རྐ་སྲས་ཀྱིས་སྒྱུར་སྤེལ་ཞུས།
ཚོང་ལས་ཀྱི་འཇིག་རྟེན་འདིའི་ཁྲོད་ནས། ང་རང་ལེགས་འགྲུབ་ཆེ་ཤོས་སུ་གྱུར་བྱུང་། གཞན་གྱི་མིག་ནང་དུ་ངའི་མི་ཚེ་ནི། ལེགས་འགྲུབ་ཀྱི་དཔེ་མཚོན་ཡག་ཤོས་ཤིག་ཏུ་གྱུར་ཡོད། གང་ལྟར། ལས་ཀ་མ་གཏོགས་གཞན། ང་ལ་སྤྲོ་སྣང་ཆུང་ཆུང་ཞིག་ལས་མི་འདུག
འབད་འབུངས་དེ་དག་གི་མཇུག་མཐར། ང་མཚོན་ན། འབྱོར་ཕྱུག་ནི་མི་ཚེའི་ནང་རང་ཉིད་གོམས་འདྲིས་སུ་སོང་བའི་འཚོ་བའི་དོན་ངོས་ཙམ་ཞིག་ལས་གཞན་ཅི་ཡང་མ་རེད།
ནད་པའི་ཉལ་ཁྲིར་ཉལ་ཏེ། རང་ཉིད་ཀྱི་མི་ཚེ་ཧྲིལ་པོ་ཕྱིར་འདང་ཞིག་རྒྱག་སྐབས། ངས་ཤེས་རྟོགས་བྱུང་བ་ནི། ཐེངས་ཤིག་རང་ཉིད་ཀྱིས་གཟི་བརྗིད་དུ་རློམ་མྱོང་བའི་འབྱོར་ཕྱུག་དང་ཆེ་མཐོང་ཡོད་ཚད་ནི། མི་འདོད་པའི་འཆི་བའི་མདུན་དུ་ཁ་དོག་ཤོར་ཞིང་སྙིང་པོ་དང་བྲལ་འདུག
ཁྱོད་ཀྱིས་གླ་བ་ཞིག་གླས་ནས། རང་གི་ཆེད་རླངས་འཁོར་སྐོར་དུ་བཅུག་ཆོག་ཅིང་། སྒོར་མོ་གསོག་དུའང་འཇུག་ཐུབ། འོན་ཀྱང་། ཁྱོད་རང་གི་ན་ཚ་སྲན་པའི་གླ་བ་ཞིག་འཚོལ་ཐབས་བྲལ་བ་རེད།
ཕྱི་དངོས་པོའི་ཐད་ནས་ཕམ་ཉེས་བྱུང་ན། དེ་དག་སླར་ཡང་འཚོལ་ཆོག འོན་ཀྱང་། རང་གི་མི་ཚེའི་ཁྲོད་ནས་བརླགས་ཚར་ཕྱིན། སླར་ཡང་གཏན་ནས་འཚོལ་མི་ཐུབ་པ་ཞིག་ཀྱང་ཡོད་པ་རེད།
མི་ཞིག་སྨན་ཁང་གི་གཤག་བཅོས་ཁང་དུ་འགྲོ་དགོས་བྱུང་སྐབས། ད་དུང་་རང་ཉིད་ཀྱིས་ཡོངས་སུ་བཀླག་རྒྱུར་ལྷག་ཡོད་པའི་དེབ་གཅིག་ཡོད་པ་ཤེས་ངེས་རེད། དེ་ནི་བདེ་ཐང་ལྡན་པའི་མི་ཚེ་ཞེས་པ་དེ་ཡིན།
དུས་ད་ལྟ་འུ་ཅག་མི་ཚེའི་གནས་བབ་ཅི་འདྲ་ཞིག་གི་ནང་ཡོད་ཀྱང་། ནམ་ཞིག་དེ་ཉིད་མཇུག་སྒྲིལ་བའི་དུས་ཞིག་བསླེབ་ངེས་རེད། དེ་བས། རང་ཉིད་ཀྱི་ནང་མིར་བཅངས་བའི་བརྩེ་བ་དང་། རང་ཉིད་ཀྱི་བཟའ་ཟླར་བཅངས་བའི་བརྩེ་བ་ལ་གཅེས་སྤྲས་བྱེད་རོགས། རང་ཉིད་ཀྱི་གྲོགས་པོ་ཚོར་བཅངས་བའི་བརྩེ་བ་ལ་བདག་གཅེས་བྱེད་རོགས། རང་ཉིད་ལ་བདག་གཅེས་བྱེད་རྒྱུ་གཙིགས་ཆེན་གནང་རོགས།
གཞན་ལ་ཡང་གཅེས་སྤྲས་བྱེད་རོགས། འུ་ཅག་ལོ་ཆེ་རུ་ཕྱིན་ཏེ་གོ་རྟོགས་ཟབ་དུ་ཕྱིན་ཚེ། ཨ་སྒོར་སུམ་བརྒྱའི་རིན་གྱི་ཆུ་ཚོད་ཅིག་བཏགས་པ་དང་། ཨ་སྒོར་སུམ་ཅུའི་རིན་གྱི་ཆུ་ཚོད་ཅིག་བཏགས་པ་གཉིས་ཀས། གཅིག་མཚུངས་སུ་དུས་ཚོད་སྟོན་པ། དལ་མོའི་ངང་ཤེས་བར་འགྱུར།
ང་ཚོས་ཨ་སྒོར་སུམ་བརྒྱ་རི་བའི་དངུལ་ཁུག་ཅིག་གམ་ལག་ཁུག་ཅིག་ཁྱེར་བ་དང་། ཨ་སྒོར་སུམ་ཅུའི་རིན་གྱི་དངུལ་ཁུག་ཅིག་གམ་ལག་ཁུག་ཅིག་ཁྱེར་བ་གཉིས་ཀའི་ནང་གི་སྒོར་མོའི་ཁ་གྲངས་གཅིག་ཡིན་པ་ཤེས་ངེས་རེད།
འུ་ཅག་གིས་ཨ་སྒོར་སྟོང་ཕྲག་ལྔ་བརྒྱའི་རིན་གྱི་རླངས་འཁོར་ཅིག་སྐོར་བ་དང་། ཨ་སྒོར་སུམ་ཁྲིའི་རིན་གྱི་རླངས་འཁོར་ཞིག་སྐོར་བ་གཉིས་ཀར། ལམ་དང་རྒྱང་ཐག་ནི་གཅིག་ཡིན་ཞིང་། འབྱོར་སའང་གཅིག་ཡིན་པ་ཤེས་ངེས་རེད།
ད་དུང་ཤེལ་དམ་གཅིག་ལ་ཨ་སྒོར་སུམ་བརྒྱ་རི་བའི་རྒུན་ཆང་ཞིག་འཐུང་བ་དང་། ཨ་སྒོར་བཅུའི་རིན་གྱི་རྒུན་ཆང་ཞིག་འཐུང་བ་གཉིས་ཀས་ཆང་ཟུག་ལངས་བ་ནི་གཅིག་ཡིན་པ་ཤེས་ངེས་རེད།
དེར་མ་ཟད། སྤྱི་ལེ་གྲུབ་བཞི་མ་སུམ་བརྒྱ་ཡོད་པའི་ཁང་པ་ཞིག་གམ། སྤྱི་ལེ་གྲུབ་བཞི་མ་སུམ་སྟོང་ཡོད་པའི་ཁང་པ་ཞིག་ཏུ་བསྡད་པ་གཉིས་ཀར། ཁེར་རྐྱང་གི་ཚོར་བ་ཡོང་བ་ནི་གཅིག་ཡིན་པ་ཤེས་ངེས་ཡིན། དོན་དངོས་སུ། ནང་སེམས་ཀྱི་བདེ་སྐྱིད་ངོ་མ་ནི། འཇིག་རྟེན་འདིའི་ཕྱིའི་ངོ་བོ་ལས་ཡོང་མི་ཐུབ་པ་ཤེས་ངེས་ཡིན།
རིམ་པ་དང་པོའི་གནམ་གྲུར་བསྡད་ནས་འགྲུལ་བཞུད་བྱེད་པའམ། རིན་གོང་ཁེ་བའི་གནམ་གྲུར་སོང་ནས་འགྲུལ་བཞུད་བྱས་པ་ཅི་ལྟར་ཡང་། གནམ་གྲུ་མར་ལྷུང་ཚེ། གཅིག་མཚུངས་སུ་རང་ཉིད་ཀྱང་ལྷུང་རྒྱུ་ཡིན་པ་ཤེས་ངེས་ཡིན།
དེར་བརྟེན། ཕྲན་གྱིས་ཁྱེད་ལ་གྲོགས་པོ་རྙིང་པ་དང་། སྤུན་མཆེད། སྲིང་མོ་སོགས་ལྷན་དུ་གད་མོ་དགོད་ཅིང་། གཞས་གཏོང་བ་དང་། ཤར་ལྷོ་ནུབ་བྱང་དང་། ལྷ་ཡུལ། མི་ཡུལ་སོགས་གླེང་རོགས་ཡོད་ཚེ། དེ་ནི་བདེ་སྐྱིད་ངོ་མ་དེ་ཡིན་པ་ཤེས་པའི་རེ་བ་ཡོད་ཀྱི་ཡོད།