འབྲིང་བ་འཇིགས་མེད།
དང་པོ། བྱུང་རིམ།
༄༅།། ཀིརྟིའི་དགེ་རྩ་ཚོགས་པ་ནི་སྔོན་གྱི་ཀིརྟིའི་བླ་བྲང་གི་རྒྱུན་ལས་བྱུང་བ་ཡིན་ཞིང་། ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ནི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ལ་བྱུང་ནས་དུས་རབས་ཉི་ཤུ་པའི་དུས་དཀྱིལ་བར་ལོ་ངོ་ཉིས་བརྒྱའི་རིང་གནས། གནས་ཡུལ་ནི་སྟག་ཚང་ལྷ་མོ་ལྷ་མོ་ཀིརྟི་དགོན་ཡིན། ཕྱི་ལོ་ ༡༩༥༩ ལོའི་དུས་འགྱུར་སྐབས་ཀིརྟིའི་བླ་བྲང་ཡང་ཤུལ་མེད་དུ་གྱུར་ནའང་། ཀིརྟིའི་བླ་བྲང་གི་ཆོས་སྲིད་དབང་ལུང་གི་བདག་པོ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་དང་ཀིརྟིའི་དབོན་པོ་སོགས་གནད་ཡོད་མི་སྣ་གཙོ་བོ་རྣམས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཐུབ་པ་བྱུང་། ཕྱི་ལོ་ ༢༠༠༢ ལོར་བཞུགས་སྒར་དྷ་རམ་ས་ལར་གཞིས་བྱེས་གཉིས་ཀྱི་ཀིརྟིའི་དགོན་གྲོང་གི་མི་སྣ་མང་པོ་དང་། ལྷག་པར་ཀིརྟིའི་དབོན་པོ་ཆུང་བ་འཇིགས་མེད་ཆོས་འཕེལ་སོགས་སྔ་མོའི་ཀིརྟིའི་བླ་བྲང་གི་གནད་ཡོད་མི་སྣ་བཅས་ལྷན་དུ་འཛོམས་པའི་སྐབས། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས་སྔ་མོའི་ཀིརྟིའི་བླ་བྲང་དེ་དེང་དུས་ཀྱི་མང་གཙོའི་འགྲོ་ལུགས་ཅན་གྱི་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་ན་ལེགས་ཚུལ་གྱི་ལམ་སྟོན་བཀའ་སློབ་ཕེབས་པར། དེར་འདུས་མི་སྣ་ཐམས་ཅད་ཀྱིས་མོས་མཐུན་རྒྱབ་སྐྱོར་དང་འབྲེལ་དེ་དོན་བཀའ་བཞིན་བསྒྲུབ་རྒྱུའི་ཐག་གཅོད་ཀྱི་༸སྙན་ཞུ་མིང་རྟགས་འབྱར་མ་ཕུལ། ཕྱི་ལོ་ ༢༠༠༧ ལོར་ཀིརྟིའི་དགེ་རྩ་ཚོགས་པའི་སྔོན་འགྲོའི་ཚོགས་པ་བཙུགས་ཏེ་གྲ་སྒྲིག་གནང་། ཕྱི་ལོ ༢༠༠༨ ཟླ་ ༢ ཚེས་ ༡༦ ཉིན་ཀིརྟིའི་དགེ་རྩ་ཚོགས་པ་འདི་ཉིད་རྒྱ་གར་དྷ་རམ་ས་ལར་དངོས་སུ་དབུ་བརྙེས། བླ་མའི་བླ་བྲང་དགེ་རྩ་ཚོགས་པར་བསྒྱུར་གནང་མཛད་པ་འདི་ནི་ཀིརྟི་ཚང་གི་ལོ་རྒྱུས་ཙམ་མ་ཟད། བོད་ཀྱི་ལོ་རྒྱུས་ནང་དུའང་ད་སྔ་བྱུང་མྱོང་མེད་པའི་གསར་བཏོད་ཀྱི་མཛད་པ་རླབས་ཆེན་ཞིག་ཏུ་གྱུར་ཡོད།
གཉིས་པ། དམིགས་ཡུལ།
ཀིརྟིའི་དགེ་རྩ་ཚོགས་པ་འདི་བཙུགས་པའི་དམིགས་ཡུལ་གཙོ་བོ་ནི།
༡ ཀིརྟི་སྐུ་ཕྲེང་གོང་མ་རྣམས་ཀྱིས་དར་སྤེལ་མཛད་པའི་མདོ་རོང་ཡུལ་གྱི་བསྟན་པ་མི་ཉམས་གོང་འཕེལ་དང་ཀིརྟི་སྐུ་ཕྲེང་ཕྱི་མ་རྣམས་ཀྱི་མཛད་འཕྲིན་སྔར་བཞིན་རྒྱས་ཐུབ་པའི་ཆེད་དེ། ཀིརྟིའི་དགེ་རྩ་ཚོགས་པའི་སྒྲིག་གཞིའི་སྔོན་གླེང་དུ། “་་་་་་་་་ཀིརྟི་སྐུ་ཕྲེང་གོང་མ་ཚོའི་མཛད་འཕྲིན་གྱི་ནུས་པའང་མ་ཉམས་པར་སྐྱེ་འགྲོའི་བདེ་སྐྱིད་ཆེད་ཡུན་རིང་དུ་གནས་ཐུབ་ལ། ཀིརྟི་སྐུ་ཕྲེང་རིམ་པར་འབྱོན་རྒྱུ་རྣམས་ཀྱིས་མཚན་དོན་དང་མཚུངས་པའི་མཛད་འཕྲིན་སྐྱོང་སྟངས་ལེགས་པར་མཁྱེན་པའི་སྒོ་ནས་༸རྒྱལ་བསྟན་སྤྱི་དང་དང་ལྷག་པར་མདོ་རོང་གི་བསྟན་པར་མཛད་པ་རླབས་ཆེན་ཡུན་རིང་པོའི་བར་གནང་ཐུབ་པའི་ཁོར་ཡུག་གམ་ཆ་རྐྱེན་གྱི་ལམ་སྲོལ་འདི་ལྟ་བུ་༌༌༌༌” ཞེས་དང། ཀིརྟིའི་དགེ་རྩ་ཚོགས་པའི་རྩ་འཛིན་བཀའ་སློབ་ལས། ” ཀིརྟི་ཚང་གི་སྐུ་ཕྲེང་ཕྱི་མ་རྣམས་སློབ་བརྒྱུད་མང་ཚོགས་ལ་ཕན་ཐོགས་པའི་རིང་བར་དུ་ཡོད་ཀྱི་རེད། འབྲེལ་ཡོད་མང་ཚོགས་ལ་དགོས་མཁོ་ཡོད་པའི་ཀིརྟི་ཚང་གི་བླ་མ་དེའི་འགྲོ་སྟངས་འདུག་སྟངས་ཀྱང་གསལ་པོ་བཟོ་དགོས། ” ཞེས་དང་། ” ཆོས་ཕྱོགས་ཀྱི་གནང་སྟངས་དེ་འདྲ་ཞིག་བཟོ་ཐུབ་པའི་ཆེད་དུ་ཚོགས་པ་འདི་བཙུགས་པ་རེད། ” ཅེས་གསུངས།
༢ དད་ལྡན་མང་ཚོགས་ཀྱིས་ཀིརྟི་ཚང་ལ་ཕུལ་དང་འབུལ་བཞིན་པའི་བསྔོ་རྟེན་སྐྱབས་རྟེན་སོགས་ཆུད་ཟོས་སུ་མི་འགྲོ་བར་གཞན་ཕན་དགེ་རྩ་ཁོ་ནར་གཏོང་ཐུབ་པའི་ཆེད་དེ། ཀིརྟིའི་དགེ་རྩ་ཚོགས་པའི་རྩ་འཛིན་བཀའ་སློབ་ལས། ” ཀིརྟི་ཚང་མདོ་སྨད་མི་མང་ལ་ཇི་སྲིད་དགོས་པའི་རིང་ལ་མདོ་སྨད་མི་མང་གིས་དད་འབུལ་བྱས་པའི་དངུལ་མང་པོ་ཞིག་འདུས་ཡོང་གི་ཡོད་པ་དེ་བེད་སྤྱོད་ལོག་པར་མི་འགྲོ་བར་བེད་སྤྱོད་གཏོང་སྟངས་ལ་སྟངས་འཛིན་ཡག་པོ་བྱེད་ཐུབ་པ་ཞིག་བྱེད་དགོས། ” ཞེས་དང་། ཀིརྟིའི་དགེ་རྩ་ཚོགས་པའི་སྒྲིག་གཞིའི་ལེའུ་བཅུ་གཅིག་པར། ” མང་ཚོགས་ནས་ཀིརྟི་རིན་པོ་ཆེའི་མཚན་ཐོག་ལ་དད་འབུལ་ཞུས་པའི་དཀོར་ཟས་རྒྱུ་ནོར་ཡོངས་རྫོགས་སྤྱིའི་འགྲོ་ལུགས་ལྟར་ན་༸སྐྱབས་མགོན་ཀིརྟི་རིན་པོ་ཆེའི་ཐོབ་དབང་ཁོ་ན་ཡིན་ནའང་རང་ཉིད་ཀྱི་རྒྱུ་ནོར་བློས་བཏང་གིས་ཀིརྟི་ཚང་གི་རྒྱུ་དངོས་ཡོངས་རྫོགས་ཀིརྟིའི་དགེ་རྩ་ཚོགས་པར་གནང་དགོས་པའི་ལམ་སྲོལ་གསར་བཏོད་གནང་ཡོད། ” ཅེས་དང་། སྒྲིག་གཞིའི་ལེའུ་བཅུ་པར། ” ཀིརྟིའི་དགེ་རྩ་ཚོགས་པའི་དཔལ་འབྱོར་གཙོ་བོ་ཀིརྟི་ཚང་གི་སྐུ་རྒྱུ་ཕྱག་རྫས་ཀྱིས་མཚོན་པའི་ཀིརྟིའི་དགེ་རྩ་ཚོགས་པའི་དཔལ་འབྱོར་དངུལ་དངོས་དང་། ཁ་རྗེ་དབང་ཐང་གང་ཡོད་ཀིརྟི་ཚང་གི་སློབ་བརྒྱུད་སེར་སྐྱ་སྤྱི་ལ་དབང་བའི་དཔལ་འབྱོར་ལམ་ལུགས་ཅན་ཞིག་གཞིར་བཟུང་། དམིགས་ཡུལ་གཞན་ཕན་དགེ་རྩ་ཁོ་ནའི་ཆེད་ཡིན། ” ཞེས་གསུངས།
༣ མདོར་བསྡུས་ན་བསྟན་པའི་ཞབས་འདེགས་དང་མི་མང་གི་བདེ་དོན་གྱི་ཆེད་དེ། ཀིརྟིའི་དགེ་རྩ་ཚོགས་པ་དབུ་བརྙེས་པའི་མཛད་སྒོའི་ཐོག་བསྩལ་པའི་བླང་དོར་བཀའ་སློབ་ལས། ” ང་ཚོ་ལ་དགོན་པ་གྲྭ་ཚང་། ལྷ་སྡེ་མི་སྡེ། སེར་སྐྱ་མི་མང་འབུམ་ཕྲག་མང་པོ་ཞིག་ཡོད་པ་ཚོའི་མགོ་ཁྲིད་ནས་བསྟན་པའི་ཞབས་འདེགས་ཞུས་པ་ཡིན་ན་དོན་ངོ་མའི་ཐོག་ནས་ཕན་ཐོགས་ཆེ་བ་ཡོང་རྒྱུ་རེད་བསམས་ཏེ་དགེ་རྩ་ཚོགས་པ་བཙུགས་པ་ཡིན། ” ཞེས་དང་། སྐབས་དང་པོའི་ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་ཐེངས་གཉིས་པའི་ཐོག་བསྩལ་པའི་ལམ་སྟོན་བཀའ་སློབ་ལས། ” དགེ་རྩ་ཚོགས་པའི་ལས་དོན་གྱི་ངོ་བོ་དང་། དམིགས་ཡུལ། སྒྲིག་འཛུགས་ཀྱི་རང་བཞིན་བཅས་ཞལ་གསལ་པོ་བྱ་དགོས། སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བའི་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། དར་སྤེལ། སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་འབྱུང་ཐབས་བྱ་དགོས་པ་ང་ཚོའི་དམིགས་ཡུལ་གཙོ་བོ་ཡིན། མི་མང་ལ་བདེ་སྐྱིད་ཡོང་བར་སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་དུ་གནས་དགོས། དེ་གནས་པ་ལ་བསྟན་པ་འཛིན་པའི་དགེ་འདུན་གྱི་སྡེ་དང་དགོན་པ་གྲྭ་ཚང་ལ་བདག་པོ་རྒྱག་དགོས། དགོན་པ་ལ་བདག་པོ་རྒྱག་དགོས་པ་དེའང་གྲྭ་པ་དང་བླ་མའི་ཁེ་ཕན་གྱི་ཆེད་དུ་མིན་པར་མི་མང་ལ་བདེ་སྐྱིད་འབྱུང་བའི་ཆེད་དུ་ཡིན། མཐར་གཏུགས་ན་དགེ་རྩ་ཚོགས་པ་འདི་མི་མང་གི་བདེ་དོན་གྱི་ཆེད་དུ་ཡིན་པ་དེ་ཤེས་སུ་འཇུག་དགོས་པ་གལ་ཆེན་པོ་རེད། ” ཅེས་གསུངས་པ་ལྟར་རོ།།
གསུམ་པ། ངོ་བོ།
དགེ་རྩ་ཚོགས་པ་འདིའི་ངོ་བོ་ལ་ཕྱོགས་དུ་མ་ནས་བལྟས་ན།
༡ དགེ་རྩ་ཚོགས་པ་འདི་ནི་ཆོས་ཕྱོགས་ཁོ་ནའི་སྒྲིག་འཛུགས་ཤིག་ཡིན།
དགེ་རྩ་ཚོགས་པ་འདི་སྔ་མོའི་ཀིརྟིའི་བླ་བྲང་གི་རྒྱུན་ལས་བྱུང་བ་ཡིན་ནའང་། སྔ་མོའི་ཀིརྟིའི་བླ་བྲང་ལྟར་ཆོས་སྲིད་ཟུང་འབྲེལ་གྱི་སྒྲིག་འཛུགས་ཤིག་མིན་པར། ཆོས་ཕྱོགས་ཁོ་ནའི་སྒྲིག་འཛུགས་ཤིག་ཡིན། དེའང་ཀིརྟིའི་དགེ་རྩ་ཚོགས་པའི་རྩ་འཛིན་བཀའ་སློབ་ལས། ” (སྔར་ཀིརྟིའི་བླ་བྲང་གིས་)ཆབ་སྲིད་ཀྱི་ཐོག་ནས་ཕར་ཚུར་རོགས་རེས་བྱེད་རྒྱུ་དང་དམག་རྒྱག་རོགས་བྱེད་རྒྱུ་སོགས་ཆབ་སྲིད་སྐོར་གྱི་ལས་དོན་མང་པོ་ཞིག་ཡོད་པ་རྣམས་ད་ཕྱིན་ཆད་ང་ཚོར་དགོས་ཀྱི་མེད། ” ཅེས་དང་། ” ལྷ་སྡེ་ཟེར་བའི་(ལྷ་སྡེ་ཟེར་བ་ནི་དད་པ་དམ་ཚིག་གི་ཐོག་ནས་མཆོད་བཀུར་བྱེད་མཁན་ཏེ་ཆོས་ཕྱོགས་མ་གཏོགས་ཆབ་སྲིད་ཀྱི་འབྲེལ་བ་མེད་པས་མུ་མཐུད་མཉམ་འབྲེལ་བྱེད་ཆོག་ལ་བྱེད་དགོས་པ་ཞིག་ཀྱང་ཡིན།)མིང་གི་ཐོག་ནས་མ་གཏོགས་མི་སྡེ་ཟེར་བའི་མིང་དེ་ང་ཚོས་འདིའི་ནང་བེད་སྤྱོད་བྱེད་ཀྱི་མེད། མི་སྡེ་ཟེར་བ་དེ་ཆབ་སྲིད་དང་འབྲེལ་བ་ཡིན་དུས་མ་འོངས་པ་ནའང་ཡོང་ཐབས་ཡོད་པ་མ་རེད་ལ་ད་ལྟའི་ཆ་ལའང་ཡོང་ཐབས་མེད། དཔེར་ན། རྒྱ་མིའི་དབང་བསྒྱུར་གྱི་འོག་ལ་བསྡད་པ་ཡིན་ནའང་རྒྱ་གཞུང་གིས་རྫོང་ཁག་བཙུགས་ནས་ཆབ་སྲིད་ཀྱི་དབང་བསྒྱུར་ཡོངས་རྫོགས་རྒྱ་གཞུང་གི་ལས་བྱེད་པས་ས་གནས་སོ་སོར་དབང་བསྒྱུར་བྱེད་བཞིན་པ་རེད། གལ་སྲིད་བོད་རང་དབང་ལྟ་བུ་ཐོབ་པའི་དབང་དུ་བཏང་ནའང་བོད་གཞུང་གིས་མངའ་སྡེ་ཁག་དང་རྫོང་ཁག་ད་ལྟའི་འདི་བཞིན་བཙུགས་ནས། རྫོང་ལ་རྫོང་དཔོན་གཏང་གི་རེད་མ་གཏོགས་ཀིརྟི་ཚང་གི་གནའ་སྔ་མོའི་ཕྱོགས་གཏོགས་རེད་མ་རེད་ཟེར་ས་དེ་རྩ་བརླགས་ཕྱིན་ཚར་བ་ཞིག་རེད། མི་སྡེ་ཟེར་བ་དེ་ལོ་རྒྱུས་ཀྱི་ནང་གི་མིང་ཚིག་ཙམ་ཞིག་རེད་མ་གཏོགས་ད་ཆ་ང་ཚོར་དགོས་མཁོ་མེད། ” ཅེས་དང་། ” ཚོགས་པ་འདི་འདྲ་ཞིག་བཙུགས་ནས་ཀིརྟི་ཚང་ཟེར་བ་དེ་རྒྱ་ཆེན་པོ་བཟོ་རྒྱུ་དང། ཀིརྟི་ཚང་ཟེར་བའི་ཕྱོགས་དང་ཕྱོགས་གཏོགས་རྒྱ་བསྐྱེད་གཏོང་རྒྱུ། ཀིརྟི་ཚང་གི་སྒེར་གྱི་རྒྱུ་ནོར་གསོག་རྒྱུ། ཀིརྟི་ཚང་གིས་བོད་ཕྱི་ནང་གི་ཕྱོགས་རིས་དང་ཆབ་སྲིད་ཀྱི་འཐེན་འཁྱེར་སྣ་ཚོགས་པར་རྒྱབ་གནོན་བྱེད་རྒྱུ་ལྟ་བུ་སོགས་ནི་དངོས་ཤུགས་བརྒྱུད་གསུམ་ན་མེད། ” ཅེས་དང་། ཀིརྟིའི་དགེ་རྩ་ཚོགས་པའི་སྒྲིག་གཞིའི་དོན་ཚན་བརྒྱད་པར། ” སྒྲིག་འཛུགས་འདིའི་མིང་ཐོག་ནས་ཆབ་སྲིད་དང་སྲིད་དོན་ཚོགས་པ་ཆེ་ཆུང་སུ་ལའང་དངོས་ཤུགས་བརྒྱུད་གསུམ་ནས་ཆོས་ཕྱོགས་མིན་པའི་རོགས་རེས་བྱེད་མི་ཆོག་པར་མ་ཟད། སྲིད་དོན་ཚོགས་པ་དང་འདྲེས་མེད་ཐ་དད་དུ་གནས་དགོས། ” ཞེས་སོགས་གསུངས་ཤིང་། མདོར་ན། དགེ་རྩ་ཚོགས་པའི་སྒྲིག་གཞིའི་དོན་ཚན་དྲུག་པར། ” དངོས་ཤུགས་བརྒྱུད་གསུམ་ནས་ཆོས་ཕྱོགས་ཏེ་གཞན་ཕན་དགེེ་རྩ་དང་འབྲེལ་བའི་ལས་དོན་བྱེད་སའི་ཆོས་ཕྱོགས་ཁོ་ནའི་སྒྲིག་འཛུགས་ཤིག་ཡིན། ” ཞེས་གསུངས་པ་ལྟར། གཞན་ཕན་དགེ་རྩ་དང་འབྲེལ་བའི་ལས་དོན་ཁོ་ན་སྒྲུབ་པའི་ཆོས་ཕྱོགས་ཀྱི་ཚོགས་པ་ཞིག་ཡིན།
༢ དགེ་རྩ་ཚོགས་པ་འདི་ནི་སྒྲིག་འཛུགས་ཤིག་ཡིན་ཀྱང་ཆབ་སྲིད་ཀྱི་རྩ་འཛུགས་ཤིག་མིན།
གོང་དུ་དྲངས་པ་ལྟར་དགེ་རྩ་ཚོགས་པ་འདི་ནི་ཆོས་ཕྱོགས་ཁོ་ནའི་སྒྲིག་འཛུགས་ཤིག་ཡིན་གསུངས་པ་དེའི་སྒྲིག་འཛུགས་ཞེས་པའི་ཚིག་ལ་འགའ་ཞིག་གོ་ནོར་ཐེབས་ཏེ། དགེ་རྩ་ཚོགས་པ་འདི་ནི་ཆབ་སྲིད་ཀྱི་རང་བཞིན་ལྡན་པའི་རྩ་འཛུགས་ཤིག་ཏུ་ལོག་འགྲེལ་བྱེད་མཁན་ཡོད་ཚོད་འདུག་མོད་ཀྱང། སྒྲིག་འཛུགས་ཞེས་པ་ནི་སྒྲིགས་ལམ་དང་ལྡན་པའི་ཚོགས་པ་ཙམ་ལ་གོ་བ་ལས་དམིགས་བསལ་ཆབ་སྲིད་དང་འབྲེལ་བ་ཡོད་པ་ཞིག་གི་དོན་མིན་ཏེ། དཔེར་ན། དགོན་སྡེ་དང་སློབ་གྲྭ་སོགས་སུ་ཡོད་པའི་ལས་སྣེ་ལྷན་རྒྱས། ཕྱག་མཛོད་ལྷན་རྒྱས། འགན་འཛིན་ལྷན་ཚོགས། རྒྱུགས་ཞིབ་ཚོགས་ཆུང་ལྟ་བུ་སོགས་ནི་སྒྲིག་འཛུགས་རེ་ཡིན་ནའང་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པ་ལྟ་བུའོ།། ལར་ནས་དགེ་རྩ་ཚོགས་པ་འདི་དངོས་ཤུགས་བརྒྱུད་གསུམ་ནས་ཕྱི་ནང་གི་ཆབ་སྲིད་གང་དང་ཡང་འབྲེལ་བ་མེད་པ་གོང་དུ་བརྗོད་ཟིན་པ་ལྟར་རོ།།
༣ དགེ་རྩ་ཚོགས་པ་འདི་ནི་སྙིང་རྗེའི་ཐེབས་རྩ་ཚོགས་པ་ཞིག་ཡིན།
དགེ་རྩ་ཚོགས་པ་ཞེས་པའི་མིང་འདི་རྒྱ་ཡིག་ཏུ་བསྒྱུར་བའི་སྐབས་སུ་འགའ་ཞིག་གིས། 善根组织 ཞེས་དགེ་རྩའི་རྩ་འཛུགས་ཞེས་པ་ལྟ་བུའི་དོན་དུ་སྒྱུར་མཁན་ཡོད་ཚོད་འདུག་ནའང་། དེ་ནི་གོང་གི་འཁྲུལ་གཞི་དེ་ལ་བརྟེན་ནས་བྱུང་བའི་བསྒྱུར་ནོར་ཏེ། འདིའི་མིང་རྒྱ་ཡིག་ཏུ། 慈善基金会 ཞེས་འབྲི་བཞིན་པ་ལྟར་སྙིང་རྗེའམ་དགེ་བའི་ཐེབས་རྩ་ཚོགས་པ་ཞེས་པའི་དོན་ཡིན། དགེ་རྩ་ཞེས་པ་དགེ་བའི་རྩ་བ་ལ་གོ་བའི་སྐབས་ཡོད་ནའང། འདིར་ནི་དགེ་བའི་ཐེབས་རྩ་ལ་གོ་བ་དང་། ཚོགས་པའང་འདིར་མཉམ་འདུས་ཀྱི་དོན་ནོ།།
༤ དགེ་རྩ་ཚོགས་པ་འདི་ནི་རོགས་སྐྱོར་ཚོགས་པ་ཞིག་ཡིན།
ཀིརྟིའི་དགེ་རྩ་ཚོགས་པའི་སྒྲིག་གཞི་ལེའུ་གཉིས་པ་གཞི་རྩའི་འོས་འགན་སྐོར་དུ་འབྲེལ་ཡོད་མང་ཚོགས་ཀྱི་ཤེས་ཡོན་སོགས་ཀྱི་ཐོག་རོགས་སྐྱོར་གང་ཐུབ་གནང་དགོས་པའི་འོས་འགན་ཡོད་ཚུལ་འཁོད་ཡོད་པ་དང་། ལྷག་པར་ཀིརྟིའི་དགེ་རྩ་ཚོགས་པ་དབུ་བརྙེས་པའི་མཛད་སྒོའི་ཐོག་བསྩལ་པའི་བླང་དོར་བཀའ་སློབ་ལས། “་ང་ཚོའི་ངོས་ནས་རྒྱུན་དུ་མང་ཚོགས་ལ་ཕན་ཐོགས་ཡོད་པའི་ལས་ཀ་བྱེད་དགོས་དུས་གཞི་རྒྱ་ཆེ་ཆུང་ལ་མ་ལྟོས་པར་ད་ལྟ་ནས་འགོོ་འཛུགས་གནང་རྒྱུ་གལ་ཆེ་བས་ད་རེས་འདིར་མང་ཚོགས་ཀྱི་བདེ་དོན་ཆེད་འཆར་གཞི་ཁག་གསུམ་ཞུས་ན་བསམ་བྱུང་། ” ཞེས་ཤེས་ཡོན་དང། སྨན་བཅོས། རྒས་གཅོང་གསུམ་གྱི་ཆེད་རོགས་སྐྱོར་གྱི་མ་དངུལ་ཟུར་འཛུགས་མཛད་པ་ལྟར། དེ་ནས་བཟུང་ལོ་རེ་བཞིན་རོགས་སྐྱོར་སྡེ་ཚན་དེ་དག་གི་མ་དངུལ་ཇེ་མང་དུ་བཏང་སྟེ་མི་རིགས་དང་སེར་སྐྱ་ཕོ་མོ་སོགས་ཀྱི་དབྱེ་བ་མེད་པར་རོགས་སྐྱོར་གང་ཐུབ་གནང་དང་གནང་མུས་ཡིན།
༥ དགེ་རྩ་ཚོགས་པ་འདི་ནི་མང་གཙོའི་སྒྲིག་འཛུགས་ཤིག་ཡིན།
དགེ་རྩ་ཚོགས་པ་འདི་ནི་མང་གཙོའི་ཁྱད་ཆོས་ལྡན་པའི་ཚོགས་པ་ཞིག་སྟེ། ཀིརྟིའི་དགེ་རྩ་ཚོགས་པའི་རྩ་འཛིན་བཀའ་སློབ་ལས། ” མང་ཚོགས་ཀྱིས་དབང་འཛིན་དགོས་ཀྱི་རེད་མ་གཏོགས་མི་ཁ་ཤས་དང་། བླ་མ་གཅིག བླ་མའི་ཉེ་འབྲེལ་དང་ཞབས་ཕྱི་སོགས་མི་སྣ་འགའ་ཤས་ཀྱིས་དབང་བཟུང་ན་འགྲིག་གི་མ་རེད། མང་ཚོགས་ཀྱིས་དབང་ཇི་ལྟར་འཛིན་དགོས་རེད་ཅེ་ན་མང་ཚོགས་ནས་བདམས་པའི་འཐུས་མིའི་ཚོགས་པ་ཞིག་བཟོ་རྒྱུ་དང་། འཐུས་མིའི་ཚོགས་པ་དེའི་ཐོག་ནས་ཀིརྟིའི་དགེ་རྩ་ཚོགས་པའི་དབང་འཛིན་དགོས། ” ཞེས་གསུངས་པ་ལྟར་མང་ཚོགས་ཀྱི་འཐུས་མིའི་ཚོགས་པ་ཆེ་ཤོས་ཚོགས་འདུ་ཆེན་མོ་དང་དེ་ལས་ཅུང་བསྡུས་པ་འགན་འཛིན་གྲོས་ཚོགས་གཉིས་ཀྱིས་རྩ་བའི་དབང་བཟུང་ཞིང་། འཐུས་ཚོགས་དེ་གཉིས་ཀྱིས་འོས་འདེམས་བྱས་པའི་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ཀྱིས་ཀིརྟིའི་དགེ་རྩ་ཚོགས་པའི་འཛིན་སྐྱོང་གི་ལས་དོན་ཐམས་ཅད་ལག་བསྟར་གྱི་འགན་དབང་བཞེས་བཞིན་ཡོད། འཐུས་མི་དང་རྒྱུན་ལས་རྣམས་ཀྱིས་ལས་དོན་ཆེ་ཕྲ་མཐའ་དག་མང་གཙོའི་ལམ་ལུགས་དང་མཐུན་པར་སྤྱི་མོས་སམ་མང་མོས་ཀྱི་ལམ་ནས་ཐག་གཅོད་གནང་གི་ཡོད་ལ། འཛིན་སྐྱོང་གི་འགན་དབང་བཞེས་མཁན་རྣམས་ཀྱིས་མང་ཚོགས་ལ་འགན་ཁྱེར་བའི་སྒོ་ནས་ལས་དོན་སྒྲུབ་བཞིན་ཡོད། འོན་ཀྱང་དགེ་རྩ་ཚོགས་པ་འདིའི་དབང་ཆ་ཡོངས་རྫོགས་མང་ཚོགས་ཁོ་ན་ལ་དབང་བའང་མིན་ཏེ། ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་དང་པོའི་འགན་འཛིན་གྲོས་ཚོགས་ཐེངས་གཉིས་པའི་ཐོག་བསྩལ་པའི་ལམ་སྟོན་བཀའ་སློབ་ལས། ” ཀིརྟིའི་དགེ་རྩ་ཚོགས་པ་འདི་མང་གཙོ་ཡིན་པ་གང་ཞིག་ལ་མང་གཙོ་གཞན་དག་དང་ཅུང་མ་འདྲ་བའི་ཁྱད་ཆོས་ལྡན་པ་ཞིག་ཏུ་གྱུར་ཡོད། དེང་སང་ཡོངས་གྲགས་སུ་བཤད་པའི་མང་གཙོ་ཡིན་ན་བདག་པོ་ཡོངས་རྫོགས་མང་ཚོགས་རེད་མ་གཏོགས། དེའི་ཐོག་ལ་བདག་པོ་འདི་རེད་ཅེས་གང་ཟག་སྒེར་པ་ཞིག་ངོས་འཛིན་བྱ་རྒྱུ་མེད། ཡིན་ནའང་ཀིརྟིའི་དགེ་རྩ་ཚོགས་པ་འདི་བླ་མ་ཞིག་གི་བླ་བྲང་གི་ལོ་རྒྱུས་དང་འབྲེལ་ནས་བྱུང་བ་ཡིན་དུས། མང་གཙོ་ཡིན་པ་གང་ཞིག་ལ་གང་ཟག་སྒེར་པ་ཞིག་དང་དམིགས་བསལ་གྱི་འབྲེལ་བ་ཞིག་རང་བཞིན་གྱིས་ཆགས་ཡོད། ཀིརྟིའི་དགེ་རྩ་ཚོགས་པ་འདི་བླ་མ་དང་མང་ཚོགས་གཉིས་ཆ་ལ་དབང་ཤུགས་དམིགས་བསལ་ཅན་རེ་ཡོད་པའི་ཁྱད་ཆོས་ལྡན་པ་ཞིག་རེད་བསམ། ” ཞེས་དང་། ཀིརྟིའི་དགེ་རྩ་ཚོགས་པའི་གཞན་ཕན་ཞི་བདེའི་ཚོགས་ཁང་སྒོ་དབྱེའི་མཛད་སྒོའི་ཐོག་བསྩལ་པའི་བཀའ་སློབ་ལས། ” དགེ་རྩ་ཚོགས་པ་འདི་ཀིརྟི་ཚང་གི་སྒེར་གྱི་ཚོགས་པ་ཞིག་རེད། དགེ་རྩ་ཚོགས་པ་དང་ང་གཉིས་ངོ་བོ་དབྱེར་མེད་ཡིན་དུས་དགེ་རྩ་ཚོགས་པའི་ལས་དོན་གྱི་ཁ་ཕྱོགས་སྤྱི་ཡོངས་ཀྱི་ཆ་ནས་རྒྱ་ཆེ་ས་ཞིག་གི་ཐོག་ལ་འགྲོ་ཐུབ་པ་ཞིག་བྱ་དགོས། ” ཞེས་གསུངས། དོན་གྱི་དབང་འདི་ལ་བརྟེན་ནས། དགེ་རྩ་ཚོགས་པའི་སྒྲིག་གཞིའི་དོན་ཚན་གསུམ་པར། ” ཀིརྟིའི་དགེ་རྩ་ཚོགས་པའི་བླ་ན་མེད་པའི་དབུ་ཁྲིད་ཀྱི་མཚན་གནས་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་ལ་ཡོད་པར་ནམ་ཡང་འགྱུར་བ་མེད། “ཅེས་གསུངས། འོན་ཀྱང་སྒྲིག་གཞིའི་དོན་ཚན་གོ་བདུན་པར། ” ཀིརྟི་ཚང་གི་སློབ་བརྒྱུད་སེར་སྐྱ་མང་ཚོགས་ལ་མང་མོས་འོས་བསྡུའི་ལམ་ནས་འོས་ཤོག་གི་རྩ་འབོར་གྱི་བརྒྱ་ཆ་བརྒྱད་ཅུ་ལྷག་གི་འོས་ཤོག་ཐོབ་པའི་སྒོ་ནས་ལས་དོན་གང་ཞིག་ཐག་གཅོད་བྱས་ན། འདི་ནི་ཀིརྟི་ཚང་གི་དམངས་གཙོའི་ནུས་ཤུགས་ཆེ་ཤོས་བླ་ན་མེད་པ་དེ་ཡིན་པས་ཀིརྟིའི་དགེ་རྩ་ཚོགས་པ་མི་དགོས་པར་བཟོ་ནའང་བཟོ་ཆོག་པའི་དབང་ཚད་ཡོད། ” ཅེས་དང་། སྒྲིག་གཞིའི་དོན་ཚན་རེ་གཉིས་པར། ” མང་མོས་འོས་བསྡུ་ཆེན་མོའི་ཐག་གཅོད་གྲུབ་འབྲས་བཟང་ངན་གང་བྱུང་ལ་རྩོད་པ་མེད་པར་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་ནས་བཟུང་ཀིརྟི་ཚང་གི་སློབ་བརྒྱུད་སྤྱི་སྒེར་ཐམས་ཅད་ནས་བརྩི་བཀུར་གྱིས་ཁས་ལེན་ཞུ་དགོས་པ་སྒྲིག་གཞིས་གཏན་ལ་ཕབ་པའི་འགན་དབང་ཡིན། ” ཞེས་གསུངས་པ་ལྟར་མཐར་ཐུག་གི་དབང་ཚད་མི་མང་གི་ཕྱག་ཏུ་ཕུལ་གནང་ཡོད།
༦ དགེ་རྩ་ཚོགས་པ་འདི་ནི་མང་ཚོགས་ཀྱི་སྒྲིག་འཛུགས་ཤིག་ཡིན།
དགེ་རྩ་ཚོགས་པ་འདི་ནི་མང་ཚོགས་ཀྱི་སྒྲིག་འཛུགས་ཤིག་ཡིན་ཞིང་། འདི་ལ་མང་ཚོགས་ཀྱིས་མཉམ་རུབ་དང་མཁྱེན་རྟོགས་ཡོད་དགོས། དེའང་ཀིརྟིའི་དགེ་རྩ་ཚོགས་པ་དབུ་བརྙེས་པའི་མཛད་སྒོའི་ཐོག་བསྩལ་པའི་བླང་དོར་བཀའ་སློབ་ལས། ” ཀིརྟིའི་དགེ་རྩ་ཚོགས་པའམ་ཀིརྟི་ཚང་ཞེས་པ་འདི་ཆུང་ཆུང་ཞིག་རེད་བསམ་གྱི་མེད། ཀིརྟི་ཚང་དང་འབྲེལ་བ་ཡོད་པའི་སེར་སྐྱ་མི་མང་ཡོངས་རྫོགས་ཀྱིས་འབྲེལ་བ་བྱེད་ས་དང་གྲོགས་པོ་གྲོགས་མཆེད་ལྟར་མཉམ་མཐུན་གྱིས་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཆེད་ལས་དོན་བསྒྲུབ་སའི་སྒྲིག་འཛུགས་ཤིག་ཡིན་དགོས། ” ཞེས་དང་། ” བོད་ནང་གི་འབྲེལ་ཡོད་བླ་སྤྲུལ་དགེ་བཤེས། མཁན་པོ་མཁན་ཟུར། གྲྭ་བཙུན་སྔགས་གསུམ། མཆོད་ཡོན་སྦྱིན་བདག་སོགས་ཤོག་ཀ་མང་པོ་ཡོད་པ་ཡོངས་རྫོགས་ཀྱིས་ཚོགས་པ་འདི་ལ་ལྟ་བ་དང་ཚོགས་པ་འདིའི་ནང་ལ་ཆ་ཤས་ལེན་རྒྱུ་ནི་གལ་ཆེན་པོ་རེད།༌༌༌༌༌༌༌༌༌༌ཚོགས་པ་འདིའི་ལས་དོན་བྱེད་ཕྱོགས་ལ་དགོངས་པ་བཞེས་ཏེ་མཉམ་རུབ་བྱེད་རྒྱུ་དེ་གལ་ཆེ་ཤོས་རེད། ” ཅེས་དང། ༢༠༠༨ ལོར་བོད་ནས་བརྟན་བཞུགས་འབུལ་ཆེད་ཕེབས་པའི་མང་ཚོགས་ལ་བསྩལ་པའི་བཀའ་སློབ་ལས། ” དགེ་རྩ་ཚོགས་པ་འདིས་སྤྱི་དོན་ལེགས་པོ་ཞིག་སྒྲུབ་ཐུབ་དགོས་ན་མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་དགོས། མང་ཚོགས་ཀྱི་རྒྱབ་སྐྱོར་མེད་ན་ལས་དོན་གང་ཡང་འགྲུབ་ཀྱི་མ་རེད། ༌༌༌༌༌༌༌༌༌མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་ན་ང་ཚོས་ལས་དོན་གང་འདྲ་ཞིག་ཡིན་ནའང་བྱེད་ཐུབ་ཀྱི་ཡོད། ” ཅེས་དང་། ཀིརྟིའི་དགེ་རྩ་ཚོགས་པའི་གཞན་ཕན་ཞི་བདེའི་ཚོགས་ཁང་སྒོ་དབྱེའི་མཛད་སྒོའི་ཐོག་བསྩལ་པའི་བཀའ་སློབ་ལས། ” ཀིརྟིའི་དགེ་རྩ་ཚོགས་པ་འདི་ང་ཚོ་དང་འབྲེལ་ཡོད་ཕ་ཡུལ་གྱི་མི་མང་སྟོང་ཕྲག་མང་པོའི་བདེ་སྡུག་གི་ཆེད་དུ་བཙུགས་པའི་ཚོགས་པ་ཞིག་ཡིན་དུས། གང་གི་ཆེད་དུ་འཛུགས་སའི་མང་ཚོགས་ཀྱིས་ཀིརྟིའི་དགེ་རྩ་ཚོགས་པའི་དམིགས་ཡུལ་དང་། ལས་དོན་བྱེད་ཕྱོགས། སྒྲིག་འཛུགས་ཀྱི་རང་བཞིན་བཅས་གསལ་པོར་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད། ” ཅེས་གསུངས་པ་ལྟར་རོ།།
༧ དགེ་རྩ་ཚོགས་པ་འདི་ནི་འབྲེལ་ཟམ་དང་སྡིངས་ཆ་ཞིག་ཡིན།
ཀིརྟིའི་དགེ་རྩ་ཚོགས་པའི་རྩ་འཛིན་བཀའ་སློབ་ལས། ” ཚོགས་པ་འདི་ཀིརྟི་ཚང་དང་མང་ཚོགས་བར་འབྲེལ་བ་བྱེད་སའི་ཟམ་པ་ལྟ་བུ་ཞིག་རེད། ང་དང་མང་ཚོགས་བར་གྱི་འབྲེལ་བ་དེ་ཚོགས་པ་འདི་བརྒྱུད་ནས་འགྲོ་དགོས། ” ཞེས་དང་། ” ཀིརྟི་ཚང་འབྲེལ་ཡོད་མང་ཚོགས་ལ་དགོས་པའི་རིང་ལ་ཚོགས་པ་འདི་གནས་ཐུབ་པའི་ཐབས་ཤེས་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཀིརྟི་ཚང་གི་ཆོས་ཕྱོགས་ཀྱི་ཕྱག་ལས་ག་རེ་གནང་རྒྱུ་ཡོད་པ་དེའང་འདི་བརྒྱུད་ནས་སྔར་ལས་ཀྱང་ལྷག་པའི་ཡར་རྒྱས་ཡོང་བ། བསྟན་པའི་ཞབས་འདེགས་ལ་སྔར་ལས་ལྷག་པའི་ནུས་པ་འདོན་ཐུབ་མཁན་ཞིག་རིམ་པས་ཡོང་ཐུབ་པའི་ཐབས་ལ་ང་ཚོས་ཤུགས་རྒྱག་དགོས། ང་ཚོ་ཀུན་ལ་དེའི་འགན་ཡོད། ” ཅེས་དང་། ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་གསུམ་པའི་འགན་འཛིན་གྲོས་ཚོགས་ཐེངས་དང་པོའི་ཐོག་བསྩལ་པའི་ལམ་སྟོན་གསུང་བཤད་ལས། ” རྩ་བའི་དགེ་རྩ་ཚོགས་པ་ཟེར་བ་ནི། ལོ་བརྒྱ་ཕྲག་མང་པོའི་རིང་མང་ཚོགས་ཀྱི་དད་པའི་བག་ཆགས་གཏིང་ཟབ་ཀྱིས་བསྐྲུན་པའི་ཀིརྟི་ཚང་གི་ནུས་པ་ཞིག་ཡོད་པ་དེ་མང་ཚོགས་ཀྱི་བདེ་དོན་གྱི་ཆེད་དུ་བེད་སྤྱོད་གཏོང་སའི་སྡིངས་ཆ་ལྟ་བུ་རེད། དེ་བཞིན་ཀིརྟི་ཚང་ལ་མང་ཚོགས་ཀྱིས་དད་པས་ཕུལ་བའི་དད་རྫས་གང་འཚམས་ཡོང་གི་ཡོད་པ་དེ་དག་སྤྱི་པའི་ཕན་བདེའི་དོན་དུ་བེད་སྤྱོད་མ་ནོར་བར་གཏོང་བ་དང་། ངས་མང་ཚོགས་ཀྱི་འདི་ཕྱི་གཉིས་ཀའི་ཕན་བདེའི་ཆེད་དུ་ལས་ཀ་བྱེད་དགོས་པ་བཅས། མདོར་ན། ངའི་ཀིརྟི་ཚང་གི་མིང་དང་། ནུས་པ། རྒྱུ་དངོས་ཡོངས་རྫོགས་མང་ཚོགས་ཀྱི་ཕན་བདེའི་དོན་དུ་བེད་སྤྱོད་འཐུས་ཤོར་མེད་པར་གཏོང་རྒྱུ་འདི་དགེ་རྩ་ཚོགས་པའི་ལས་འགན་རེད། ” ཅེས་གསུངས།
༨ དགེ་རྩ་ཚོགས་པ་འདི་ནི་རང་དབང་གི་ཚོགས་པ་ཞིག་ཡིན།
ཚོགས་པ་འདིའི་ཁོངས་སུ་འཛུལ་དང་མི་འཛུལ། འདིའི་ཁོངས་ནས་ཐོན་དང་མི་ཐོན་སོགས་ནི་རང་གཞན་སུ་ཡིན་ཡང་དོ་བདག་སོ་སོའི་རང་དབང་ཡིན་ཏེ། ཀིརྟིའི་དགེ་རྩ་ཚོགས་པའི་སྒྲིག་གཞིའི་དོན་ཚན་བཅུ་པར། ” ཀིརྟི་ཚང་དང་ཐུན་མོང་མ་ཡིན་པའི་འབྲེལ་ཡོད་དགོན་སྡེ་ཐམས་ཅད་དང་ལྷ་སྡེ་སུ་ཡིན་ཀྱང་རུང་སྒྲིག་གཞི་འདིའི་ཁྱབ་ཁོངས་སུ་གནས་དང་མི་གནས་ཀྱི་དབང་ཚད་ནི་སྡེ་ཚན་སོ་སོར་ཡོད། ” ཅེས་དང། ཀིརྟིའི་དགེ་རྩ་ཚོགས་པ་དབུ་བརྙེས་པའི་མཛད་སྒོའི་ཐོག་བསྩལ་པའི་བླང་དོར་བཀའ་སློབ་ལས། ” ཀིརྟི་ཚང་གི་དགོན་མ་ལག་རྣམས་འདིའི་ནང་ལ་ཡོང་ན་ཆོག་པར་མ་ཟད། ཚོགས་པ་འདིའི་ནང་བསྡད་མ་འདོད་ཚེ་ཕྱིར་འཐེན་བརྒྱབ་ནའང་བརྒྱབ་ཆོག་པ། དགོན་ལག་མ་ཡིན་པ་ཞིག་ཡིན་ནའང་འདིའི་ནང་ལ་ཡོང་ཆོག་པ། ཀིརྟི་ཚང་གི་ལྷ་སྡེ་ཞིག་ཡིན་ནའང་འདིའི་ནང་ལ་བསྡད་འདོད་ན་བསྡད་ཆོག་ལ། འདིའི་ནང་ལ་བསྡད་འདོད་མེད་ཚེ་ཕྱི་ལ་ཐོན་ནའང་ཐོན་ཆོག་པ། ལྷ་སྡེ་མ་ཡིན་པ་ཞིག་ཡིན་ནའང་སོ་སོ་ལ་ཁེ་ཕན་ཞིག་ཡོད་ན་འདིའི་ནང་ལ་ཡོང་ཆོག་པ་ལྟ་བུའི་གུ་ཡངས་པོ་ཞིག་གི་ཐོག་ནས་མཉམ་རུབ་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་སེམས་ཅན་གྱི་བདེ་སྐྱིད་ལ་ཕན་པའི་ལས་ཀ་བྱེད་རྒྱུ་དེ་རེད་མ་གཏོགས། ཀིརྟི་ཚང་ཞེས་རྡོག་རྡོག་བཟོ་བ་དང་། རང་ཕྱོགས་དང་གཞན་ཕྱོགས། ཕྱོགས་དང་ཕྱོགས་གཏོགས་བྱས་ཏེ་འཐེན་འཁྱེར་བྱེད་པའི་ངོ་བོར་ནམ་ཡང་འགྲོ་མི་ཆོག ཆོས་ལུགས་ཀྱི་དབྱེ་བ་མེད་པར་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པ་སུ་ཡིན་ནའང་འདིར་ཡོང་ཆོག་པ་ཞིག་ཡིན།” ཞེས་གསུངས།
བཞི་པ། ལས་འགན།
ཚོགས་པ་འདིའི་ལས་འགན་ནི། ཀིརྟིའི་དགེ་རྩ་ཚོགས་པའི་སྒྲིག་གཞི་ལེའུ་གཉིས་པའི་ནང་གསལ་ལྟར། ༡ ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་མཛད་འཕྲིན་དང་མཚན་སྙན་སྲུང་སྐྱོབ་བྱེད་རྒྱུ། ༢ ཀིརྟི་ཚང་དང་ཐུན་མོང་མ་ཡིན་པའི་འབྲེལ་ཡོད་དགོན་སྡེ་ཁག་གི་འཆད་ཉན་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་མི་ཉམས་གོང་སྤེལ་དང་འཚོ་གོས་གནས་མལ་གྱི་མཐུན་རྐྱེན་སྦྱོར་རྒྱུ། ༣ འབྲེལ་ཡོད་དགོན་སྡེ་ཁག་གི་འཛིན་སྐྱོང་ལམ་ལུགས་ལ་དུས་བསྟུན་བསྒྱུར་བཅོས་ཀྱི་ལམ་སྟོན་དང་ཐབས་ལམ་འཚོལ་རྒྱུ། ༤ ཀིརྟི་ཚང་གི་བླ་སྤྲུལ་དགེ་འདུན་ཐམས་ཅད་གཞུང་ཆེན་མོར་ཐོས་བསམ་སྒོམ་གསུམ་གནང་མཁན་དང་། ཡང་ན་སྤྱི་ཚོགས་ཞབས་ཞུ་ཞུ་མཁན་དུ་སྐྱེད་སྲིང་གནང་རྒྱུ། ༥ ཆོས་ཕྱོགས་དང་འབྲེལ་བའི་སྲོལ་རྒྱུན་བཟོ་རིག་ལག་རྩལ་ཁག་མི་ཉམས་རྒྱུན་འཛིན་ཐུབ་ཐབས་ལ་འབད་རྒྱུ། ༦ བོད་ཀྱི་སྲོལ་རྒྱུན་སྨན་རྩིས་ཀྱི་ལག་ལེན་རྒྱུན་འཛིན་ཆེད་མཐུན་རྐྱེན་སྦྱོར་རྒྱུ། ༧ འབྲེལ་ཡོད་ལྷ་སྡེ་ཁག་གི་བདེ་སྡུག་སྤྱི་དང། ལྷག་པར་རྒས་གཅོང་དང་། ནད་མནར། འཚོ་ཐབས་ཞན་པ་སོགས་ལ་རོགས་སྐྱོར་གནང་རྒྱུ། ༨ འབྲེལ་ཡོད་དགོན་སྡེ་ཁག་གི་དགེ་འདུན་པ་གཞོན་སྐྱེས་གང་ཡོད་ཤེས་སྤྱོད་གཉིས་ལྡན་དུ་འགྱུར་བའི་ཐབས་ལ་འབད་རྒྱུ། ༩ འབྲེལ་ཡོད་ལྷ་སྡེ་ཁག་ཡ་རབས་སྤྱོད་བཟང་ཅན་བླ་མའི་ལྷ་སྡེ་མིང་དོན་མཚུངས་པ་ཞིག་ཡོང་ཐབས་ལ་འབད་རྒྱུ། ༡༠ འབྲེལ་ཡོད་ལྷ་སྡེའི་གཞོན་སྐྱེས་རྣམས་ཀྱི་ཡིག་རྨོངས་སེལ་ཞིང་བོད་ཀྱི་སྐད་ཡིག་རིག་གནས་ལ་སློབ་སྦྱོང་ཐུབ་ཆེད་རོགས་རམ་གནང་རྒྱུ། ༡༡ འབྲེལ་ཡོད་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་སོགས་གོ་སྒྲིག་གིས་ཆོས་ཕྱོགས་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ། ༡༢ འཛམ་གླིང་ཞི་བདེའི་ལས་འགུལ་སྤྱི་དང་། ལྷག་པར་ནང་ཆོས་དང་ཚན་རིག་མཉམ་བསྐྱོད་ཐུབ་ཐབས་ཀྱི་ལས་འགུལ་ལ་རོགས་སྐྱོར་གནང་དགོས་པ་བཅས་ནི་ཀིརྟིའི་དགེ་རྩ་ཚོགས་པའི་གཞི་རྩའི་འོས་འགན་ཡིན། མདོར་བསྡུས་ན་གོང་དུ་དོན་ཚན་གསུམ་པའི་ནང་དུ་དྲངས་པ། ” མདོར་ན། ངའི་ཀིརྟི་ཚང་གི་མིང་དང་། ནུས་པ། རྒྱུ་དངོས་ཡོངས་རྫོགས་མང་ཚོགས་ཀྱི་ཕན་བདེའི་དོན་དུ་བེད་སྤྱོད་འཐུས་ཤོར་མེད་པར་གཏོང་རྒྱུ་འདི་དགེ་རྩ་ཚོགས་པའི་ལས་འགན་རེད། ” ཅེས་གསུངས་པ་ལྟར་རོ།།
ལྔ་པ། སྒྲིག་འཛུགས།
ཀིརྟིའི་དགེ་རྩ་ཚོགས་པ་འདི་འཛིན་སྐྱོང་གནང་སྟངས་ནི་དེང་དུས་ཀྱི་མང་གཙོའི་འགྲོ་ལུགས་དང་མཐུན་པའི་སྒྲིག་འཛུགས་ཤིག་གི་སྒོ་ནས་འཛིན་སྐྱོང་གནང་གི་ཡོད། སྒྲིག་འཛུགས་ཀྱི་སྒྲོམ་གཞི་རོབ་ཙམ་ནི། ༡ ཀིརྟིའི་དགེ་རྩ་ཚོགས་པའི་བླ་ན་མེད་པའི་དབུ་ཁྲིད། ༢ ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་འདུ་ཆེན་མོ། ༣ ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས། ༤ ཀིརྟིའི་དགེ་རྩ་ཚོགས་པའི་ལག་བསྟར་དབུ་ཁྲིད། ༥ ཀིརྟིའི་དགེ་རྩ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་སོགས་སྒྲིག་འཛུགས་ཀྱི་རིམ་པ་ཆ་ཚང་ཞིག་ཡོད་ལ། དེ་དག་གི་འགྲོ་སྟངས་རྒྱས་པ་༧ཁོང་རིན་པོ་ཆེས་མཛད་པའི་ཀིརྟིའི་དགེ་རྩ་ཚོགས་པའི་སྒྲིག་གཞི་ཞེས་བྱ་བ་ལས་མཁྱེན་པར་འཚལ་ལོ།།
འདི་ནི་སྐད་ཚོམས་ཤིག་ཏུ་གཏམ་གླེང་ཆེད། འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༣ ལ་བྲིས།