་རྣམ་དག་བྱེད་མཁན་ཞིག་ཡིན་པར་ཡིད་ཆེས་དང་ངོས་འཛིན་གནང་གི་ཡོད་དུས་ངས་ཞུས་པ་ལ་རྣམ་པ་ཚོས་གསན་གྱི་རེད་བསམ་པའི་རེ་བས་ཞུ་གི་ཡོད།
བོད་གཞུང་འདི་གནས་མ་ཐུབ་པར་ཐོར་བ་ཡིན་ན་རྒྱ་ནག་གུང་ཁྲན་གཞུང་དགའ་གི་རེད། རྒྱ་གུང་ཁྲན་གྱིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་གཞུང་གནས་མི་ཐུབ་པར་འཐོར་ཞིག་ཏུ་འགྲོ་བའི་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་གནའ་སྔ་མོ་ནས་བཟུང་བོད་གཞུང་འདི་གཏོར་རྒྱུའི་ཐབས་ཤེས་དང་བོད་མི་ནང་ཁུལ་གྱི་མཐུན་ལམ་གཏོར་བའི་ཐབས་ཤེས། བོད་མི་ནང་ཁུལ་ལ་རྫུན་དང་ཕྲ་མ་བཤད་པའི་ཐབས་ཤེས་ད་ལྟའི་བར་དུ་མཚམས་མ་ཆད་པར་བྱས་མྱོང་ཡོད་དུས་དེ་ལ་བོད་མི་རྣམས་ཀྱིས་རྒྱུན་དུ་དོགས་ཟོན་གནང་སྟེ་ནང་ཁུལ་མཐུན་པོ་ཡོང་ཐབས་བྱ་དགོས། གལ་སྲིད་མི་ཞིག་གིས་སྐད་ཆ་མི་བདེན་པ་དང་ནང་ཁུལ་གྱི་མཐུན་ལམ་ལ་གནོད་གཞིའི་ལས་ཀ་ཞིག་བྱེད་ཀྱི་འདུག་ན། གཅིག་གིས་གཅིག་ལ་བསླབ་བྱ་བརྒྱབས་ཏེ་བོད་མི་ཡོངས་རྫོགས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གྱི་ཐོག་ལ་གནས་ཐབས་བྱ་དགོས།
བོད་ནང་དུ་སྡོད་མཁན་གྱི་བོད་མི་ཚོས་ཉིན་རེའི་འཚོ་བ་སྐྱེལ་སྟངས་ཚུན་ཆད་ལ་ཡང་དཀའ་ངལ་ཆེན་པོ་ཡོད་པ་དེ་ཞུ་མ་དགོས། མི་མང་པོ་ཞིག་གློ་བུར་དུ་བཙོན་ཁང་དུ་བཅུག་ནས་གར་སོང་ཆ་མེད་དུ་གྱུར་ཏེ་ཤི་གསོན་ཙམ་ཡང་ཧ་མ་གོ་བའི་གནས་སྟངས་རྒྱུན་མ་ཆད་པར་ཡོང་གི་ཡོད། དཔེར་ན། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ལྟ་བུར་མཚོན་ན་ཤི་དང་གསོན་གང་ཡིན་ཧ་གོ་ཐུབ་ཀྱི་མེད། བོད་ནང་གི་བོད་མི་ཚོའི་ཚེ་སྲོག་མི་གཞན་ཞིག་གི་ལག་ཏུ་བཟུང་ནས་བོད་མིའི་ཚེ་སྲོག་བོད་མི་རང་ཉིད་ལ་མི་དབང་བར་ཚེ་སྲོག་གི་བདག་པོ་དང་ཚེ་སྲོག་ལ་དབང་བསྒྱུར་མཁན་གཞན་ཞིག་ཡོད་པའི་སྐབས་འདིར་བོད་ནང་གི་བོད་མི་ཚོས་བོད་གཞུང་འདི་ལ་རེ་བ་བརྒྱག་གི་ཡོད།
༸རྒྱལ་བ་རིན་པོ་ཆེས་ད་ལྟའི་ཆར་དངོས་སུ་བོད་གཞུང་གི་དབུ་ཁྲིད་གནང་གི་མེད་ནའང་བོད་རྒྱ་ཆེའི་མི་མང་གིས་གཞུང་འདི་༸རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་གཞུང་ཡིན་པའི་ངོས་འཛིན་དང་ཡིད་ཆེས་བརྟན་པོ་བྱས་ནས་བསྡད་ཡོད། བོད་མི་བཙོན་ཁང་དུ་ཚུད་པ་ཚོས་༸རྒྱལ་བ་ཡིད་བཞིན་ནོར་བུ་མཁྱེན་ཟེར་ནས་གསོལ་འདེབས་ཞུས་པ་དང་ཆབས་ཅིག ༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གིས་ང་ཚོ་སྡུལ་བསྔལ་འདི་ལས་གྲོལ་ཐབས་བྱེད་ཀྱི་རེད་སྙམ་པའི་རེ་བ་དང་ཡིད་ཆེས་བརྟན་པོ་བྱས་ནས་བསྡད་ཡོད། རང་སྲོག་བློས་གཏོང་མཁན་ཚོས། རང་གི་ཚེ་སྲོག་བློས་བཏང་བ་ཡིན་ན་འདི་ལ་བརྟེན་ནས་མ་འོངས་པར་བོད་སྤྱི་པའི་དོན་ལ་གྲུབ་འབྲས་བཟང་པོ་ཐོན་པ་ཞིག་ཡོང་གི་རེད་སྙམ་པའི་རེ་བ་བྱས་ཡོད་དུས། ཁོང་རྣམ་པས་ཐུགས་རེ་གནང་བ་བཞིན་གྲུབ་འབྲས་བཟང་པོ་ཐོན་པ་ཞིག་བྱེད་ཐུབ་མིན་ནི་ཕྱི་ལོགས་སུ་ཡོད་པའི་ང་ཚོའི་གཞུང་དང་མི་མང་གི་ལག་ཏུ་ཡོད། ང་ཚོའི་གཞུང་འདི་འཐོར་ཞིག་ཏུ་ཕྱིན་ནས་བརླགས་པ་ཡིན་ན་འཛམ་གླིང་འདིའི་ནང་ནས་བོད་མི་རིགས་ཟེར་བ་དེ་རྩ་བརླག་ཏུ་འགྲོ་རྒྱུ་ཐག་ཉེ་བོར་རང་བཞིན་གྱིས་ཆགས་འགྲོ་གི་རེད། བོད་ཀྱི་སྐད་དང་ཡི་གེ་མི་ཤེས་མཁན་དང། བོད་ཀྱི་རིག་གཞུང་གོམས་གཤིས་མི་ཤེས་མཁན་གྱི་བོད་མི་མང་པོ་ཞིག་བྱུང་བ་ཡིན་ན། མཚམས་ཤིག་ནས་བོད་ཀྱི་མི་རབས་གསར་པ་རྣམས་རྒྱ་མ་བོད་ཅིག་ཏུ་འགྱུར་འགྲོ་གི་རེད། བོད་མི་རིགས་འདི་འཛམ་བུ་གླིང་འདི་ནས་རྩ་བརླག་ཏུ་མི་འགྲོ་བ་ལ་༸རྒྱལ་བ་རིན་པོ་ཆེས་བཙུགས་པའི་བོད་གཞུང་འདི་བརྟན་པོར་གནས་ཐབས་བྱ་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་ཡིན་དུས། ༸རྒྱལ་བ་རིན་པོ་ཆེས་བཙུགས་པའི་བོད་གཞུང་འདི་ལ་ང་ཚོས་རྒྱབ་སྐྱོར་དང་བརྩི་བཀུར་ཞུ་དགོས། རང་གི་གཞུང་ལ་རང་གིས་བརྩི་བཀུར་མི་ཞུ་ན་གཞན་པ་སུས་བརྩི་བཀུར་བྱེད།
ཁ་སང་དེ་རིང་གི་དུས་ཚོད་འདི་ཤིན་ཏུ་ཛ་དྲག་ཆེ་བའི་སྐབས་ཤིག་ཏུ་གྱུར་ཡོད། བོད་ཕྱི་ནང་གཉིས་ཀ་ལ་མི་ཐོག་གསར་རྙིང་བརྗེས་ནས་མི་ཐོག་རྙིང་པ་ཉུང་ཤས་མ་གཏོགས་ལྷག་མེད། ༸རྒྱལ་བ་རིན་པོ་ཆེའི་དགུང་ལོ་ཡང་ཤིན་ཏུ་མཐོ་པོར་ཕེབས་ཟིན་པ་རེད། ༸རྒྱལ་བ་རིན་པོ་ཆེས་དགུང་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་པའི་ཞལ་བཞེས་གནང་ཡོད་ཀྱང་ཛ་དྲག་གི་སྙུང་གཞི་བཞེས་ཀྱི་ཡོད་དུས་ཛ་དྲག་གི་དུས་ཚོད་འདི་ལ་བོད་མི་ཡོངས་རྫོགས་ཀྱིས་ཛ་དྲག་གི་གནས་སྟངས་དང་མཐུན་པའི་ཛ་དྲག་གི་བསམ་བློ་གཏོང་དགོས།
ཉེ་ཆར་༸རྒྱལ་བ་རིན་པོ་ཆེ་ལྡི་ལི་ལ་ཛ་དྲག་གིས་སྨན་བཅོས་གནང་བར་ཕེབས་པ་རེད། དེ་ནས་ཉི་མ་འགའ་ཤས་ཀྱི་རྗེས་སུ་ཡང་བསྐྱར་༸རྒྱལ་བ་རིན་པོ་ཆེ་སྐུ་གཟུགས་མ་བདེ་བ་ཤུགས་ཆེན་པོ་བྱུང་སོང། དེའི་རྗེས་སུ་ཉིན་གཅིག་ལ་སྐུ་མདུན་སྨན་བཅོས་ལ་ཕེབས་པའི་རྣམ་པའི་རླངས་འཁོར་སྐོར་ཞིག་ཛ་དྲག་གིས་བཏང་བྱུང། སྐབས་དེར་ང་མཚམས་ལ་བསྡད་ཡོད། ད་གཏམ་གང་འདྲ་ཞིག་གོ་རྒྱུ་ཡོད་དམ། ད་ང་ཚོ་བོད་པ་འདི་གང་འདྲ་ཞིག་ཏུ་འགྱུར་ཡོང་ངམ་བསམས་ནས་དངངས་སྐྲག་གིས་སེམས་ལ་ཚ་ཤ་བརྒྱབས་བྱུང། ཕྱིས་སུ་གནས་ཚུལ་གསལ་པོ་ཤེས་པའི་སྐབས་ལ་ཛ་དྲག་གི་སྐུ་སྙུང་བཞེས་པ་ཡིན་ན་སྨན་ཁང་ལ་གདན་འདྲེན་ཞུ་སྟངས་ཀྱི་སྦྱོང་བརྡར་ཞིག་རེད་འདུག།གང་ལྟར་ང་ཚོའི་གནས་སྟངས་འདི་འདྲའི་ཛ་དྲག་གི་སྐབས་སུ་སླེབས་ཡོད་དུས་༸རྒྱལ་བ་རིན་པོ་ཆེས་རྒྱུན་དུ། རེ་བ་བཟང་ས་ལ་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས། ཞེས་བཀའ་གནང་གི་ཡོད་པ་ལྟར་ང་ཚོས་༸རྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་རྒྱུའི་རེ་བ་བཟང་ས་ནས་བརྒྱག་དགོས་ནའང། བོད་གཞུང་འདི་འཐོར་ཞིག་ཏུ་མི་འགྲོ་བའི་གྲ་སྒྲིག་སྡུག་ས་ནས་བྱེད་དགོས།
༸རྒྱལ་བ་རིན་པོ་ཆེས། ཁོང་ཐང་ཆད་ཀྱི་འདུག།ཅེས་པའི་བཀའ་ལན་མང་པོ་གནང་གི་འདུག།སྐུ་གཟུགས་ཐང་ཆད་ཀྱི་ཡོད་པ་སྨོས་མ་དགོས་ནའང་ཐུགས་ཀྱི་དགོངས་པ་ཡང་ཐང་ཆད་ཀྱི་ཡོད་སྲིད། ༸རྒྱལ་བ་རིན་པོ་ཆེའི་ཐུགས་ཀྱི་དགོངས་པ་ཐང་ཆད་པ་ཞིག་མི་ཡོང་བ་དང་ཐུགས་ཕམ་ཡོང་མི་འཇུག་པའི་འགན་ང་ཚོ་ཡོངས་རྫོགས་ལ་ཡོད། བོད་མི་ཡོངས་རྫོགས་ཀྱིས་མི་རེ་ངོ་རེ་ནས་སྐབས་སུ་བབས་པའི་ལས་འགན་དང་དུ་བླངས་ཏེ་༸རྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་ཞུས་པ་ཡིན་ན་བོད་སྤྱི་པའི་ལས་དོན་འགྲུབ་པ་དང་བོད་ཀྱི་བདེན་པའི་མཐའ་གསལ་བ་ཞིག་ཡོང་གི་རེད། ང་ཚོའི་ནང་ཁུལ་ནས་མ་འཆམ་པའི་གནས་ཚུལ་ཕྲན་བུ་ཞིག་བྱུང་བ་ཡིན་ན་དེས་བོད་སྤྱི་པའི་ལས་དོན་ལ་གནོད་པ་ཤིན་ཏུ་ཚབས་ཆེན་པོ་ཡོང་གི་རེད། ཁ་སང་འདིར་སླེབས་ནས་བོད་རིགས་རྒན་པ་མང་པོ་དང་མཇལ་བའི་སྐབས་བོད་མི་ནང་ཁུལ་ལ་མ་མཐུན་པ་ཕྲན་བུ་བྱུང་བ་དེར་འགན་ཁུར་ནས་སེམས་ཁྲལ་ཆེན་པོ་གནང་གི་འདུག།སྔོན་མ་དང་བསྡུར་ན་ཁ་སང་དེ་རིང་ཕྲན་བུ་ཡར་རྒྱས་འགྲོ་གི་ཡོད་ཅེས་གསུང་གི་འདུག།འདིའི་ཐོག་ལ་མུ་མཐུད་དེ་ཤུགས་བསྐྱོན་པ་ཡིན་ན་༸རྒྱལ་བ་རིན་པོ་ཆེའི་ཐུགས་དགྱེས་པའི་མཆོད་པ་འབུལ་ཐུབ་པ་ཞིག་ཡོང་གི་རེད། རྣམ་པ་ཚོས་དེའི་ཐོག་ལ་འབད་བརྩོན་གནང་རོགས་ཞེས་ཞུ་འདོད་བྱུང།
བྷེ་རྗམ་ས་ཁུལ་འདི་བོད་རིགས་མང་ཤོས་ཡོད་པའི་ས་གནས་ཤིག་དང་མདོ་སྨད་པ་ཡང་མང་ཤོས་ཡོད་སའི་ས་གནས་ཤིག་རེད་འདུག།རྣམ་པ་ཚོས་སོ་སོའི་ངོས་ནས་ཚོགས་པ་བཙུགས་ནས་བོད་སྤྱི་པའི་དོན་ལ་ཕྱག་ལས་གནང་སྟེ་ཧུར་འབད་ཐག་གནང་འདུག།ས་གནས་མདོ་སྨད་པའི་སྒྲིག་འཛུགས་འདིའི་སྒྲིག་གཞི་དེ་ཁ་སང་ང་ལ་སྤྲད་བྱུང། སྒྲིག་གཞིའི་ནང་གི་དམིགས་ཡུལ་གཙོ་བོ་དེ་༸རྒྱལ་བ་རིན་པོ་ཆེའི་ཐུགས་ཀྱི་བཞེད་དགོངས་འགྲུབ་ཐབས་ཞུ་རྒྱུ་དང་བོད་གཞུང་ལ་རྒྱབ་སྐྱོར་ཞུ་རྒྱུ། མི་མང་ཉམ་ཐག་ལ་རོགས་རམ་བྱ་རྒྱུ་སོགས་ཤིན་ཏུ་ཡག་པོ་འདུག།དེ་བཞིན་ས་གནས་ཆུ་བཞི་སྒང་དྲུག་དང་དབུས་གཙང་ཚོགས་པ་གང་ཞིག་ཡིན་ནའང་འདི་དང་འདྲ་མཚུངས་ཡོད་ཀྱི་རེད་བསམས། སོ་སོའི་ཁོངས་ལ་ཡོད་པའི་མི་མང་ཚོར་སྒྲིག་གཞིའི་དགོངས་དོན་ལྟར་གྱི་ལམ་སྟོན་ཡག་པོ་ཞིག་གནང་དགོས་པ་དེ་གལ་ཆེན་པོ་རེད། སྒྲིག་གཞི་ཡིག་ཐོག་ལ་ཡོད་པ་ཙམ་མ་ཡིན་པར་ཁོངས་སོ་སོའི་མི་མང་ལ་སློབ་སྟོན་བྱས་ཏེ་སྒྲིག་གཞི་ལག་བསྟར་ཡོང་ཐབས་བྱ་དགོས། ས་གནས་གང་དུ་ཡིན་ནའང་ཁོངས་སོ་སོའི་མི་མང་རྣམས་སྒྲིག་འཛུགས་སོ་སོའི་སྒྲིག་འོག་ཏུ་བསྡུས་ཏེ་སྤྱི་པའི་ཐོག་ལ་ནུས་པ་མཉམ་སྤུངས་ཡོང་ཐབས་ཞུ་དགོས། བོད་མི་རྣམས་ཀྱི་ནུས་པ་ཁ་འཐོར་དུ་མ་ཕྱིན་པར་སྤྱི་པའི་དོན་ལ་ནུས་པ་མཉམ་སྤུངས་ཐུབ་པ་ཡིན་ན་ཕན་ཐོགས་ཡོང་གི་རེད་ཅེས་ཞུ་འདོད་བྱུང།
དུས་ཆེན་ཁག་ལ་བོད་མི་རྣམས་མཉམ་འཛོམས་བྱ་རྒྱུའི་གོ་སྐབས་འདུག་པ་ནི་ཤིན་ཏུ་ཡག་པོ་རེད། དེ་རིང་ལྟ་བུ་ཡིན་ན་ཡང་༸རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་མཛད་སྒོ་དང་བསྟུན་ནས་བོད་མི་མང་པོ་ཞིག་མཉམ་འཛོམས་ཐུབ་པར་རྣམ་པ་ཚོས་འགྲོ་སོང་བཏང་ནས་གྲ་སྒྲིག་ཡག་པོ་གནང་འདུག་པས་དགའ་པོ་བྱུང་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བོད་པ་རྣམས་མཉམ་འཛོམས་ཐེངས་མང་པོ་གནང་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། མཉམ་དུ་འཛོམས་ན་ཕན་ཚུན་ངོ་ཤེས་པ་དང་རྒྱུས་ལོན་པ་ཡོང་གི་རེད་ལ། སྐད་ཆ་ཤོད་རྒྱུའི་གོ་སྐབས་ཀྱང་མང་བ་ཡོང་གི་རེད། ནང་ཁུལ་ལ་མཐུན་ལམ་ཡོང་བར་རང་བཞིན་གྱིས་ཕན་ཐོགས་ཡོང་གི་རེད།
ལྷག་པར་དུ་བོད་མི་རྣམས་ཀྱིས་ཁྱིམ་ཚང་སོ་སོའི་ནང་དུ་བོད་སྐད་བསྐྱོན་དགོས་པ་དེ་གལ་ཆེན་པོ་རེད། ཅེས་བཀའ་སློབ་གནང་མཁན་མང་པོ་ཞིག་གིས་རྒྱུན་དུ་གསུང་གི་ཡོད། ཕ་མ་རྣམས་ཀྱིས་འགན་འཁྱེར་ནས་རྒྱུན་དུ་ཁྱིམ་ཚང་ནང་བོད་སྐད་བཤད་པ་ཡིན་ན་བུ་གུ་ཚོས་རང་བཞིན་གྱིས་བོད་སྐད་ཡག་པོ་ཤེས་ཐུབ་པ་ཞིག་ཡོང་གི་རེད། ངས་ད་ལྟ་འདིར་མཐོང་བ་ལ་ཆ་བཞག་ན་འདིར་སླེབས་པའི་མི་ཐོག་དང་པོ་ལས་མི་ཐོག་གཉིས་པ་མང་བར་ལྟ་བུར་ཆགས་འདུག།མི་ཐོག་གཉིས་པ་བོད་མི་ཡག་པོ་ཞིག་ཏུ་གསོ་སྐྱོང་བྱེད་དགོས་པའི་འགན་དེ་མི་ཐོག་དང་པོ་ཁྱེད་རྣམས་ལ་བབས་ཡོད། སེམས་ཤུགས་ཅན་མང་པོ་ཞིག་གིས་མི་རབས་གཞོན་པ་རྣམས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་ཤེས་ཐབས་ལ་འབད་བརྩོན་བྱེད་ཀྱི་འདུག་པ་ནི་ཤིན་ཏུ་ཡག་པོ་རེད། ཡིན་ན་ཡང་ཁྱིམ་ཚང་སོ་སོ་དང་ཕ་མ་སོ་སོས་འགན་ལེན་དགོས་པ་དེ་བས་ཀྱང་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང། ངས་སྐད་ཆ་གང་བཤད་པ་དེ་ཕན་ཐོགས་ཤིག་ཨེ་ཡོང་བསམས་ནས་བཤད་ཀྱི་ཡོད་སྟབས་སྙན་པོ་དང་མཛེས་པོ་ཨེ་ཡོང་མི་ལྟ་བར་མདའ་བརྒྱབས་པ་བཞིན་ཐད་ཀར་ཞུས་པ་ཡིན།
དེ་རིང་ས་གནས་མདོ་སྨད་མི་མང་གི་ངོས་ནས་ང་ལ་རྗེས་དྲན་གྱི་གཟེངས་རྟགས་ཤིག་གནང་བ་དེར་ཐུགས་རྗེ་ཆེ། མདོ་སྨད་མི་མང་གིས་ང་བོད་སྤྱི་པའི་མི་ཞིག་ཡིན་པ་དང། ༸རྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་རྙིང་པ་ཞིག་ཡིན་པ་ལ་བཀའ་དྲིན་རྗེས་དྲན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ངའི་ངོས་ནས་ནམ་ཡིན་ནའང་རྒྱུན་དུ་མདོ་སྨད་སྤྱི་པའི་དོན་ལ་སྐད་ཆ་བཤད་ཁུལ་བྱེད་ཀྱི་ཡོད། སྤྱིར་མདོ་སྨད་ཀྱི་བླ་ཆེན་ཡོངས་རྫོགས་ཀྱིས་བོད་སྤྱི་པ་དང་མདོ་སྨད་པ་སྤྱི་པའི་དོན་དུ་མི་ཐོག་ནས་མི་ཐོག་བར་ཕྱག་ལས་གནང་ཡོད། ང་ཚོ་ལ་མཚོན་ན་ཡང་གནའ་སྔ་མོ་ས་གནས་དང་གཤོག་ག་མ་འདྲ་བ་གཉིས་ཀྱི་བར་དུ་མ་འཆམ་པའི་ཁ་མཆུ་བྱུང་བའི་སྐབས་ཀིརྟི་ཚང་གིས་འགན་བླངས་ནས་ཁ་མཆུ་བཤད་དེ་ཕྱོགས་གཉིས་ཀ་མཐུན་ཐབས་བྱེད་ཀྱི་ཡོད། མདོ་སྨད་ཕྱོགས་ཀྱི་བླ་ཆེན་ཡོངས་རྫོགས་ཀྱིས་ཕྱག་ལས་དེ་ལྟར་གནང་གི་ཡོད། ང་ལ་མཚོན་ན་ད་ལྟའི་བར་དུ་མདོ་སྨད་སྤྱི་པ་ལ་ཕན་ན་སྙམ་པའི་ཐོག་ནས་གང་ཐུབ་ཐུབ་ཀྱིས་ཞབས་ཕྱི་ཞུས་པའི་ཁུལ་ཡིན་ལ། བོད་སྤྱི་པ་ལ་ཕན་ན་སྙམ་ནས་༸རྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་གང་ནུས་ཞུས་པ་ཡིན། ཆོས་ཕྱོགས་ནས་ཡིན་ནའང་བཀའ་སློབ་གང་གནང་བ་དེ་ལ་ལགས་སོ་ཞུས་ནས་ཞབས་ཕྱི་ཞུས་པའི་ཁུལ་ཡིན། ཆབ་སྲིད་ཀྱི་ཕྱོགས་ནས་ཡིན་ནའང་བཀའ་བློན་ལ་ཐུག་གི་བར་དུ་གང་ཐུབ་པ་དང་ནུས་པ་དེ་ཞུས་པའི་ཁུལ་ཡིན། ངས་བཀའ་བློན་གྱི་དམ་འབུལ་ཞུས་པའི་སྐབས་༸རྒྱལ་བ་རིན་པོ་ཆེ་དང་ཁྲིམས་དཔོན་རྣམ་པ་དང་བཅས་བཞུགས་པའི་དཀྱིལ་དུ། བོད་སྤྱི་པའི་ལས་དོན་སྒྲུབ་ཀྱི་ཡིན། ཅེས་དམ་བཅའ་ཕུལ་བ་ཡིན། ༸རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་དམ་བཅའ་ཕུལ་བ་དེ་མི་ཚེ་གཅིག་གི་རིང་ལ་ལག་བསྟར་ཞུ་དགོས་པ་རེད་མ་གཏོགས་བཀའ་བློན་གྱི་ལས་གནས་ནས་གཟུར་བའི་རྗེས་མནའ་སྐྱེལ་དམ་བཅས་པ་དེ་ལ་གནས་མི་དགོས་པ་ཞིག་གཏན་ནས་མིན་དུས། ༸རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་ཁས་ལེན་དམ་བཅའ་ཞུས་པ་བཞིན་ད་ལྟ་ལ་ཐུག་གི་བར་དུ་རང་ལ་ནུས་པ་གང་ཡོད་ཀྱིས་འབད་བརྩོན་བྱས་པ་ཡིན་དུས། རྣམ་པ་ཚོས་ང་སྤྱི་པའི་མི་དང་སྤྱི་པའི་ལས་ཀ་བྱེད་མཁན་ཞིག་ཏུ་ངོས་འཛིན་གནང་ནས་གཟེངས་རྟགས་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཡིན་ནའང་ལྷག་བསམ་དང་ཡོན་ཏན་གཉིས་ལ་ཁྱད་པར་ཡོད། མི་སུ་ཞིག་ཡིན་ན་ཡང་ལྷག་བསམ་བྱེད་པ་ལ་ཚད་གཞི་མེད་ཀྱང། མི་སོ་སོའི་ཡོན་ཏན་དང་འཇོན་ཐང་ལ་ཚད་གཞི་ཡོད་དུས་ང་ལ་མཚོན་ན་ཡོན་ཏན་དང་འཇོན་ཐང་གི་ཚད་གཞི་ཞིག་ཡོད་པ་དེ་ལས་ལྷག་པ་ཞིག་བྱེད་ཐུབ་ཀྱི་མེད་ནའང། ལྷག་བསམ་ལ་ཚད་གཞི་མེད་པ་ཡིན་དུས་སྔོན་མ་ཡིན་ནའང་ལྷག་བསམ་རྣམ་དག་བྱས་པ་ཡིན་ལ་མ་འོངས་པ་ལ་ཡང་ལྷག་བསམ་རྣམ་དག་བྱེད་ཀྱི་ཡིན། ང་ཆོས་དང་ཆབ་སྲིད་གཉིས་ཀའི་ཡོན་ཏན་གང་ཡང་ཡོད་མཁན་ཞིག་མིན་ནའང་ལྷག་བསམ་རྣམ་དག་གི་ཐོག་ནས་ད་ལྟའི་བར་དུ་འབད་བརྩོན་ཞུས་པའི་ཁུལ་ཡིན།
རྣམ་པ་ཚོས་འདིར་ཡིག་ཆ་ཞིག་བཟོས་འདུག་པའི་ནང་ང་ལ་བསྟོད་པ་ཆེན་པོ་གནང་འདུག་ཀྱང་ངས་ཁྱེད་ཚོས་བསྟོད་པ་གནང་བ་ལྟར་གྱི་འཇོན་ཐང་དང་ཞབས་ཕྱི་ཆེན་པོ་ཞུས་པ་གང་ཡང་མེད། ལྷག་པར་དུ་བོད་ནང་ནས་གསང་བའི་སྒྲིག་འཛུགས་ཤིག་གིས་ང་ལ་གསེར་གྱི་རྟགས་མ་ཞིག་གནང་འདུག་ཅེས་པ་ཡིག་ཆ་འདིའི་ནང་དུ་འཁོད་འདུག།ང་ཕྱི་ལོ་ ༡༩༨༤ ལོར་ནང་དོན་བོད་གཞུང་གི་སྐུ་ཚབ་དང་རྣམ་པ་གཉེན་འཕྲད་དང་ལྟ་སྐོར་གྱི་ངོ་བོའི་ཐོག་ནས་བོད་དུ་ཕྱིན་པ་རེད། སྐབས་དེར་བོད་མི་སུ་འདྲ་ཞིག་ལ་ཐུག་པ་ཡིན་ནའང་ངའི་སར་ཡོང་ནས་མིག་ནས་མཆི་མ་འདོན་བཞིན་དུ་བདེ་སྡུག་གི་སྐད་ཆ་ཤོད་ཀྱི་འདུག།བོད་ཆོལ་ཁ་གསུམ་གྱི་མི་མང་པོ་ཞིག་ལ་ཐུག་པ་ཡིན། རྒྱ་ནག་པེ་ཅིང་གིས་གཙོས་པའི་རྒྱ་ནག་ནང་དུ་ཡོད་པའི་བོད་རིགས་ལས་བྱེད་པ་མཐོ་གྲས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང། འབའ་པ་ཕུན་ཚོགས་དབང་རྒྱལ་སོགས་བོད་རིགས་དཔོན་པོ་མང་པོ་ཞིག་ལ་མཇལ་བ་ཡིན། བོད་ཆོལ་ཁ་གསུམ་གྱི་མི་སེམས་ཤུགས་ཅན་མང་པོ་ཞིག་དང་མཇལ་རྒྱུ་བྱུང། ཐ་ན་ཨ་མ་རྒད་མོ་ཞིག་ཡིན་ནའང་ང་ཡོང་གི་ཡོད་པ་མཐོང་བའི་སྐབས་ངའི་འཁྲིས་ལ་ཡོང་ནས། བོད་རང་དབང་རང་བཙན་མྱུར་བ་མྱུར་དུ་ཐོབ་པར་ཤོག།༸རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ཚེ་བརྟན་པར་ཤོག ཅེས་ངའི་གདོང་ལ་བལྟས་ནས་སྨོན་ལམ་བརྒྱབས་ནས་རེ་བ་བྱེད་ཀྱི་འདུག
ཁོང་ཚོའི་ངོས་ནས་ལྷག་བསམ་རྣམ་དག་གིས་ང་ལ་རྟགས་མ་ཞིག་སྤྲད་པ་རེད། ཡིན་ནའང་གནས་ཚུལ་འདི་ཕྱི་ལ་འཆལ་བ་ཡིན་ན་ཁོང་ཚོའི་སྲོག་ལ་འབབ་རྒྱུའི་ཉེན་ཁ་ཡོད་པ་ཡིན་དུས་ངས་གསང་བ་བྱས་ཏེ་ཕྱི་ལོགས་ལ་གཏན་ནས་སྒྲོགས་མེད། ལོ་མང་པོ་ཕྱིན་ནས་མི་དེ་དག་གྲོངས་ཚར་བའི་རྗེས་སུ་ཅ་ལག་དེ་ཕྱི་ལ་བཏོན་ནས་བརླག་མི་འགྲོ་བའི་དོན་དུ་ཁ་བྱང་ཞིག་བྲིས་ནས་བཞག་པ་ཡིན། དེ་འདྲ་ཞིག་མ་བྱས་ན་ཁོང་ཚོས་ང་ལ་ལྷག་བསམ་གནང་བ་དེ་ལ་ངས་སྣང་ཆུང་བྱས་པ་ལྟ་བུར་འགྲོ་རྒྱུ་རེད་བསམ་པ་མ་གཏོགས་ངས་གནས་ཚུལ་འདི་ཕྱི་ལ་བསྒྲགས་མ་མྱོང། འདིས་བོད་ནང་གི་རྒྱ་ཆེའི་མི་མང་གི་སེམས་ཤུགས་མཚོན་གྱི་ཡོད་པ་མ་གཏོགས་ཕྱི་ལ་བསྒྲགས་དགོས་པའི་རྒྱུ་མཚན་མཐོང་གི་མེད།
ཁོང་ཚོས་ང་ལ། དགྲ་ཡི་དགྲ་ཡིན་ན་ང་ཚོའི་གཉེན་ཡིན། ཅེས་མའོ་ཙེ་ཏུང་གིས་གསུངས་པའི་ཚིག་དེ་ལུང་དྲངས་ནས་ད་རེས་ཁྱེད་རྒྱ་ནག་ནས་ཡར་མཐར་ཕུད་བཏང་བ་དེས་ཁྱེད་རང་གི་ལས་ཀ་བྱེད་སྟངས་ཡོངས་རྫོགས་ང་ཚོས་གསལ་པོར་ཧ་གོ་སོང། སྔོན་མ་ནས་༸རྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་ཧུར་ཐག་འབད་ཐག་ཞུས་འདུག་ལ་མ་འོངས་པར་ཡང་༸རྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་ཧུར་ཐག་འབད་ཐག་ཅིག་ཞུ་རོགས་བྱོས། ཞེས་གསུངས་བྱུང།
མི་ཞིག་ཕྱི་ལོགས་ནས་ང་དང་ཐུག་པའི་སྐབས་ཁ་འཛུམ་ནས་སྐད་ཆ་ཤོད་ཐུབ་ཀྱི་ཡོད་ནའང་མིག་ཆུ་བཏོན་ནས་སྐད་ཆ་ཤོད་མི་ཐུབ་པའི་སྐབས་ཡིན། ཁང་པའི་ནང་དུ་སླེབས་པའི་སྐབས་ངུས་ནས་སེམས་ནང་གི་སྡུག་བསྔལ་བཤད་ཀྱི་ཡོད། གནས་ཚུལ་འདི་ང་རྐྱང་པ་མ་ཡིན་པར་ཕྱི་རྒྱལ་ཁག་ཏུ་༸རྒྱལ་བ་རིན་པོ་ཆེའི་སྐུ་རྗེས་སུ་འབྲངས་པའི་བོད་པ་ཡོངས་རྫོགས་ལ་རེ་བ་དེ་ལྟར་བརྒྱབས་ཀྱི་ཡོད། དེ་ནས་ང་ཕྱིར་རྒྱ་གར་དུ་ཡོང་བའི་རྗེས་ནས་བོད་གཞུང་གི་ནང་ལ་ཐེམ་པ་རིམ་འཛེགས་ལྟ་བུས་རང་གིས་གང་ནུས་ཀྱིས་ཞབས་ཕྱི་ཧུར་ཐག་ཞུས་པ་ཡིན། རྣམ་པ་ཚོ་ཡིན་ན་ཡང་ཁོང་ཚོའི་རེ་བ་དེ་འགྲུབ་ཐབས་གནང་དགོས་པའི་འགན་ཡོད། ཕྱི་རྒྱལ་ཁག་ཏུ་སླེབས་ནས་རིམ་གྱིས་འཚོ་གོས་དང་ཡིག་ཆ་སོགས་ཀྱི་དཀའ་ངལ་མེད་པར་ཆགས་པ་དང་ད་སྐྱིད་པོ་ཡིན་བསམས་ནས་སྡོད་རྒྱུ་ཡོད་པ་མ་རེད། ང་ཚོ་མི་རེ་ངོ་རེ་ལ་བོད་རྒྱ་ཆེའི་མི་མང་གིས་འགན་རེ་བསྐུར་ཡོད་པ་ནམ་ཡང་བརྗེད་མི་ཉན།
ད་ལྟ་འདི་ལ་ཡོད་པའི་བོད་མི་ཡོངས་རྫོགས་ཤོག་ག་མ་འདྲ་བ་དང་ལུང་ཚན་མ་འདྲ་བ་སྣ་ཚོགས་ནས་ཕེབས་པ་ཡིན་དུས། རང་བཞིན་གྱིས་སོ་སོ་ཡོང་ཁུངས་ཀྱི་ཤོག་ག་དེ་དང་ལུང་པ་དེའི་སྐུ་ཚབ་ལྟ་བུར་ཆགས་ཀྱི་ཡོད། ཁྱེད་རྣམ་པས་ཕྱི་ལོགས་ལ་ལས་ཀ་ཡག་པོ་བྱས་པ་ཡིན་ན་སོ་སོའི་ཕ་མ་དང་ནང་མི། ལུང་པའི་མི་མང་དང་བཅས་པས་ང་ཚོའི་མི་དེས་ཕྱི་ལོགས་ལ་ལས་ཀ་ཡག་པོ་བྱེད་ཀྱི་འདུག་ཅེས་བསྟོད་བསྔགས་བྱས་ཏེ་མཐེ་མོ་སྟོན་གྱི་ཡོད། ཕ་མ་རིགས་ཤིག་གིས་ཁྱེད་རང་གིས་ཕྱི་ལོགས་ལ་ལས་ཀ་ཡག་པོ་བྱས་ནས་བསྡད་ཀྱི་འདུག་པས་ཕ་མ་ལ་ཁ་མ་ཐུག་ཀྱང་འགྱོད་པ་མེད་ཅེས་ཤོད་ཀྱི་ཡོད། ཁྱེད་རང་ཚོ་མི་རེ་རེའི་ངོས་ནས་འགན་ཁུར་ཏེ་ཕྱག་ལས་ཡག་པོ་གནང་དགོས་པ་དེ་གལ་ཆེན་པོ་རེད།
ལོ་འགའ་ཤས་ཀྱི་གོང་དུ་ང་བྷེ་རྗམ་ལ་ཡོང་བའི་སྐབས་དང་མི་འདྲ་བར་དེང་སང་བོད་པ་རྣམས་སྐད་ཡིག་དང་འཚོ་བ་གང་ཅིའི་ཐད་ནས་ཡར་རྒྱས་ཆེན་པོ་ཕྱིན་འདུག།མ་འོངས་པར་ཡང་མུ་མཐུད་ཡར་རྒྱས་ཀྱི་ཕྱོགས་ལ་འབད་བརྩོན་གནང་རོགས་ཞེས་ཞུ་རྒྱུ་ཡིན།
ཕྱི་རྒྱལ་དུ་ཡོད་པའི་བོད་མི་སྐོར་ཞིག་གིས་རང་གི་འཚོ་བ་དང་དཔལ་འབྱོར་ཕྲན་བུ་ཡར་རྒྱས་ཕྱིན་པ་དང་རྒྱས་སྤྲོས་དང་ཀྲོག་ཀྲོག་ལྟ་བུ་བྱེད་པ་མ་གཏོགས་བུ་གུའི་ཤེས་ཡོན་སློབ་སྦྱོང་ཡར་རྒྱས་ཀྱི་དོན་དུ་འགྲོ་སོང་གཏོང་གི་མི་འདུག་ཅེས་འགའ་ཤས་ཀྱིས་བཤད་ཀྱི་འདུག།སྐད་ཆ་འདི་བདེན་པ་ཡིན་མིན་མི་ཤེས་ཀྱང་གང་ལྟར་ཡང་བོད་ཀྱིས་མ་འོངས་པའི་རེ་བ་རྒྱག་ས་དང་བོད་ཀྱི་སོན་རྩ་ད་ལྟའི་བུ་ཕྲུག་ཆུང་ཆུང་འདི་ཚོ་ཡིན་དུས། ཕ་མ་སོ་སོས་འགན་བླངས་ཏེ་བུ་ཕྲུག་ཚོ་སློབ་གྲྭ་ཚད་ལྡན་དང་སློབ་གྲྭ་ཆེ་ཁག་ལ་གཏོང་དགོས། འདིར་རྒྱ་གར་དང་མི་འདྲ་བར་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཡོད་པ་དེ་འཕྲོ་བརླག་ཏུ་མི་གཏོང་རྒྱུ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་ཞུ་འདོད་འབྱུང།
ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་རྣམས་ཀྱིས་ཡ་རབས་སྤྱོད་བཟང་གི་ཐོག་ལ་ཐུགས་སྣང་མཛད་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། ཐོག་མར་ཕྱི་རྒྱལ་ལ་ཡོང་བའི་སྐབས་མང་པོ་ཞིག་གིས་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་ཡོང་དགོས་ཤར་ཡོད་ནའང། ད་ཆ་འཚོ་གོས་སོགས་ཀྱི་དཀའ་ངལ་སེལ་ནས་ཡོད་པའི་སྐབས་འདི་ལ་ཡ་རབས་སྤྱོད་བཟང་གི་ཐོག་ལ་ཤུགས་བསྐྱོན་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། སྔོན་མ་ང་སིད་སི་ལ་འགྲོ་བའི་སྐབས་ལུང་པ་དེའི་ཡུལ་མི་རྣམས་ཀྱིས་ཕྱི་ལོགས་ནས་ཡོང་བའི་གྲས་ནས་བོད་མི་རྣམས་ཁོང་ཚོས་ཡིད་ཆེས་བློ་གཏོད་བྱེད་ས་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་སོང། འདིར་ཡོད་པའི་བོད་མི་རྣམས་ཀྱིས་ཀྱང་ལུང་པ་འདིའི་ཡུལ་མི་རྣམས་ཀྱིས་ཡིད་ཆེས་བྱེད་ས་ཡོད་པ་ཞིག་དང། བོད་པ་རྣམས་མི་ཡག་པོ་ཡོད་པ་རེད། ཡིད་ཆེས་བྱེད་ཆོག་གི་རེད། སྐྱག་རྫུན་བཤད་ཀྱི་མ་རེད། ༸རྒྱལ་བ་རིན་པོ་ཆེའི་སློབ་མ་རེད་ཟེར་བ་ལྟ་བུའི་ཡ་རབས་སྤྱོད་བཟང་ལྡན་པ་ཞིག་གནང་དགོས། བོད་པ་སུ་འདྲ་ཞིག་ཡིན་ན་ཡང་རུང། རང་གི་མིང་དང་མཉམ་དུ་བོད་པ་རེད་ཟེར་བ་དང་༸རྒྱལ་བ་རིན་པོ་ཆེའི་སློབ་མ་རེད། ཟེར་བའི་མིང་འདི་གཉིས་རང་བཞིན་གྱིས་འབྱར་ནས་ཡོད་དུས། ཁྱེད་ཚོས་བྱ་བ་བཟང་པོ་ཞིག་བྱས་པ་ཡིན་ནའང་བོད་པ་ཞིག་གིས་བྱ་བ་བཟང་པོ་བྱས་པ་རེད། ༸རྒྱལ་བ་རིན་པོ་ཆེའི་སློབ་མ་ཞིག་གིས་བྱ་བ་བཟང་པོ་བྱས་པ་རེད་ཅེས་ཟེར་རྒྱུ་དང་། བྱ་བ་ངན་པ་དང་སྡུག་ཆག་ཅིག་བྱས་པ་ཡིན་ནའང། བོད་པ་ཞིག་གིས་བྱས་པ་རེད། ༸རྒྱལ་བ་རིན་པོ་ཆེའི་སློབ་མ་ཞིག་གིས་བྱས་པ་རེད་ཅེས་ཟེར་རྒྱུ་ཡིན། རྒྱུན་དུ་མིང་དེ་གཉིས་རང་གི་མིང་དང་མཉམ་དུ་འབྱར་ནས་ཡོད་བསམ་པའི་ཐོག་ནས་ཡ་རབས་སྤྱོད་བཟང་བྱ་དགོས་པ་འདི་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང།
དེ་རིང་འདིར་འཁྲུངས་སྐར་དང་འབྲེལ་བའི་མཛད་སྒོ་ཤིན་ཏུ་གྲ་རྒྱས་པོ་གནང་འདུག ཟླ་བྷེ་ལགས་རྩོམ་རྩལ་ལ་ཤིན་ཏུ་མཁས་པ་ཡོད་དུས་ང་ལ་བསྟོད་པ་ཆེན་པོ་བྱས་ཡོད་ཚོད་འདུག་སྟེ་ངས་ཨ་མཆོག་གིས་ལེགས་པོ་ཞིག་གོ་ཐུབ་མ་སོང་ནའང་ཐུགས་རྗེ་ཆེ། རྣམ་པ་ཚོས་བོད་མི་མང་པོ་ཞིག་མཉམ་དུ་འཛོམས་ཐུབ་པའི་གྲ་སྒྲིག་ཡག་པོ་གནང་འདུག་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
ཀིརྟི་སྐྱབས་མགོན་མཆོག་གིས་བཀའ་སློབ་སྩལ་བ་ཡིག་ལམ་ནས་མཇལ་ཆོག་བཟོས་པར་ཐུགས་རྗེ་ཆེ་ཞུ། འབྲེལ་ཡོད་ཡིག་འབེབས་པ་རྣམ་པར་གཤམ་གསལ་རྣམས་བཅོས་འགོད་དགོས་མིན་ཐུགས་ཞིབ་རེ་གནང་སྐྱོང་འཚལ་ཞུ།
གལ་ཆེན་༼པོར༽་ཆགས་ཡོད།
གལ་ཆེན་༼པོར་༽ཆགས་ཡོད།
ངས་ཞིབ་༼ཕྲར་༽ཞུ་མ་དགོས་
ཐུགས་ཕམ་ཡོང་བའི་༼རྒྱུར་༽ཆགས་ཀྱི་ཡོད།
རྒྱལ་བ་རིན་པོ་༼ཆེ༽་རྒྱུན་དུ་གསུངས་པའི་སྒྲུང་
སྙིང་དང་གཅིན་སྙི་༼༽ན་ཚ་ཡོད་
ང་ཚོ་༼སྡུལ་༽བསྔལ་འདི་ལས་གྲོལ་ཐབས་
སེམས་ལ་༼ཚ་ཤ་༽བརྒྱབས་བྱུང།
མི་ཐོག་དང་པོ་ལས་མི་ཐོག་གཉིས་པ་མང་༼བར༽་ལྟ་བུར་ཆགས་འདུག
གནའ་སྔ་མོ་ས་གནས་དང་༼གཤོག་ག༽
བོད་མི་ཡོངས་རྫོགས་༼ཤོག་ག༽་མ་འདྲ་བ
དཀའ་ངལ་མེད་༼པར་༽ཆགས་
རིན་པོ་ཆེ་ཕྱོགས་ཀྱི་བཀའ་སློབ་སྙིང་པོ་ནན་བརྗོད་གནང་བ་ནི་མདོ་སྨད་པ་ཚོས་བོད་གཞུང་ལ་བརྩི་དགོས་ཞེས་ངར་པོ་གསུངས་འདུག འདིའི་དོན་གང་ཡིན་བསམ་བློ་ག་ཚོད་བཏང་ཡང་ད་དུང་ཤེས་མ་སོང་། ཕལ་ཆེར་ཁ་མཆུ་ཨང་ཉི་ཤུ་པ་ཕྱིར་འཐེན་བྱེད་གསུང་གི་ཡོད་པ་འདྲ།
དགོས་ས་ལ་ཆད། མི་དགོས་ས་ལ་ལྷག་ཟེར་བ་དེ་འདི་འདྲ་ལ་ཟེར་བ་མིན་འགྲོ དེ་སྔའི་བཙན་བྱོལ་གྱི་ལོ་ངོ་དྲུག་ཅུའི་རིང་ལ་བཙལ་བྱོལ་བོད་གཞུང་གི་ཕྱོགས་ལ་རྒྱག་གཅིག་མཆོང་གཅིག་བྱེད་མཁན་མདོ་སྨད་ལས་ལྷག་གཅིག་མེད་པ་ས་རིས་ཐང་གསལ་རེད། ག་རེ་གསུང་བསྡད་ཡིན་ནམ།
སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་ཞབས། སྔོན་མར་བཱ་རཱ་ཎ་སཱིའི་མཐོ་རིམ་སློབ་གྲྭ་དང་། དྷ་ས། ཨ་རི་བཅས་ལན་ཁ་ཤས་མཇལ། ༧གོང་ས་མགོན་རིན་པོ་ཆེའི་ཞབས་དང་། བོད་གཞུང་མངས་ལ་ཞབས་ཕྱི་ཞུ་བར་མཛད་པའི་བཀའ་སློབ་ཡང་དག་པ་ཀློག་པའི་གོ་སྐབས་ཀྱིས་སྤྲོ་བ་འཕེལ།
དེས་ན། བསྩལ། ཞེས་པར་བོད་རྒྱ་ཚིག་མཛོད་ཤན་ཞུགས། སྩལ། ཅེས་དག་པར་སྣང་། བསྩལ། ཅེས་པའི་སེལ་བའི་འདས་ཚིག་ཡིན་པ་བཀའ་འགྱུར་གྱི་དཔེ་ཆ་འགའ་ན་ཡོད་ཅིང་། ལི་ཤི་གུར་ཁང་ན་ཡང་དེ་ལྟར་གསལ། རྒྱག ཅེས་པ་ཁ་སྐད་དབང་གིས་ཞལ་ནས་འཐོན་ན་ཡང་། རྒྱབ་ཅེས་འབྲི་ན། བརྒྱབས། སོགས་དང་མཐུན་ཞིང་། ཀློག་པ་པོ་གཞན་ལ་ཕན། གྲ་སྒྲིག ཅེས་པར། གྲལ་སྒྲིག། ཅེས་པའང་ཡོད། གོ་སྒྲིག་ཅེས་པ་དང་སྒྲ་བཤད་མཐུན། ཧུར་འབད། ཅེས་པར་ལྷུར་འབད་ཅེས་དང་། རོགས་རམ། གྲོགས་རམ་དང་། ཡོང་། ཐེངས། ལགས་སོ། ཞེས་པར། འོང་། ཐང། ལེགས་སོ། ཞེས་འབྲི་ན། ཡིག་སྐད་དང་མཐུན། ཅ་ལག ཅེས་པར། ཚིག་མཛོད་ཅིག་ན། སྤྱད་ལག ཅེས་པའང་མཐོང་བས། དཔྱད་འཚལ། འབྱར་དང་སྦྱར་གྱི་ཁྱད་པར་ཡང་ཤེས་དགོས་པ་གལ་ཆེ། ཨ་མཆོག ཅེས་པར་རྣ་ལྕོག་ཅེས་ཀྱང་མཐོང་། དཔྱད་པར་འཚལ་ལོ།
་
སྲིན་པོ་རྫ་རྒན ་ལེགས་ཀྱི ་ཁུག་ཤད་འདི་ཉིད་ཆེས་དྲགས་པ་དང་། སྩལ་བ། འདས་ཚིག་ཡིན་པས། སྩལ་པ། ཞེས་བཅོས་དགོས་སོ།
ཡག་པོ་གསུང་འདུག གཙོ་བོ་མཐུན་སྒྲིལ་གལ་ཆེན་པོའི་སྐོར་ལ་རེད། མང་གཙོ་ཚད་ལྡན་ལུང་པའི་ནང་རང་རང་གི་བསམ་ཚུལ་བཤད་པའི་ཐོབ་ཐང་ཡོད་རེད། ང་ཚོའི་བཙན་བྱོལ་ནང་རང་དང་བསམ་ཚུལ་མི་མཐུན་པ་ཞིག་བྱུང་ན། མི་དེ་ནི་དོལ་ཚོགས་རེད། རྒྱ་མིའི་རྒྱུགས་ཁྱི་རེད། རྐུན་མ་རེད། ཇག་པ་རེད། མི་གསོད་ལག་དམར་ཞེས་མགོ་གྲོས་ཚོགས་ནང་གི་གྲྭ་གཟུགས་ཚོ་ནས་བཟུང་སྟེ་སྲང་ལམ་གྱི་སློང་མོ་བ། ར་རྫི་ལུག་རྫི་ཚང་མས་མགོ་བོ་གནོན་ཐབས་བྱེད་པར་ཐ་སྙད་འདྲ་མིན་བེད་སྦྱོད་གཏོང་རྒྱུའི་ངན་གོམས་ཞིག་འདུག་པས། དེང་སྐབས་གདོང་བསྟན་ནས་སྐད་ཆ་་དྲང་མོ་བཤད་རྒྱར་ཞེད་སྣང་བྱེད་དགོས་པའི་དུས་ཞིག་ལ་སླེབས་འདུག དེ་ལས་འཇམ་ཐེངས་ངེར་བསྡད་ན་ཡག་ཤོས་རེད།
༄༅། རིན་པོ་ཆེ་མཆོག་ནས་གསུང་བཤད་ཧ་ཆང་ཡག་པོ་གནང་འདུག་པ་་་ཐུགས་རྗེ་ཆེ།
སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་འདེབས་།
བཀྲིས་བདེ་ལེགས་ཞུ།