ཤ་ཀླན་འཇམ་དབྱངས་གྲགས་པ།
བསྟོད་ར།
ཁོས་ང་ཡག་པོ་འདུག་ཟེར།
ངས་ང་ཡག་པོ་མེད་ཅེས་སྨྲས།
དོན་དུ་ངེད་གཉིས་ཀས་ང་ཡག་པོ་ཡོད་པར་འདོད།
ཚིག་རྩུབ།
ངས་ཁོ་ལ་ཁྱེད་སྤྲང་ཕྲུག་ཅེས་བཤད།
ཁོས་ང་ལ་ཁྱེད་མུག་ཕྲུག་རེད་ཅེས་སྨྲས།
ངས་གཞུག་དེ་ལས་སྔོན་དེ་དོན་ལ་གནས་དྲན་ཡོད།
ཁོས་སྔོན་དེ་ལས་གཞུག་དེ་བརྗོད་དོན་ཟབ་བསམ་ཡོད།
ང་རྒྱལ།
ངས་དབུགས་སྒང༌།
ཁོས་ཀྱང་དབུགས་སྒང༌།
ངེད་གཉིས་ཇེ་ཆེ་ཇེ་ཆེར་གྱུར།
མཐར། ངེད་གཉིས་འགད་དེ་ཐོར་ཞིག་ཏུ་གྱུར།
ད་དུང༌། ངས་དབུགས་སྒང༌།
ཁོས་ཀྱང་དབུགས་སྒང༌།
ཡིད་ཆེས།
ཁོས་མི་ལ་གནོད་པའི་ཚིག་གཅིག་མི་སྨྲ་ཟེར།
ངས་ཁོ་ལ་ཡིད་ཆེས་ཚད་མེད་བྱས།
དགོང་མོར། ཁོས་གྲོགས་པོ་ག་གེ་མོ་སྐྱག་ཕྲུག་རེད་ཟེར།
དེ་བས། ངའི་ཡིད་ཆེས་དེའང་ཚད་ཡོད་པར་གྱུར། ༢༠༡༠ ༡ ༤
རྩོམ་ཡིག་འདི་ངོ་མས་ཡག་པོ་འདུག
ཚིག་ཉུང་ཉུང་ཞིག་ལ་དོན་རྒྱ་ཆེན་པོ། ཁ་གསལ་བས་ཀུན་གྱིས་གོ་བདེ་བ། ད་རུང་གོ་རྒྱུ་ཅན་གྱི་རྩོམ་ཡིག་རེ་ཕྲིས་ར་ཀློག་གིན་ཡིན།
རྩམ་དགས་ཀློག་གིན་ཡོད་པ་དགའ་བོ་བྱུང༌།
ངས་རྩོམ་གོ་སླ་བར་འབད་རྩོལ་བྱེད་བཞིན་ཡོད། ངས་བལྟས་ན་འདི་ལའང་ཞན་ཆ་དང་ཡོན་ཏན་གཉིས་ཀ་འདུག ཞན་ཆ་ནི་རྩོམ་གོ་དཀའ་བ་ཚོ་དང་བསྡུར་ན་གོ་སླ་བ་དག་ལེགས་ཉེས་དབྱེ་བ་འབྱེད་སླ་ལ་སྡེབ་སྦྱོར་མི་མཛེས་པ་ཅུང་ཐོན་ནའང་ཀློག་པ་པོས་ལམ་སང་ཧ་གོ་ཐུབ་པས་རྩོམ་པ་པོ་ལ་ཡོན་ཚད་ངེས་ཅན་ཞིག་མེད་ན་གཞན་ལ་ཤན་ཤུགས་ཐེབས་རྒྱུ་ཁག་པོ་རེད། དེ་དང་བསྡུར་ན་གོ་དཀའ་བ་དག་ལ་ཚད་གཞལ་རྒྱུ་ཅུང་དཀའ་བས་ཡག་མིན་ལ་མ་བལྟས་པར་གོ་ས་ཞིག་བཟུང་ཐུབ་སྲིད་ལ་འགའ་ཤས་ཀྱིས་འུར་བསྟོད་ཀྱང་བྱེད་རྒྱུ་རེད། དེ་མིན་དཀའ་ངལ་གཅིག་ཡོད་པ་ནི་མཁས་དབང་དགེ་ཆོས་ཀྱིས།མི་ཚོ་ལ་གོ་དཀའ་བ་ཞིག་གོ་སླ་རུ་བཏང་སྟེ་བཤད་ན་མཁས་པ་མི་བརྩི་ལ་གོ་སླ་བ་ཞིག་གོ་དཀའ་རུ་བཏང་སྟེ་བཤད་ན་མཚར་མཚར་དུ་བརྩི་ཞེས་པ་བཞིན་མི་མང་པོ་ཞིག་གིས་གོ་སླ་བའི་རྩོམ་ཡིག་ལ་ལྗིད་ཁོག་མེད་པར་བརྩི་བཞིན་པ་ཡོད།
སྤྱིར་བཏང་ནས། ཚིག་གི་སྡེབ་སྦྱོར་དག་པ། དོན་གྱི་གནད་ལ་འཁེལ་བ། བརྗོད་པ་གོ་སླ་བ་ཞིག་འབྲི་ཐུབ་ན། དེ་ལ་དགེ་མཚན་ཆེན་པོར་མཐོང་།
དོ་དགོང་ཁྱེད་ཀྱི་རྩོམ་ཐུང་འདི། བཙན་བྱོལ་ནང་འཚར་བའི་ངེད་ཀྱི་གྲོགས་མོ་ཞིག་གིས་བྐླགས་བྱུང་། ཧ་ཅང་ཡག་པོ་འདུག་ཟེར།
རྒྱུ་མཚན། ངེད་ཀྱི་གྲོགས་མོས་ྐློག་ཐེངས་གཅིག་ལ་ཁྱེད་ཀྱི་སྙན་རྩོམ་འདིའི་གོ་བ་ལོན་པས་རེད་འདོད།
དེ་རིང་སང་ཉིན། ནུབ་ཕྱོགས་སུ་སྡོད་མཁན་གྱི་དབྱིན་ཡིག་གི་ཐོག་ལ་རྩོམ་འབྲི་མཁན་བོད་རིགས་མང་པོ་ཞིག་། བོད་ཡིག་ྐློག་རྒྱུ་དང་བོད་ཡིག་འབྲི་རྒྱུར་སྤྲོ་སྣང་སླེབས་ཀྱི་འདུག
དེ་ཚོར་སྙན་རྩོམ་འདི་ལྟ་བུའི་རིགས་ཀྱིས་ཕན་ཐོགས་སྲིད་པ་ཞིག་རེད། དེ་ཙམ་ཡིན།
རིག་འབྱུང་དོན་འགྲུབ་དོན་བཀྲ་ཕེབས་ཏེ་སྐད་ཆ་ཞིག་བཤད་པ་ཐུགས་རྗེ་ཆེ།
ངས་ནི་རྩོམ་འདིའི་ཚིག་དོན་ཙམ་མ་གཏོགས་དེའི་བརྗོད་དོན་ངོ་མ་ག་རེ་ཡིན་མིན་ཧ་གོ་མ་སོང་། ཚིག་དོན་ཙམ་མ་གཏོགས་དེ་ལས་ལྷག་པའི་གོ་རྒྱུ་ཞིག་ཡོད་དམ། ཡོད་ན་ང་ལྟ་བུའི་དྲ་གྲོགས་གཞན་ཡང་ཡོད་སྲིད་པས་དེ་རྣམས་ཀྱི་ཆེད་དུ་གསུངས་རོགས་ཞུ།
གཡུ་འབྲུག་སྔོན་མོས་བཤད་པ་དེ་ཙམ་ངེས་མ་སོང༌། ཚིག་དོན་ཙམ་མ་གཏོགས་དེའི་ཤུགས་སུ་གོ་དགོེས་པ་དང་བརྒྱུད་ནས་གོ་དགོས་པ། དེ་མིན་གོ་བར་ལོ་འགའ་སྒུག་དགོས་པ་དེ་འདྲ་ཅི་ཡང་མེད། ཡིན་ཡང་ངས་ནོར་མེད་ན་ཁྱེད་ཀྱིས་སྙན་ངག་ནང་གི་ང་ཞེས་པ་དེ་རྩོམ་པ་པོ་རང་ལ་གོ་བ་བླངས་ཤིང་བརྩམས་ཆོས་ཧྲིལ་བོ་རྩོམ་པ་པོ་ལ་བྱུང་བའི་གོད་ཆག་ཞིག་ཏུ་ངེས་འཛིན་ན་ནོར་བ་རེད།