སྐྱོ་བྲག་དགའ་དབང་།
ང་ནི་གྲ་སྒྲིག་པ་ཡིན་པའི་ཁུལ་གྱིས། ཨོ་རྒྱན་ཆེན་པོས་སྦས་གནས་སུ་བྱིན་གྱིས་བརླབས་པ། ཡུལ་འབྲས་མོ་ལྗོངས་ཀྱི་དབུས་འགྱུར་འཆང་། གདན་ས་ར་ལང་དཔལ་ཆེན་ཆོས་གླིང་ནས། སྤྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༧ ཉིན་རླངས་འཁོར་ནང་ཐེག་སྟེ། རྒྱ་གར་གྱི་ཐང་ཆེན་པོའི་ཚུར་མཐའ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕར་མཐའ། རི་ཐང་ཟད་པའི་འཕྲད་མཚམས་སུ་ཁེལ་བ། ས་མིང་ཤྲི་གུ་རུ་བྱ་བར། གདན་ས་རུམ་བཏེག་གྲྭ་ཚང་གི་ཁང་པ་ཡོད་པ་ལ་བསྡད་ཅིང་། སྤྱི་ཚེས་ ༢༩ ཉིན་རྒྱ་བལ་གྱི་ས་མཚམས་ཀཱངྐ་ཌ་བྷིཊྚཱ་བྱ་བ་བརྒལ་ནས། མཁའ་ལམ་བརྒྱུད་བལ་པོའི་རྒྱལ་ས་ཡམ་བུའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་རྒྱབ་ལོགས་སུ་ཡོད་པ། གནས་ནང་དཔའ་བོ་རིན་པོ་ཆེའི་དགོན་པ་སྡོད་གནས་སུ་བྱས་ཏེ། ཙུམ་ནས་ཡིན་པའི་སྣེ་ཤན་པ་ཟླ་བ་རྒྱལ་མཚན་ལ་འབྲེལ་གཏུག་བྱས་ནའང་། གནམ་གྲུའི་གླ་ཆ་ཆེ་ཐག་ཆོད་དགོས་རབས་ལབ་ཡོང་གི་གདའ་བས། བན་ཆེན་ཕྱག་མཛོད་
བཀྲ་ཤིས་འོད་ཟེར་ལ་རོགས་པ་གནང་བར་ཞུས་པ་ཡིན།
ཁོང་གིས། ང་ཚོའི་དགོན་པ་ལ་ཙུམ་ནས་ཡིན་པའི་གྲྭ་པ་དང་གྲྭ་ཟུར་མང་པོ་ཡོད་པས་ན་ལས་སླ་བོ་རེད། ཡར་མར་གྱི་གནམ་གྲུ་དང་ཟས་གོས་གནས་མལ་ཆ་ཚང་གི་གྲ་སྒྲིག་བྱ་ཆོག་གསུངས། ངས་ཡར་མར་གྱི་གནམ་གྲུའི་གླ་ཆ་ནི། ངོ་ཤེས་རྒྱ་མོ་ཞིག་གིས་གཏོང་གི་ཡོད་པས་ན། དགོན་པའི་ངོས་ནས་གནང་དགོས་པ་གཏན་ནས་མི་གདའ། ཞེས་ཞུས་པ་ཡིན། ཁོང་གིས། ཙུམ་ནས་ཡིན་པའི་གྲྭ་ཟུར་བསམ་གཏན་ཕུན་ཚོགས་ལ་རོགས་རམ་དགོས་པ་གང་ཡོད་ཐམས་ཅད་གྲུབ་པ་ཞིག་བྱ་དགོས་པའི་མངག་ཆ་ནན་མོ་མཛད་གདའ་འོ། །
མཁན་པོ་དཔའ་བརྟན་སོགས་ཁོང་རྣམ་པ་ནི། ས་ཆེན་གོ་ལའི་གླིང་སྣེ་གསུམ་པར་གྲགས་པ། མཐོ་སྒང་གངས་ཅན་བོད་ཀྱི་ཡུལ་ནས། གནམ་གྲུའི་ནང་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་ལ་བྱོན་ཏེ། སྤྱི་ཟླ་ ༡༠ ཚེས་ ༥ ཡི་ཉིན་གུང་བལ་པོའི་རྒྱལ་ས་ཡམ་བུའི་རྒྱལ་སྤྱིའི་གནམ་ཐང་ལ་འབྱོར་གྱི་ཡོད་པ་བཞིན། ང་རང་ཕེབས་བསུར་བཅར་བ་ཙམ་ལས། རླངས་འཁོར་ནི། མཁན་པོ་དཔའ་བརྟན་གྱི་ཉེ་འབྲེལ་ཡིན་པ། གཞལ་པ་བསྟན་འཛིན་རིན་པོ་ཆེའི་ཕེབས་འཁོར་བཏང་གནང་ཤག །
ཁོང་རྣམ་པ་གནམ་ཐང་གི་སྒོར་དོན་སོང་བ་ན། མཁན་པོ་དཔའ་བརྟན་གྱིས་ཁྲིད་ཡོང་བའི་རོགས་པ་ནི། དགའ་འདྲིས་ཤིན་ཏུ་ཆེ་བའི་སྒྲུབ་བརྩོན་བླ་མ་འཇམ་དབྱངས་དོན་གྲུབ་ཡིན་པ་ད་གཟོད་ཤེས་ཤིང་། ང་ཚོས་བོད་ཀྱི་ལུགས་སྲོལ་རྙིང་པ་ཕན་ཚུན་ཐོད་པ་གཏུག་རེས་ཀྱིས་སྐད་ཆ་བྱས་པ་ན། ཁོ་བོ་ནི། ལྷ་རྩེའི་ཁུ་བྱུག་དང་ཁ་བྲལ་ནས་མྱི་ལོ་ཉི་ཤུ། མཁན་པོ་དཔའ་བརྟན་དང་མ་ཐུག་ནས་མྱི་ལོ་བཅུ། འཇམ་དབྱངས་དོན་གྲུབ་དང་མ་ཐུག་ནས་མྱི་ལོ་བརྒྱད་ཕྱིན་གདའ་བས། ང་ཚོ་ཚང་མ་སྙིང་ཉེའི་གྲོགས་པོ་ཞིག་གཤིན་ཡུལ་ནས་སླར་ལྡོག་སྟེ་ཐུག་པ་འདྲ་བའི་དགའ་ཚོར་བྱུང་ངོ་། །
ཁོང་རྣམ་པའི་བཞུགས་གནས་ནི། གཞལ་པ་རིན་པོ་ཆེའི་དགོན་པའི་མགྲོན་ཁང་ལ་བྱས་ཤིང་། རིན་པོ་ཆེའི་ཕེབས་འཁོར་གྱིས། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་དང་། འཕགས་པ་ཤིང་ཀུན། སྟག་མོ་ལུས་སྦྱིན་ཏེ་མཆོད་རྟེན་རྣམ་གསུམ་དུ་གྲགས་པ་རྣམས་མཇལ་སྐོར་དང་། གུ་རུ་པདྨ་སམྦྷ་ཝའི་སྒྲུབ་གནས་གྲགས་ཅན་ཨ་སུ་ར་ཡི་བྲག་ཕུག་དང་། བལ་ཡུལ་ཡང་ལེ་ཤོད་ཀྱི་སྒྲུབ་ཕུག་དག་ཀྱང་མཇལ་ཞིང། སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་བླ་མ་བལ་པོ་ཕམ་ཐིང་པའི་གདན་ས་ཡིན་པར་གྲགས་པའི་ལྷ་ཁང་གི་ཡང་ཐོག་ཏུ། ཡི་དམ་རྡོ་རྗེ་ཕག་མོའི་སྐུ་བརྙན་མྱི་ཚད་ལས་ཆུང་ཙམ་པ་ཆེས་རྙིང་ཉམས་དོད་པ་ཞིག་འདུག་པ་མཇལ་སྐབས། གནའ་རབས་འཕགས་ཡུལ་ནས་དར་བའི་གསང་སྔགས་ཀྱི་ཉམས་ལེན་རྒྱུན་ཆད་མྱོང་མེད་པའི་བལ་པོའི་མྱི་རིགས་མང་ཆེ་བ་བུད་མེད་ཡིན་པ་བཅུ་ཕྲག་ལྷག་ཙམ་ཞིག་གིས། ཕག་མོའི་ཚོགས་འཁོར་སྐོར་བའི་ཚོགས་རྫས་དག་བཟའ་བཞིན་འདུག་པར། ང་ཚོ་ལ་ཡང་དགོས་པའི་བརྡ་བྱས་པས། ཨ་མ་དར་ཡོལ་རྒྱགས་པ་ཉམས་ཅན་ཞིག་གི་མཛུབ་སྟོན་བཞིན། གཞོན་ནུ་མ་ལང་ཚོ་དར་ལ་བབ་པ་ཞིག་གིས། ཁོ་ཚོ་དང་གཅིག་མཚུངས་ཀྱི་ཚོགས་སྐལ་བྱིན་བྱུང་བ་ལ་དགའ་གུས་དད་པས་རོལ་ཏེ། ཕག་མོའི་རྒྱུན་ཁྱེར་སོགས་ཀྱི་གསོལ་འདེབས་སྨོན་ལམ་བྱས་པ་ཡིན་ནོ། །
ཀོ་ཀོ་ཏཱ་ར་དང། མོ་རང་གི་སློབ་མ་རྒྱ་མོ་ཅོན་ཀུའེ་གཉིས་ནི། (Chenng Kwai) ཤར་ཕྱོགས་རྒྱ་མཚོའི་གླིང་ཕྲན་ཧོང་ཀོང་ནས། སྤྱི་ཚེས་ ༧ གྱི་མཚན་མོ། བལ་ཡུལ་རྒྱལ་ས་ཡམ་བུའི་རྒྱལ་སྤྱིའི་གནམ་ཐང་ལ་འབྱོར་གྱི་ཡོད་པའི་ཕེབས་བསུར། བལ་ཡུལ་གནས་ནང་དགོན་པའི་ཕྱག་མཛོད་བླ་མ་བསོད་ནམས་ངེད་གཉིས་སོང་སྟེ། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ནང་དུ་ཡོད་པའི་མགྲོན་ཁང་པདྨ་བྱ་བ་ལ་བཞག་གོ །
མཁན་པོས་གནས་སྐོར་སྐབས་མོ་དང་ལུས་འབྲེལ་བྱེད་མེད་པར་ཤོག