བསམ་གླིང་ཚེ་རིང་ལྷ་མོ།
མཐའ་ཡས་ས་གཞི་ན་བུན་འཚུབ་མས་སྒྲིབ།།
ཨ་སྔོན་ནམ་མཁའ་ཤག་ཤག་ཆར་སྒྲར་གཡེངས།།
བདུད་བརྩིའི་བདག་པོ་སྒུག་པའི་མཛའ་ན་མོའི།།
ཡིད་ཀྱི་དྲན་གདུང་སུ་ཡིས་རྟོགས་པར་ནུས།།
ཆུ་འཛིན་སྟུག་པོས་ལྷ་ལམ་ཀུན་ཏུ་དཀྲིགས།།
བསིལ་ཟེར་ཅན་ཁྱོད་ཁྲི་མུན་གང་དུ་གཤེགས།།
ཡུན་རིང་ཁྱེད་ཞལ་ཟླ་ཟེར་སྒུག་པ་ཡི།།
ཀུ་མུད་ཚོགས་ནི་ཡིད་གདུང་དྲག་པོས་མནར།།
གཉིས་སྐྱེས་རྒྱལ་པོ་ཞེས་པར་ཀུན་གྱིས་བསྟོད།།
སྒྲ་གཅན་ཚོགས་ཀྱིས་འཇོམས་པར་ནུས་མིན་ཀྱང།།
ཡུན་རིང་དགུང་སྔོན་དབྱིངས་སུ་ཡལ་བ་ནི།།
རྒྱ་མཚོའི་གཉེན་དུ་གྱུར་བ་བརྗེད་ལགས་སམ།།
རྒྱུ་སྐར་རྒྱལ་པོ་ཁྱེད་ཉིད་གླིང་གཞན་དུ།།
མུན་པའི་དགྲ་ཚོགས་འཇོམས་ལ་ཆས་བདེན་ན།།
གཅེས་པར་འོས་པའི་ལྡུམ་རའི་ཀུ་མུད་ཚོགས།།
མཛེས་སྡུག་རང་ཞལ་ཇི་ལྟར་ངོམས་པར་བྱེད།།
ཡུན་རིང་མུན་པའི་གླིང་དུ་ལུས་པ་ཡིས།།
ཡིད་ལ་གདུང་བའི་རང་མདངས་ཅི་ཡང་གསལ།།
བདུད་བརྩིའི་འོད་ཅེས་སྙན་པའི་མཚན་ལྡན་ཀྱང་།།
སྙིང་རིང་ཁྱེད་ཉིད་ས་ཕྱོགས་གང་དུ་བཞུད།།
ཞོགས་པའི་དུས་སུ་ནུབ་རིའི་འཕང་བ་རུ།།
དུང་ཟླ་ཁྱེད་ཉིད་བཞུད་པའི་ཚུལ་ལ་བལྟ།།
དགོང་མོའི་དུས་སུ་ཤར་ཕྱོགས་རི་བོའི་སྤོར།།
བསིལ་སྦྱིན་མཁན་ཁྱེད་མཇལ་སྙམ་བལྟ་བར་ཐལ།།
སྤྲིན་ཚོགས་སྟུག་པོ་ལང་ལོང་གྱེན་དུ་འཕྱུར།།
ལྷ་ཡི་རྫིང་རིང་ཡོངས་སུ་དབང་དུ་བསྡུས།།
རི་བོང་ཅན་གྱི་འོད་སྣང་རབ་རིབ་ཅིག
འཕྲོ་བའི་རེ་བ་དེ་བས་དཀའ་ཡང་དཀའ།།
ཚེས་ཆེན་བཅོ་ལྔ་རིང་མིན་འཆར་ན་ཡང།།
ལྷ་ལམ་ཡངས་མོ་སྤྲིན་གྱི་གཟེབ་ཏུ་ཚུད།།
དུང་ཟླའི་འཛུམ་མདངས་མཇལ་ལ་རེ་ན་ཡང་།།
རབ་རིབ་འོད་སྣང་སྤྲོས་པ་ཨེ་མ་དཀའ།།
དབེན་འཇགས་མཚན་མོ་དགོང་ལྟར་འཆར་རིམ་བཞིན།།
ལྷ་ཟླ་ཁྱེད་ཉིད་མཇལ་བའི་འདུན་པ་ཡིས།།
ཡང་ཡང་ཤར་རིའི་རྩེ་མོར་ཕྱོགས་ན་ཡང་།།
རྔམ་ནག་ཆུ་འཛིན་ཕོན་པོར་བྱམས་བརྩེ་བྲལ།།
ཡུན་རིང་བྲལ་བའི་བདུད་བརྩིའི་འོད་ཅན་ཁྱེད།།
གླིང་གཞན་གང་དུ་ཆས་ཀྱང་ཕེབས་པར་གྱིས།།
དྲན་པས་གཟིར་བའི་ལྡུམ་རའི་ཀུ་མུད་ཚོགས།།
སླར་ནས་བསྐྱང་བའི་དམ་བཅའ་ལྷུག་པར་མཛོད།།
ཚེ་རིང་ལྷ་མོ་ལགས། སྙན་རྩོམ་ཡག་པོ་ཞིག་བྲིས་གནང་འདུག རྩོམ་ནང་གི་ཀུ་མུད་གཉེན་དེ་སུ་ཡིན་མིན་ཅིག་གསུང་ན་འགྲིག་གམ།
བསང་གླིང་ལྡུམ་ར་ལས་སྐྱེས་ཟླ་བའི་གཉེན། །
ཁྱོད་ཀྱི་སྙན་ཚིག་མཆོག་ཏུ་ཞིམ་པའི་དྲིས། །
རྣ་བོའི་རོལ་དབྱངས་དལ་གྱིས་བཀྲོལ་བ་བཞིན། །
བདག་ལ་ཡིད་འགྱུར་སྟོང་གི་དགའ་བ་སྟེར། །
རོལ་དབྱངས་སྙན་པོ་ཁྲོལ་གྱིན་སུ་ཞིག་བསུ། །
མཚན་མོའི་ཟླ་བཀྲག་འོག་ན་སུ་ཞིག་སྒུག །
ཀྱེ་ཀྱེ་ཁ་བ་ཅན་གྱི་སྙན་ངག་མ། །
ཁྱོད་ཉིད་སྐྱོ་བར་མ་མཛད་དལ་གྱིས་བཞུགས། །
རྣ་བོའི་སྙན་ངག་ཧ་ཅང་བཀོད་ལེགས་པ། །
རི་མོ་ལེགས་པར་བྲིས་པའི་ཐང་ཀ་བཞིན།
ནང་གི་མཚོན་ཐབས་ཡིད་ལ་འཇེབས་པ་ནི། །
བསིལ་རླུང་འཇམ་པོས་སྒུལ་བའི་ཆུ་ཟླ་བཞིན། །
ངའི་སྙིང་གྲོགས་བསམ་གླིང་ཚེ་ལྷ་ལགས།
གྲོགས་མེད་དུང་བས་སྐྱོ་བའི་སྙན་ཚིག་ལ། །མཇལ་བའི་སྙན་ངག་མ་ཁྱོད་ཡིད་མུག་གི །མ་མནར་ཁྱོད་ཀྱི་སྙིང་གྲོགས་ཚད་ལྡན་ང་། །རིང་མིན་བརྩེ་དགའི་དཔལ་ལ་བྲེལ་བའི་འབུངས།
དཀར་གསལ་ཟླ་གཞོན་འཆར་ཀའི་ལང་ཚོ་ཅན། །
ཡིད་འཕྲོག་སྙན་པའི་དཔལ་འབར་ཚངས་པའི་དབྱངས། །
བྱམས་བརྩེའི་ཐུགས་གཏེར་མངའ་བའི་ཛ་ན་མོ། །
འཆི་མེད་ལྷ་མོ་བདག་སྙིང་ཁབ་ཏུ་རོལ། །
འབྲོང་བུ་སོག་ཚས་སྙན་ངག་གི་དོན་གོ་མི་འདུག
ཞོགས་པའི་དུས་སུ་ནུབ་རིའི་འཕང་བ་རུ།།
དུང་ཟླ་ཁྱེད་ཉིད་བཞུད་པའི་ཚུལ་ལ་བལྟ།།
དགོང་མོའི་དུས་སུ་ཤར་ཕྱོགས་རི་བོའི་སྤོར།།
བསིལ་སྦྱིན་མཁན་ཁྱེད་མཇལ་སྙམ་བལྟ་བར་ཐལ།།
བདག་བྱིས་པ་ལོ་ལྔ་དྲུག་ཙམ་ལ། དགུན་ཉི་མ་དྲོ་བར་ཡོད་པ་ན། བདག་གི་མ་དང་ལོ་མཉམ་ཙམ་ཡིན་པ། ཚེ་རིང་ཀུན་འཛོམས་ལ་དྲི་བ་འདི་བཀོད། དགོངས་དྲོ་ཉི་མ་འདི་ནུབ་ཕྱོགས་ཀྱི་རི་འདི་ནང་ལ་ནུབ། སྔ་དྲོ་ཤར་གྱི་རི་ནས་འོང་འདུག མཚན་ལ་ག་རུ་ཆ། ཞེས་དྲིས་པར་འདི་ཕྲུག་གུ་ལ་ཅི་འདྲི་བཅུག་བསམ་པ་གཏོགས་ལན་མེད་པ་འདྲ། འོན་ཀྱང་། དྲི་བ་དེ་སེམས་ལ་བཞག རང་གི་ཁྱོ་ག་རི་རྫོང་དགོན་པར་ཆོས་སྦྱངས་པ་ལ་གྲོང་དཔོན་ཕྲུག་གུ་དེས་དྲི་བ་འདི་འདྲ་དྲིས་སོང་། ཞེས་པར་ཁྱོ་ག་བླ་མ་རིང་མོས་རང་གི་སྐྱེས་མ་ཚེ་རིང་ཀུན་འཛོམས་ལ་ཉི་མས་རི་རྒྱལ་པོ་རི་རབ་ལ་བསྐོར་བ་རྒྱབ་ཚུལ་བཤད། ཚེ་རིང་ཀུན་འཛོམས་ཀྱིས་བདག་གི་མ་ལ་བཤད། བདག་གི་མས་ལན་དེ་་རང་གི་སེམས་ལ་བཞག བདག་བོད་ནས་འཁོར་ནས་ལོ་ངོ་བཅོ་ལྔ་ཙམ་རྗེས་སུ། དྲི་བའི་ལན་དེ་མ་ཡིས་བདག་ལ་གསུངས། དེ་དུས་ཚེ་རིང་ཀུན་འཛོམས་ལྔ་པའི་ལམ་དུ་གྱུར་ཟིན་ཏོ།།
བོད་་ལྷ་ཀླུ་གཉན་གསུམ་གཙོའི་གོང་གི་དྲ་གྲོགས་འགའི་བསམ་ཚུལ་ལ་མོས་མཐུན་ནམ་ཡང་མེད། རྒྱུ་མཚན་ནི། ཁྱོད་ཚོས་བཙན་འོག་ཏུ་གནས་པའི་བོད་ཀྱི་མི་རབས་གསར་པའི་རིགས་ཞེན་གྱི་མེ་ལྕེ་དམར་པོ། ནང་བསྟན་ཆོས་ལུགས་ལ་གཡར་ནས་སྨགས་མེད་གསོད་རྩེས་བྱེད་ཀྱིན་འདུག། ད་དུང་དཔའ་པོའི་མཚན་སྙན་ལ་རྔམས་ནས་མུ་མཐུད་འདི་འདྲ་ཡོད་སྲིད་པའི་སྔོན་འགོག་ཡང་བྱས་འདུག་ལ། གཞན་ཡང་མདོ་ལུང་ཐ་ཐོར་མང་པོ་ཞིག་རྒྱབ་དཔུང་དང་སྒྲིབས་བྱེད་ཡིན་ཁུལ་བྱས་བ་ནི་ངོ་མ་སྐྱོ་བ་ལ ། ངས་བསམ་ན་ཁྱོད་ཚོས་གནས་སྐབས་སུ་རང་ཉིད་ཀྱི་ཚོར་བ་ཙམ་བརྗོད་པ་ལས་དོན་གྱི་གནས་ལ་བསམ་གཞིགས་ཙམ་ཡང་བྱས་མི་འདུག་སྙམ། དཔེར་ན་མི་ཞིག་གིས་རང་ཉིད་ཀྱི་ཆེས་རིན་ཐང་བྲལ་པའི་ཚེ་སྲོག་བློའི་གཏོང་པའི་སྙིང་སྟོབས་དང་དམ་བཅའ་བཞགས་ནས་ཉིན་ནས་བཟུང། ་ཁྱོད་ང་ལྟ་བུའི་འཇམ་སའི་དྲོད་ས་བསྙེགས་བཞིན་པའི་ཀླད་མེད་ཁྲེལ་མེད་དག་གིས་ད་དུང་སློབ་གསོ་འདྲ་ཞིག་གཏོང་ཁུལ་བྱེད་པ་ནི་ངོ་མ་གད་མོ་ཤོར་བསྐྱེད་ལས་མ་འདས། ནང་བསྟན་ལུགས་དང་མཐུན་མིན་གྱི་སྐད་ཆ་འདི་དཔའ་རྒོད་ཀྱི་དྭངས་མ་ཁོང་ཚོར་བཤད་རྒྱུ། དོན་ངོ་མ་ཁྱོད་ཚོས་ཡིད་ལ་ཅི་འདྲ་བྱས་ནས་དྲན་སོང། ཡིད་ལ་དྲན་ཀྱང་ཁ་ནས་བཤད་རྒྱ་ལ་ངོ་གནོང་མི་འདུག་གམ། ཁྱོད་ཚོས་རྣམ་དཔྱོད་ཀྱི་སྒོ་མོ་འབྱེད་ནས་བོད་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཙམ་ལྟོས་དང། ནང་བསྟན་ཆོས་ལུགས་དང་འགལ་པའི་བྱ་བ་དེ་དག། བོད་ཀྱི་དཔའ་པོ་ཚོའི་ཁྲོད་ནས་སྤེལ་འདུག་གམ། ཡང་ན་ནང་བསྟན་ཆོས་ལུགས་པ་ཚོའི་ཁྲོད་ནས་ཡོངས་འདུག། གལ་ཏེ་ཁྱོད་ཀྱིས་ངེས་དོན་གྱི་འཚེ་མེད་ཞི་པའི་བསྟི་གནས་ཤིག་དང་དོན་དམ་གྱི་ནང་བསྟན་ཆོས་ལུགས་གཉེར་པའི་སྤྱི་ཚོགས་ཞིག་བསྐྲུན་འདོད་ན། ཐོག་མར་བླ་མ་དང་དགེ་བཤེས་ཀྱི་མིང་ཁུར་ཡོད་པའི་ཁང་བརྩེགས་མཐོན་པོ་ཅན་གྱི་སེར་གཟུགས་ཅན་ཚོ་དང། ཤར་ནུབ་གང་སར་ཆོས་ལོག་འཆད་མཁན་དང་ཆོས་ཚོང་རྒྱག་མཁན་ཚོར་དང། དེ་མིན་འཁྲུད་རྟ་དང་རླུང་འཁོར་གང་རྫིགས་བཏངས་ནས་དབྱར་རྩ་དགུན་འབུ་གསེར་དངུལ་གཡུ་བྱུར་གྱི་ནག་ཚོང་རྒྱག་མཁན་ཏེ་ཚོར་གཙང་བཟོས་གནང། ས་ཡ་དྲུག་གི་ཆབ་དཔལ་རིག་གསུམ་ཆེད་གཅེས་སྲོག་མེ་རུ་སྒྲོན་པའི་དཔའ་པོ་ཚོ། ནང་བསྟན་དང་མཐུན་མིན་གྱི་ཤ་ཚ་མདོག་གྱིས་ས་མཚམ་ལ་ད་དུང་སླབས་མི་འདུག། ཨོ་ད་དུང་བཤད་རྒྱ་ཞིག་ལ་ང་ཚོས་མདོ་ལུངརིང་མོར་དྲེང་ངེས་ཀྱི་དབྱེ་བ་འབྱེད་ནས་འདུག་ཁོམ་མེད་ལ། ཕྱི་མའི་གཤིན་རྗེའི་ཁྲིམས་ཆད་ཀྱི་གཏམ་རྒྱུད་ལ་ཉན་ཁོམ་ཡང་དེ་བས་མེད། ང་ཚོ་འཚོལ་བཞིན་པ་ནི་ལྐོག་གྱུར་གྱི་མུན་ཕུག་ན་ཡོད་པའི་བདེ་བ་ཅན་མིན་ལ། ང་ཚོ་དགོས་པ་ནི་ཕ་མེས་ཡང་མེས་ཀྱི་རུས་རྐང་འཐོར་སའི་ཕ་ས་ཕ་ཡུལ་འདི་ཡིན། འདིའི་རང་དབང་དང་ཐོབ་ཐང་ཁོ་ན་ཡིན།།།བོད་རྒྱལ་ལོ
དགོང་དག་ངས་མཆན་གཏོང་ས་ནོར་འདུག
ལྗང་ལོ་བསིལ་བསིལ་འདར་བའི་ཕང་པ་ན།།
སྐད་ངག་འགྱུར་ཁུག་སྙན་པའི་ཁུ་བྱུག་ནི།།
སིང་སིང་གླུ་དབྱངས་དག་གིས་རི་ལུང་ཀུན།།
མཚན་མོའི་རྨི་ལམ་དཀྲོགས་པ་འདི་སུ་ཞིག།
མཐའ་ཡས་མཁའ་ངོགས་རྒྱུ་སྐར་འབུམ་གྱིས་བཀྲ།
མཚན་མོའི་མགོན་པོ་འཛུམ་པའི་འོད་ཞགས་འཕེན།།
ས་ཆེན་དུམ་བུར་གས་པའི་ཧྲག་བར་ན།།
ཀུ་མུད་དགའ་བའི་འདབ་མ་ལྷུག་ལྷུག་གྲོལ།།
དྭངས་གསལ་འོད་ཀྱིས་མ་ཁྱབ་ལ། །
དྲི་མས་བཟུང་བའི་ཟླ་བ་ཞིག །
ཤིང་སྐམ་ཞིག་གི་གོང་ཁ་ནས། །
འཛུམ་ཙམ་བྱས་པར་མཚར་དོན་ཅི། །
དྲ་གྲོགས་ལྷན་རྒྱས་ནས་སྙན་པའི་ངག་གི་རོལ་མོ་རེ་དཀྲོལ་གནང་བར་ཐུགས་རྗེ་ལན་བརྒྱར་ཆེ་ཞུ།
གྲངས་མེད་མཛེས་སྡུག་སྨྱུག་རྩེས་དབྱངས་སུ་བཀུགས།།
སྣ་ཚོགས་མྱོང་ཚོར་སེམས་ཀྱི་ཟིན་ཐོར་བཀོད།།
བརྩེ་དུང་ཟླ་འོད་བཞུད་པའི་དྲན་ངོགས་ནས།།
སྙན་ངག་ཚོར་འདུས་བཟི་བའི་གླུ་ཆུང་བླངས།
ཚེ་རིང་ལྷ་མོའི་ལང་ཚོ་མ་མཐོང་རུང།།
ཚེ་རིང་ལྷ་མོའི་སྙན་ངག་ཤིན་ཏུ་སྙན།།
ཚེ་རིང་ལྷ་མོས་ཡུན་རིང་བརྩོན་གྱུར་ན།།
ཚེ་རིང་ལྷ་མོ་ཚེ་སྐྱིད་གཉིས་པར་འགྱུར།།
དེ་རིང་ཡང་ཚེ་རིང་ལྷ་མོའི་སྙན་དངགས་ལ་མཆན་འདེབས་འདོད་ཀྱང་བྲེལ་བས་སྙན་ངག་བྲི་རྒྱུ་ལུས།
སྟོང་གསུམ་མུན་པས་དཀྲུགས་པའི་ཁང་ཆེན་ན།།
ཁེར་རྐྱང་མིག་ཟུར་རིག་རིག་འཕེན་པའི་མོད།།
སྒེའུ་ཁུང་ཅུང་ཟད་ཕྱེ་པའི་ཧྲག་པར་ནས།།
ཀུ་མུད་གཉེན་གྱི་བསིལ་ཟེར་བདག་ལ་ཐོབ།།
རང་སྤྱིའི་བགྲོད་པ་འཛམ་གླིང་ཀུན་ལ་སྟེ།།
འོད་ཀྱི་རང་མདངས་དེ་ཡང་ཀུན་ལའོ།།
བསིལ་བའི་དངོས་སྦྱིན་ཟེར་མདངས་ཕྲ་མོ་ཞིག།
བདག་གི་ཁང་ཆུང་འདི་ཉིད་ཁོ་ན་ལའོ།།
གདོད་མའི་མཁའ་ཡི་ཟླ་བ་ནི།།
འོད་དཀར་ལང་ཚོ་ངང་གིས་འགྲིབ།།
གལ་ཏེ་སྐྱོང་འདོད་མཐུ་མངའ་ན།།
སྔར་གྱི་དམ་ཚིགས་ནན་དུ་སྲུངས།།
ཀུན་རྫོབ་ཟླ་བ་ཡར་ངོའི་རྒྱལ་བ་ནས་བརྩམས་ཏེ་།།
ཆ་ཤས་རིམ་བསགས་རྫོགས་པ་གསུམ་བར་མངོན་ཞིང་།།
དོན་དམ་ཟླ་བ་དཀར་པོ་སྟོང་ཉིད་ཀྱི་དཀྱིལ་འཁོར།།
བཅོས་མའི་སེམས་ཀྱི་གཏི་མུག་མུན་སེལ་རྗེས་འཆར་ངེས།།
གཞན་ནི་་ཟླ་བའི་དཔེ་ཅན་༸ཀུན་གཟིགས་ཀྱི་སྣང་བ།།
མཐའ་ཡས་འོད་དཔག་མེད་གང་རྒྱ་གཞུང་གི་མུན་པས།།
རེ་ཞིག་སྒྲིབས་
གོང་ོང་གི་འཕྲོས།
རེ་ཞིག་སྒྲིབ་ཀྱང་འདུས་བྱས་མི་རྟག་པར་ངེས་ན།།
ནམ་ཞིག་རྒྱུ་ཚོགས་ཚང་སྐབས་འགོག་མེད་དུ་འཆར་འགྷགྱུར།།
ལྐོག་གྱུར་སེམས་ཀྱི་ཟླ་བའི་འཆར་ནུབ་ཀྱི་དོན་དེ།།
གང་དུ་ཅི་མཆིས་བདག་ཡིད་མེ་ལོང་ངོས་དབེན་ཕྱིར།།
གཞན་སེམས་མངོན་ཤེས་རྒྱུད་ལྡན་ཁོ་ན་ཡི་སྤྱོད་ཡུལ།།
ལགས་ན་དེ་ལ་དེ་མཚོན་འཇུག་ལྡོག་རང་མཛོད་ཅིག།།
ཅེས་དང་།
དུམ་མཚམས་གོང་མའི་ནོར་བཅོས་ཞུ་རྒྱུ་ཞིག་ནི།
ཆ་ཤས་རིམ་བསགས་རྫོགས་པ་གསུམ་པ་བར་མངོན་ཅིང་།།
ཞེས་སོགས་སུ་བཅོས་གནང་ཡོང་བ་ཞུ་རྒྱུ་ཡིན།
ཧ་ཅང་ཡུན་རིང་བསྒུགས་ན་སྐྲ་ལོ་དཀར། ཁ་ཡི་སོ་བུད་གདོང་པ་གཉེར་མས་གང། རྐང་ལག་རྐྱང་སྐུམ་མི་ཐུབ་ཕྱི་ས་ཤོར། དེ་དུས་དུང་ཟླ་སླེབས་ཀྱང་ཅི་ཞིག་བྱ།
སྙན་ངག་འགྲིག་ཙམ་འདུག་ཀྱང་། ཁ་བྱང་དེས་སྙན་ངག་གི་གོང་ཚད་མར་བཅག་འདུག སྙན་ངག་གི་རིན་ཐང་ལྟ་བ་ནི་ཁ་བྱང་དེ་གནད་འགག་ཅིག་ཏུ་གྱུར་བ་ནི་ཁྱོད་ཀྱིས་གསལ་བོར་ཤེས་ངེས་རེད། གནའ་བོའི་རྒྱ་གར་གྱི་མཛེས་རྒྱན་ཞིག་བོད་པའི་དུས་རབས་ཉེར་གཅིག་པའི་སྙན་ངག་གི་ཁ་བྱང་དུ་བདམས་པས། ཁ་བྱང་དེ་རྒས་ཤིང་འཁོགས་པར་གྱུར་བས། ཀློག་པ་པོ་སྙན་ངག་ལ་འཇུག་པའི་དང་ཐོག་གི་སྤྲོ་སྣང་རང་ཤུགས་ཀྱིས་འགག་འགྲོ་དེའོ།།
བསམ་གླིང་གི་སྙན་ངག་ཚེ་རིང་སྐྱིད་ཀྱི་སྙན་ངག་གི་ཡན་རེད། ཚེ་རིང་སྐྱིད་རྣམ་པ་ཡོད་ཙང་དྲ་གྲོགས་ཚོས་མཆན་རུབ་རྒྱག་གི་རེད་དེ། དྲ་གྲོགས་ཤིག་གིས་ཚེ་སྐྱིད་གཉིས་པར་འགྱུར་ཟེར་བ་ནི་དོན་ལ་མི་གནས།
བསམ་གླིང་ལ་རྣམ་པ་ཕལ་ཆེར་ཚེ་སྐྱིད་འདྲ་ཞིག་མེད་ན་ཐང་མོད། སྙན་ངག་དཔྱོད་ས་ལ་རྣམ་པས་ཅི་བྱེད།
ང་ནི་མོའི་སྙན་ངག་ལ་གུས་པས་མཆན་བྲིས་པ་ཡིན།
མཇུག་ཏུ་རང་གིས་སྔ་མོར་བྲིས་པའི་སྙན་ཚིག་ཅིག་ཀྱང་བསྟོབ་པར་བྱ་སྟེ།
གཡས་གཡོན་ལྕང་སྡོང་ལོ་འདབ་དལ་བུས་གཡོ། །
མདུན་གྱི་རྫིང་བུར་ཟླ་བའི་གཟུགས་བརྙན་གསལ། །
ལམ་སྲང་དག་ན་གློག་ཞུའི་ཕྲ་ཚོམ་བསྟར། །
མཚན་མོའི་དུས་འདི་ཤིན་ཏུ་འཇམ་ཐིང་ཐིང་། །
མཛངས་ལྡན་ཚེ་རིང་སྐྱིད་ནི་ཁ་བ་ཅན།།
བུད་མེད་སྤྱི་ཡི་རིན་ཆེན་རྒྱན་ཆ་ཡིན།།
གང་གི་རྣམ་དཔྱོད་ལང་འཚོའི་ཆ་ཤས་ལ།།
འགྲན་པར་བཟོད་པའི་རྣམ་རྟོགས་ཟུར་མ་མཆིས།།
ཚེ་རིང་ལྷ་མོའི་སྙན་མོའི་ཚིག་གི་མདའ།།
ཨ་ར་དཀར་པོའི་སྙིང་གི་དཀྱིལ་ལ་ཟུག།
ན་ཆུང་ལྷ་མོས་སྒུག་ནས་རྒས་གྱུར་ན།།
ཨ་ར་དཀར་པོའི་འཁར་རྒྱུག་ཁྱོད་ལ་གཡར།།
གཞན་ལ་བསྟོད་ཅིང་གཞན་གྱི་དགེ་ཤེས་པ། །
དུལ་བར་གནས་ཤིང་རང་གི་ཁེངས་སྐྱུང་བ། །
སྐྱེས་མའི་ཡོན་ཏན་བཟང་པོའི་རྒྱན་བཅས་པའི། །
བསམ་གླིང་བུ་མོ་ཁར་རྩང་ལས་ཀྱང་མཛེས། །
ངག་འཇམ་ཚིག་གིས་གོ་བརྡ་སྤྲོད་ཤེས་པ།།
ཡ་རབས་སྤྱོད་པས་མི་སེམས་བསྒུལ་ཤེས་པ།།
རྒན་བཀུར་གཞོན་བྱམས་བོད་པའི་མཁྱེན་ལྡན་མ།།
བསམ་གླིང་ཚེ་རིང་ལྷ་མོ་ལྷ་མོ་དངོས།།