ཧེ་རུ་ཀ་ཞིག་གིས་ཀུ་ཤུ་གློག་ཀླད་ལ་ཆོས་སྐྱོང་བསྐུལ་བ་ཐོས་རྗེས།
མེ་ཏོག་དཀར་པོ།
གཞན་ལ་ཕན་པ་འབའ་ཞིག་གལ་ཆེན་དུ། །
དགོངས་པའི་རྒྱལ་དང་རྒྱལ་སྲས་གང་སུ་དག །
འཇིགས་རུང་གཟུགས་སུ་རྫུས་པ་སྲུང་མའི་ཚོགས། །
ཀུ་ཤུ་ཚོགས་ལ་དྲང་པོའི་ཐག་གཅོད་མཛོད། །
ཁ་སང་ཞིག་ལ་སྐུ་ཞོག་ཀླུན་སྨྱོན་གྱིས། །
སྙན་ཚིགས་ཇ་ཆང་སྐྱེམས་ཀྱི་ཞུ་རྟེན་བཅས། །
ངེད་ཅག་ཀུ་ཤུར་ཉེས་ཆད་གཅོད་དགོས་ཞེས། །
ཁྲིམས་བཏུག་བྱས་པ་ཁ་བརྡར་ཀུན་གྱིས་གླེང་། །
ཆོས་སྐྱོང་ཁྱེད་ཅག་སྔོན་བྱོན་མཁས་གྲུབ་ཀྱིས། །
བསྟན་པ་གཉེར་དེ་བཀའ་བསྒོས་པ། །
གལ་ཏེ་བདེན་ན་ངེད་ཅག་ཀུ་ཤུའི་ཚོགས། །
ཕྱོགས་ཀུན་ཡུན་གནས་དར་རྒྱས་གྲོགས་མཛོད་ཅིག །
ན་གཞོན་གྲྭ་རྒོད་དུ་མའི་ཀླད་པའི་ནང་། །
དེང་རབས་རིག་གསར་ཁ་ཚ་དགོས་བཏུག་རྣམས། །
མྱུར་མོར་བཅུག་ལ་ངེད་ལས་དཔའ་མེད་པས། །
དུས་རབས་ཉེར་གཅིག་གྲྭ་པར་ཀུ་ཤུ་མཁོ། །
མཛེས་མ་ལྟ་འདོད་ཡོད་ན་ང་ཡིས་སྟོན། །
གླུ་གཞས་ཉན་འདོད་ཡོད་ན་ང་ཡིས་མཉན། །
སློབ་སྦྱོང་སྦྱང་འདོད་ཡོད་ན་ང་ཡིས་སློབ། །
ང་ནི་དེང་རབས་གྲྭ་པའི་གྲོགས་པོ་ཡིན། །
ང་ནི་སློབ་གཉེར་བ་ཡི་དགེ་རྒན་ཡིན། །
ང་ནི་དགེ་རྒན་དག་གི་དགེ་རྒན་ཡིན། །
ང་ནི་མཛའ་གྲོགས་ཅན་གྱི་མཛའ་གྲོགས་ཡིན། །
ང་ནི་སེམས་ངལ་ཅན་གྱི་སེམས་གསོ་ཡིན། །
དེ་སོགས་ལེགས་པའི་ཡོན་ཏན་ཚད་མེད་པ། །
ཡོངས་རྫོགས་བརྗོད་ལ་རྒྱལ་བའི་ལྗགས་ཀྱང་རྡུགས། །
དེས་ན་ཀླུ་སྨྱོན་སྙན་ཚིག་ཙམ་གྱིས་བྲིད་མིན་པར། །
ངེད་ཅག་ཀུ་ཤུའི་ཚོགས་ཀྱི་གྲོགས་དན་མཛོད། །
རྒད་པོའི་སྣ་ཐལ་སྣོམ་ནས་སྡོད་བཅུག་རོགས། །
རྒད་མོའི་ཕྲེང་བར་འཐམ་ནས་སྡོད་བཅུག་རོགས། །
ཕོ་མོའི་དྲོད་མོའི་རུམ་ནས་སྡོད་བཅུག་རོགས། །
མཛེས་མའི་ཁ་རླངས་མྱོང་ནས་སྡོད་བཅུག་རོགས། །
གྲྭ་པའི་སྙིང་གཏམ་ཉན་ནས་སྡོད་བཅུག་རོགས། །
ཨ་ནེའི་ནུ་ཟུང་བར་དུ་ཉལ་བཅུག་རོགས། །
ལོ་ཆུང་བུ་མོའི་འཕོང་ནས་སྡོད་བཅུག་རོགས། །
དེ་ལྟར་ཀུ་ཤུའི་ཐ་ཆུང་ཨའི་ཕོན་ངས། །
ཀུ་ཤུའི་ཚབ་ཏུ་གུས་པས་གསོལ་བཏབ་ན། །
ངོ་སྲུང་སྙན་ཚིག་རྗེས་སུ་མ་འབྲང་བར། །
ཀུ་ཤུ་བཞིན་དུ་ཀུ་ཤུ་རྟགས་ཅན་རྣམས། །
བུ་གཅིག་མ་ཡིས་བཞིན་དུ་སྲུང་མཛོད་ཅིག །
ཀུ་ཤུ་མེད་ན་ཉིན་མ་མིའགྲོ་ལ། །
ཀུ་ཤུ་མེད་ན་གྲོགས་ལ་མི་ཐུག་ཅིང་། །
ཀུ་ཤུ་མེད་ན་བོད་ཡིག་བརྗེ་འགྲོ་བའི། །
དེང་གི་དུས་འདིར་ཀུ་ཤུ་གལ་ཆེན་ཉིད། །
ཀུ་ཤུའི་དཔའ་གླུ།
མི་ཀུན་ལ་མཁོ་བའི་ཀུ་ཤུ་ང་།།
ཡུལ་གང་ས་གང་དུ་གདུལ་བྱ་ཡོད།།
བོད་གངས་ཅན་མི་ལ་ལྷག་ཏུ་ཕན།།
ཆུང་ཀ་ཁ་ནས་བཟུང་ཀ་དག་བར།།
མིའི་གང་འདོད་ང་ཡི་རུམ་ན་ཡོད།།
སྟོབས་རྒྱལ་ཁབ་ང་ཡི་ཕ་ས་ཡིན།།
དཔོན་བཙན་པོའི་ཕྱག་ན་ང་རང་ཡོད།།
ཚོང་ཆེན་པོ་ཅན་གྱི་རྩིས་ཁྲ་ཡིན།།
དེང་ཚན་རིག་ཅན་གྱི་སྙིང་ནོར་ཡིན།།
ཕོ་གཞོན་ནུའི་གྲོགས་པོ་ང་རང་ཡིན།།
སྨན་མཛེས་མའི་རྩེ་རོག་ང་རང་ཡིན།།
ཆུང་བྱིས་པའི་འདུག་རོགས་ང་རང་ཡིན།།
ཕོ་རྒན་གཞོན་གཉིས་ཀྱི་དགའ་རོག་ཡིན།།
མོ་རྒན་གཞོན་གཉིས་ཀྱི་འདུག་རོགས་ཡིན།།
ས་འཛམ་གླིང་གཡས་བསྐོར་གཡོན་བསྐོར་བྱས།།
ཁྱེད་ཀླུ་སྨྱོན་བླ་མ་སྟོབས་ཡོད་ན།།
ཁྱོས་ཆོས་སྐྱོང་སྲུང་མ་མཐུ་ཡོད་ན།།
རྒྱ་དམར་པོའི་གདོང་ལ་ད་བུད་ཅིག།།
ང་ཉེས་མེད་ཐོག་ལ་ཅེས་ཕྱིར་རྒོལ།།
ཕ་བླ་མའི་བཞུགས་ཁྲི་ངས་མ་འཕྲོག །
བན་སེར་མོའི་སྡོམ་པ་ངས་མ་བརླགས།།
དགོན་གྲྭ་སའི་ནང་དཀྲུགས་ངས་མ་བྱས།།
དེ་བྱེད་མཁན་རྒྱལ་གདོན་ཡིན་པ་འདྲ།།
མཐུ་ནུས་པ་ཡོད་ན་དེ་ལ་ཐོངས།།
དོན་གོ་བ་ཨེ་བྱུང་ཀླུ་སྨྱོན་བུ།།
ཀུ་ཤུ་རྙོག་འཛིང་ཆེ་རུ་ཆེ་རུ།
ངས་སྔོན་དུ་མེ་ཏོག་པད་མ་དཀར་པོ་ཞེས་བསྔགས་ཡོད། ལེགས་པར་བྲིས་ཤིང་། ཀླུ་སྨྱོན་ཚང་ལ་རིགས་པ་དང་། ལུང་གི་ལན་ཡོད་ན། ད་རྒྱབ་རན་འདུག། དེ་མིན་ངག་བཀྱལ་མང་པོ་སྤེལ་དྲགས་ན། ཀུན་གྱིས་འཕྱ་སྨོད་བྱེད་པའི་གནས་སུ་འགྱུར་ངེས།
མེ་ཏོག་དཀར་པོའི་ཡིག་རྩོམ་འདིར་ཟུར་ཆག་ཡི་གེ་རོགས་རོགས་རོགས་ཞེས་དུ་མ་བཀོལ། ངས་ནི་བོད་ཀྱི་སྐད་སླར་གསོ་བ་ལ་འབད་པས། རོགས་རོགས་རོགས་ཞེས་མ་ཡིན་པར་གྲོགས་གྲོགས་གྲོགས་ཞེས་འབྲི། འདི་ལ་སྐྱུག་བྲོ་ཡང་ཕ་མའི་ཕོར་པ་ཡིན། ཞེས་པ་ལྟར་རོ། །
བོད་ཀྱི་སྐད་ཟུར་ཆག་པ་ལ་འགྲོ་སྟངས་གཉིས་སུ་མཐོང་། ལྡོག་དང་། ལྡང་སོགས་ལ་འོག་གི་ཡི་གེའི་ཟུར་ཆག་སྟེ། ལོག་དང་། ལང་སོགས་སུ་གྱུར་པ་དང་། སྐེག་དང་། གྲོགས་སོགས་ལ་གོང་ནས་ཟུར་ཆག་སྟེ། ཀེག་དང་། རོགས་སོགས་སུ་འདོན་ཅིང་འབྲི། འོན་ཀྱང་སྦལ་ཏིའི་ཡུལ་སོགས་བོད་ཆེན་པོའི་མཐའ་མཚམས་ཡོངས་ལ་ཕལ་ཆེར་ཟུར་ཆག་མེད་པར་ཡི་གེ་ཡོངས་རྫོགས་བོད་གནའ་བོའི་དུས་བཞིན་དུ་འདོན་ཅིང་འབྲི་བར་བྱེད་དོ།།
ཁ་སངས་གླུ་སྨྱོན་འཁྲོས་པའི་དམོད་པ་ཞིག་།
དེ་རིང་མེ་ཏོག་དཀར་པོས་བསྟོད་པ་ཞིག་།
ཀུ་ཤུ་གློག་ཀླད་ཁྱོད་ལ་དགའ་མོད་ཀྱང་།
ད་དུང་བདག་ལ་མེད་པའི་ཉོག་སྒྲ་མེད་།
ཧ་ཧ་ཧ་ཧ།
རྒན་ལེགས། ཉིད་ཀྱིས་སློབ་སྟོན་གནང་བར་སྤྲོ་བ་བརྟས།
ཀུ་ཤུ་མེད་ན་ཐབས་ཆག་པ།། ཀུ་ཤུ་ཡོད་ན་དེས་ཆོག་པ།། འཛམ་གླིང་མདུན་ལ་ཁྱེར་ཡོང་མཁན།། ཀུ་ཤུ་སངས་རྒྱས་གཉིས་པ་ཡིན།།
མུ་མཐུད་སློབ་སྟོན་གནང་གྲོགས།