སློབ་དཔོན་ཡན་ཧོང་པེན། ལྷ་སྡེ་གནམ་ལོ་ཡག
ཉེ་ཆར་ང་ཚོས་བསམ་ཡིད་ལས་འདས་པའི་ངང་ནས་མཐོང་བ་ནི་སྐུ་ཞབས་རྒྱལ་ལོ་དོན་གྲུབ་དང་འབུམ་རམས་པ་ཨན་ནེའུ་(Dr. Anne F.Thurston)གཉིས་མཉམ་འབྲེལ་གྱིས་བྲིས་པའི་དཔེ་དེབ་༼ཀ་ལོན་སྦུག་གི་ཐིག་པ་བཟོ་མཁན༽ཟེར་བའི་ནང་ཅི་མི་སྙམ་པའི་ལམ་ནས་རྒྱ་དམར་གཞུང་གིས་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལྐོག་གསོད་བྱས་པའི་དོན་རྐྱེན་ངོ་མ་དེ་བཞིན་ཆེད་དམིགས་ཀྱིས་བསྙོན་འབྱིན་བྱས་འདུག (མཆན་འགྲེལ།༡)
ང་ཚོ་ནི་༼སངས་རྒྱས་བཀྲོངས་པ༽རྩོམ་མཁན་ཡིན་པའི་ཆ་ནས་ལྟ་སྐབས། སྐུ་ཞབས་རྒྱལ་ལོ་དོན་གྲུབ་དང་འབུམ་རམས་པ་ཨན་ནེའུ་གཉིས་ཀྱིས་བསྲེག་བཅད་བརྡར་གསུམ་མ་བརྒྱུད་པའི་གོ་ཐོས་ཙམ་ལ་བརྟེན་ནས་རྒྱ་དམར་གཞུང་གི་ཕྱོགས་སུ་འགྲེངས་ཏེ་ནག་ཉེས་དཀར་འདོན་བྱེད་རྩིས་ནི་ཏན་ཏན་ཏིག་ཏིག་གི་བྱ་བཞག་ཅིག་མ་ཡིན་པའི་ཁར། རེ་སྟོང་བཅིངས་པ་ཙམ་ལས་མ་འདས། ནང་སྒོས་སུ་སྐུ་ཞབས་རྒྱལ་ལོ་དོན་གྲུབ་ནི་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་གི་གཅེན་པོ་དང་ཡོངས་གྲགས་མ་ཡིན་པའི་རྒྱ་འབྲེལ་སྐུ་ཚབ་ཡིན་པས། རང་ཉིད་དངོས་སུ་མདུན་དུ་ཕེབས་ནས་རྒྱ་དམར་གཞུང་གི་ནག་ཉེས་གཙང་བཀྲུ་བྱེད་འདུན་འཆིང་བ་ནི་མི་རྣམས་ཀྱི་བློ་ངོར་ཤོང་དཀའ་བ་ཞིག་རེད།
སྐུ་ཞབས་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་འདི་ལྟར་གནང་བ་ནི་བོད་ཀྱི་རང་དབང་ལས་འགུལ་གྱི་སྙིང་སྟོབས་ལ་རྒྱབ་འགལ་ཡིན་པར་མ་ཟད། བོད་ཀྱི་རང་དབང་ལས་འགུལ་ཐད་གཅེས་སྲོག་ལོངས་སྤྱོད་བཅས་པ་ཕུལ་མཁན་དཔའ་བོ་དཔའ་མོ་རྣམས་རྡོག་རོལ་བཏང་བ་ཡང་རེད་ལ། དེང་རབས་བོད་ཀྱི་ཆོས་ལུགས་ཡང་དར་དང་ཤེས་རིག་བསྐྱར་གྱི་རུ་འདྲེན་པ་ཆེན་མོ་དང་རྒྱལ་ཁབ་སླར་གསོར་བོད་མི་དམངས་ལ་སྐྱིད་སྡུག་མཉམ་མྱོང་གནང་མཁན་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཞལ་དུ་མེད་པའི་བཀའ་དྲིན་ལ་བསམ་ཤེས་མ་གནང་བའང་རེད། དོན་དངོས་སུ་འདི་ནི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་སུ་བསྟན་པའི་ལས་རྒྱུ་འབྲས་ཞེས་པ་གོ་ལྡོག་གི་བྱེད་སྤྱོད་འབའ་ཞིག་རེད་ཅེས་བཤད་ཆོག་པར་འདོད། རྒྱུ་མཚན་ཞིབ་ཕྲ་གཤམ་གསལ།
དང་པོ། ཉེ་བའི་ལོ་ངོ་དྲུག་ཅུའི་རིང་། རྒྱ་དམར་གཞུང་གིས་བོད་དུ་འགྲོ་བ་མིའི་རིགས་ལ་རྒོལ་བའི་ནག་ཉེས་(Crimes against humanity)བསགས་ཡོད། ཉི་མ་དེ་རིང་བར་དུ་རྒྱ་དམར་གཞུང་གིས་ད་དུང་བྱེད་ཐབས་སྣ་མང་སྤྱད་དེ་ནག་ཉེས་དངོས་འགེབས་སྲུང་ཅི་ཐུབ་བྱེད་ཀྱིན་ཡོད།
གཉིས་པ། དེང་གི་ཆར་བསྟུད་མར་བྱུང་བཞིན་པའི་བོད་མིའི་མེར་བསྲེག་ངོ་རྒོལ་བའི་གྲངས་འབོར་བརྒྱ་དང་བཞི་བཅུ་བརྒལ་ཡོད་པས། འཛམ་གླིང་ཡོངས་ཧང་སངས་སུ་བཅུག་ཡོད། ཡིན་ནའང་། རྒྱ་དམར་གཞུང་གིས་ངོ་རྒོལ་ལས་འགུལ་འདི་བཞིན་བཙོག་བསྒྱུར་དང་བསྙོན་འདིང་ས་བཟོ་བཞིན་པའི་ཁར། རྒྱ་དམར་གཞུང་གིས་ཕྱོགས་གཅིག་ནས་བོད་ནང་དྲག་གནོན་སྲིད་བྱུས་རྒྱུན་མཐུད་དང་། མེར་བསྲེག་ངོ་རྒོལ་གནང་མཁན་གྱི་ཤུལ་ལུས་ནང་མིར་སུན་བཙིར་གང་ཐུབ་བྱས་ཡོད། ཕྱོགས་གཞན་ཞིག་ནས་རྒྱ་དམར་གཞུང་གི་དྲིལ་བསྒྲགས་བརྒྱུད་ལམ་མཐའ་དག་བཀོལ་ནས་བོད་མིའི་མེར་བསྲེག་ངོ་རྒོལ་ལས་འགུལ་གྱི་ཤུགས་རྐྱེན་རྒྱ་ནག་དང་འཛམ་གླིང་ནང་མི་ཁྱབ་པའི་ཐད་བཀག་འགོག་ཐབས་ལམ་རབ་དང་རིམ་པ་འཐེན་ཡོད།
གསུམ་པ། དེང་སྐབས་རྒྱ་དམར་གཞུང་གིས་ཐབས་ལམ་གཉིས་མཉམ་སྤྱོད་བྱེད་ཀྱིན་ཡོད། ཕྱོགས་གཅིག་ནས་ཡོངས་གྲགས་མ་ཡིན་པའི་རྒྱ་འབྲེལ་སྐུ་ཚབ་རྒྱལ་ལོ་དོན་གྲུབ་བརྒྱུད་དེ་རྒྱལ་བ་རིན་པོ་ཆེ་བོད་ལ་ལོག་འོས་པའི་ཐད་གསང་མོལ་བྱེད་ཀྱིན་ཡོད་ལ། སྔོན་འགྲོའི་ཆ་རྐྱེན་ནི་ཕོ་བྲང་པོ་ཏ་ལ་ཕྱིར་རྩིས་སྤྲོད་པ། པེ་ཅིན་དང་རྒྱ་ནག་རི་བོ་རྩེ་ལྔ་གཉིས་ནས་བཞུགས་སྒར་ཕོ་བྲང་རྒྱག་པ། རྒྱལ་བ་རིན་པོ་ཆེ་ཡི་ཕ་ཡུལ་སྟག་འཚེར་འཛུགས་བསྐྲུན་བྱས་པ། ཐ་ན་རྒྱལ་བ་རིན་པོ་ཆེ་ཡི་སྔར་གྱི་གོ་གནས་རྒྱ་དམར་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་སྐུ་གཞོན་སླར་གསོ་བྱེད་སྲིད་སོགས་འདུས་ཡོད་པ་རེད།
ཕྱོགས་གཞན་ཞིག་ནས་རྒྱ་དམར་གཞུང་གིས་དྲིལ་བསྒྲགས་བརྒྱུད་ལམ་སྤྱད་ནས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་བ་ནི་༼མི་རིགས་ཁ་བྲལ་རིང་ལུགས་པ༽ཞིག་རེད་ཅེས་ཉེས་འཛུགས་བྱེད་ཀྱིན་པར་མ་ཟད། རྒྱལ་བ་རིན་པོ་ཆེ་ལ་རང་ཉིད་ཀྱི་སྤྲུལ་སྐུ་ཐག་གཅོད་བྱེད་པའི་ཐོབ་དབང་མེད་ཅེས་སྡིག་དམོད་བྱས་དང་བྱེད་ཀྱིན་པ་ལྟར་རེད།
བཞི་བ། ཕྱི་ལོ་ ༡༩༨༩ ལོ་ནས་དེང་གི་བར། ༼སངས་རྒྱས་བཀྲོངས་པ༽ནི་བོད་རྒྱ་མཉམ་རུབ་ཀྱིས་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ཞིབ་འཇུག་གི་དཔེ་དེབ་ཚད་གཞིར་རུང་བ་དེ་ཡིན་པར་མ་ཟད། ཉེས་དོན་སྒྲུབ་བྱེད་རིག་པའི་ཐབས་ལམ་གཞིེར་བཞག་གིས་རྒྱ་དམར་མཐོ་རིམ་དཔོན་རིགས་དང་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་གཞན་དབང་གིས་ཆོས་དབྱིངས་སུ་འཐིམས་སྐབས་དེ་གར་ཡོད་པའམ། བརྒྱུད་ནས་རྒྱུས་མངའ་ཡོད་པའི་བོད་མི་གང་མང་གི་ཚིག་ཐོ་གཙོས་འབྲེལ་ཡོད་དཔྱད་ཡིག་ཕན་ཚུན་གཤིབས་བསྡུར་དང་ཞིབ་ཕྲའི་ལམ་ནས་རིགས་འདེད་ཀྱིས་རྙེད་པའི་གྲུབ་དོན་ཡིན།
ང་ཚོ་ནི་གྲུབ་དོན་དེ་རྙེད་མཁན་ཡིན་པས། སྐུ་ཞབས་རྒྱལ་ལོ་དོན་གྲུབ་ཀྱི་རང་རྣམ་ནང་བཀོད་པའི་༼པཎ་ཆེན་སྐུ་ཕྲེང་བཅུ་བ་ནི་གཟུགས་སྟོབས་ཆེ་ཞིང་སྐུ་ཤ་ཧ་ཅང་རྒྱགས་པས་དབྱིན་པང་ ༢༥༠(མཆན་འགྲེལ།༢)ལྷག་ཡོད་པར་མ་ཟད། གཅིན་པ་མངར་འགྱུར་དང་ཁྲག་ཤེད་མཐོ་བའི་ན་ཚ་ཡོད་པའི་ཁར། ཕྱག་ལས་ཧ་ཅང་བྲེལ་བ་ཆེ་བའི༽འོག་སྐུ་གཤེགས་ཚུལ་བསྙད་པ་ནི་རྒྱ་དམར་གཞུང་གི་བཤད་སྟངས་དང་གཅིག་ཏུ་འཁེལ་འདུག་ལ། རྒྱལ་ལོ་དོན་གྲུབ་ཀྱི་དམིགས་བྱ་ལ་དོགས་པ་ཡོད་པའི་ཁར་ཐ་གཅིག་ཏུ་དགག་པ་ཡོད།
རྒྱུ་མཚན་ནི་སྐུ་ཞབས་རྒྱལ་ལོ་དོན་གྲུབ་ལགས་ཀྱི་བཤད་སྟངས་འདི་ནི་རྒྱ་དམར་གཞུང་གི་དྲིལ་བསྒྲགས་གཞིར་བཞག་གིས་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ནི་དམར་ཤོག་ཚོགས་པས་ལྐོག་གསོད་བྱས་པ་མ་རེད་ཅེས་པ་དེ་རེད།
སྐུ་ཞབས་རྒྱལ་ལོ་དོན་གྲུབ་ལགས། ཁྱེད་རང་བོད་པ་ཞིག་ཡིན་པས། རྒྱ་ནག་དམར་ཤོག་ཚོགས་པའི་རྫུན་གཏམ་དྲིལ་བསྒྲགས་ལ་ཡིད་ཆེས་རུང་ངམ། ད་དུང་རྫུན་གཏམ་བེད་སྤྱོད་ཀྱིས་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལྐོག་གསོད་བྱས་པ་མ་ཡིན་པ་སྒྲུབ་ཀྱིན་པ་ནི་རྫུན་བཤད་མཁན་གྱི་རྫུན་ཚིག་གིས་རྫུན་བཤད་མཁན་ཡང་དག་ཡིན་པར་སྒྲུབ་པ་ལས་གཉིས་སུ་མེད་སྟབས། སྤྲང་པོའི་དབྱུག་པ་སྤྲང་པོའི་མགོ་གཅོག་ཟེར་བའི་དཔེ་མ་རེད་དམ།
མཐར། སྐུ་ཞབས་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་༼ངས་ང་རང་ལས་ཁྱད་དུ་འཕགས་པ་ཞིག་ལ་མ་གཏོགས་ཕྱག་འཚལ་གྱི་མེད༽(མཆན་འགྲེལ།༣)ཟེར་བ་ལྟར། ང་ཚོས་ཀྱང་མི་གང་རུང་ཞིག་གིས་རྒྱ་དམར་དྲིལ་བསྒྲགས་ལས་ཁུངས་ཀྱི་སྐད་ཆ་བཀོལ་ནས་བོད་ཀྱི་རང་དབང་ལས་འགུལ་ལ་གནོད་སྐྱེལ་བ་དང་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ་འགེབས་སྲུང་བྱེད་དུ་འཇོག་མི་སྲིད། ང་ཚོས་རྒྱ་དམར་གཞུང་གི་འཐབ་ཕྱོགས་གཅིག་གྱུར་འོག་ཚུད་པའི་སྲིད་དོན་ཚོང་བ་ཚོར་སྒེར་དོན་ཆེད་བོད་ལ་ཐེབས་ཟིན་པའི་ཁྲག་དང་མིག་ཆུའི་ལོ་རྒྱུས་བསུབ་ཏུ་འཇོག་མི་སྲིད།
ང་ཚོས་གཟབ་ནན་གྱིས་སྐུ་ཞབས་རྒྱལ་ལོ་དོན་གྲུབ་དང་འབུམ་རམས་པ་ཨན་ནེའུ་གཉིས་ལ་ཞུ་རྒྱུར། གང་མགྱོགས་ཀྱིས་དེབ་ནང་བཀོད་པའི་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ཐད་ཀྱི་ཡང་དག་མ་ཡིན་པའི་བཤད་སྟངས་ལ་ཡོ་བསྲང་དང་། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་དཔའ་བོའི་རྣམ་ཤེས་ལ་དགོངས་དག་ཞུ་དགོས།
རྒྱ་དམར་དྲག་གཞུང་ལ་ངོ་རྒོལ་གནང་བཞིན་པའི་མེར་བསྲེག་དཔའ་བོ་དཔའ་མོ་རྣམས་དང་སྔར་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ཀྱི་ཚེ་སྲོག་ཤོར་པའི་རྣམ་ཤེས་ལ་བཟོད་གསོལ་ཞུ་རོགས།
གལ་སྲིད་དགག་བྱ་ཡོད་ན། ང་ཚོས་ཡོངས་གྲགས་ཀྱི་ལམ་ནས་བརྒལ་བརྟག་བྱེད་པར་དགའ་བསུ་ཞུ་ངེས་ཡིན་ལ། འཛམ་གླིང་ལ་གྲུབ་དོན་ཐད་བརྡར་ཤ་གཅོད་དུ་འཇུག་ཆོག
(སློབ་དཔོན་ཡན་ཧོང་པེན། རྒྱ་ནག་གི་སྐད་གྲགས་ཅན་གྱི་བཙན་བྱོལ་མཁས་དབང་། པེ་ཅིན་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སྡེ་ཁག་ཉེས་དོན་ཞིབ་བཤེར་བཅའ་ཁྲིམས་སློབ་དཔྱོད་ཁང་གི་འགན་འཛིན་ཟུར་བ། དེང་སྐབས་ཐེ་ཝན་ཁེ་ནན་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སྡེ་ཁག་གི་འཆད་ཁྲིད་སློབ་དཔོན་གྱི་ཕྱག་ལས་གནང་མུས་ཡིན། )
(ལྷ་སྡེ་གནམ་ལོ་ཡག བོད་རྒྱ་སྐད་གཉིས་སྙན་ངག་པ། སྒེར་ངོས་ནས་བོད་རིག་པར་ཞིབ་འཇུག་བྱེད་མཁན་ཞིག་ཡིན། )
ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༦ ཚེས་ ༢༢ ཉིན།
མཆན་འགྲེལ།
(༡) ༼ཀ་ལོན་སྦུག་གི་ཐིག་པ་བཟོ་མཁན༽(The Noodle Maker of Kalimpong) Dr. Anne F. Thurston) རྒྱལ་ལོ་དོན་གྲུབ་དང་འབུམ་རམས་པ་ཨན་ནེའུ(Dr. Anne F.Thurston)གཉིས་མཉམ་འབྲེལ་གྱིས་བྲིས་པ་དང་། དེབ་ནང་དུ་༼པཎ་ཆེན་སྐུ་ཕྲེང་བཅུ་བ་ནི་གཟུགས་སྟོབས་ཆེ་ཞིང་སྐུ་ཤ་ཧ་ཅང་རྒྱགས་པས་དབྱིན་པང་ ༢༥༠ ལྷག་ཡོད་པར་མ་ཟད།
གཅིན་པ་མངར་འགྱུར་དང་ཁྲག་ཤེད་མཐོ་བའི་ན་ཚ་ཡོད་པའི་ཁར། ཕྱག་ལས་ཧ་ཅང་བྲེལ་བ་ཆེ༽ཞིང་། ༼ཁོ་རང་ནི་ལུས་པོ་བདེ་ཐང་མེད་པའི་མི་ཞིག་རེད། ང་རང་ལ་ཁོ་རང་དུག་གིས་བཀྲོངས་སོང་ཟེར་བའི་དཀྲོགས་གཏམ་དེར་ཡིད་ཆེས་མེད་པར་མ་ཟད། སྐབས་དེར་ཝུན་ཅ་པའོ། ཡན་མཱེན་ཧྥུ་དང་ཨེམ་རྗེ་སོགས་ཀྱིས་གང་ཐུབ་བྱས་ནས་ཁོ་རང་གི་སྲོག་སྐྱོབ་ཨེ་ཐུབ་བྱས་ཡོད་པར་ཡིད་ཆེས་ཡོད༽ཚུལ་བཀོད་འདུག (དབྱིན་དེབ་འདིའི་ཤོག་ལྷེ་ ༢༨༡ དང་ ༢༨༢ གསལ།)
(༢) དབྱིན་པང་ ༢༥༠ ནི་སྤྱི་རྒྱ་ ༡༡༣.༤ དང་རྒྱ་མ་ ༢༢༦.༨ རེད།
(༣) ཕྱི་ལོ་ ༢༠༠༢ ལོར་རྒྱ་དམར་གཞུང་གིས་རྒྱལ་ལོ་དོན་གྲུབ་བོད་ནང་གཟིགས་བསྐོར་དུ་ཁྲིད་ཡོད་ཅིང་། གཙང་བཀྲ་ཤིས་ལྷུན་པོར་བཞུགས་པའི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་ལ་ལྟ་བསྐོར་དུ་བསྐྱོད་སྐབས། ཁོ་རང་ཁྲིད་མཁན་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་དེས་རྒྱལ་ལོ་དོན་གྲུབ་ལ་འདྲི་རྒྱུར། བོད་མི་ཚོ་འདིར་ཡོང་ན་ཚང་མས་ཕྱག་འཚལ་གྱི་འདུག ཁྱོད་ཀྱིས་ཕྱག་མི་འཚལ་དོན་ག་རེ་ཡིན་ཞེས་དྲིས་འདུག
རྒྱལ་ལོ་དོན་གྲུབ་ཀྱིས་༼ངས་ང་རང་ལས་ཁྱད་དུ་འཕགས་པ་ཞིག་ལ་མ་གཏོགས་ཕྱག་འཚལ་གྱི་མེད། ང་རང་གིས་པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་གུས་བརྩི་ཞེ་དྲག་ཞུ་གི་མེད། ཁོ་རང་གཤེགས་རྗེས་ངས་ཁོང་ལ་ཕྱག་འཚལ་དགོས་པ་ཞིག་ཚོར་གྱི་མི་འདུག༽ (དབྱིན་དེབ་འདིའི་ཤོག་ལྷེ་ ༢༩༢ གསལ།)
སྤྱིར་ཕྱག་འཚལ་མིན་ནི་མི་སྒེར་གྱི་རང་དབང་རེད། ཡིན་ནའང་། རྒྱལ་ལོ་དོན་གྲུབ་ལགས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་ཞེས་ངོས་ལེན་བྱེད་མཁན་ཕལ་ཆེར་ཡོད་སྲིད་ཀྱི་མ་རེད་འདོད།
(༤) རྩོམ་ཡིག་འདིའི་ཁ་བྱང་བོད་ཡིག་ནང་དུ་བསྡུ་བསྐོང་བྱས་ཡོད་པས། དེང་ཕྱིན་རྒྱ་ཡིག་དང་དབྱིན་ཡིག་ཁ་བྱང་ཚད་གཞིར་འཛིན་དགོས།
ཨ་མ་མ། ད་གང་ལ་ཉན་དགོས་རེད།
རྒྱལ་ལོ་དོན་གྲུབ་ལགས་ཀྱི་དཔེ་དེབ་དེ་ཆ་ཚང་བཀླགས་པ་ཡིན། དེའི་ནང་ཞིབ་འཇུག་གི་རྣམ་པ་མེད་པར་བྱུང་རྒྱལ་དུ་གསུངས་པ་ལྟ་བུའི་སྐད་ཆ་མང་པོ་འདུག དཔེ་མཚོན་གཅིག་བཀོད་ན། ཁོང་གིས་གྱ་དགུའི་བོད་ནང་གི་དོན་རྐྱེན་དེ་ཕྱི་ལོགས་ནས་ངན་བསྐུལ་འོག་བྱུང་ལུགས་གསུངས་ཡོད། དེའི་སྒྲུབ་བྱེད་ལ་ཕྱི་གླིང་བ་མི་ཉུང་བ་ཞིག་བོད་དུ་ཕྱིན་པ་དང་ཁོ་ཚོས་རྒྱལ་བའི་སྐུ་པར་དང་ཞི་བདེའི་གཟེངས་རྟགས་བཞེས་སྐབས་ཀྱི་བརྙན་མཐོང་རིགས་ཁྱེར་ཡོད་ལུགས། སྐད་ཆ་དེ་རིགས་ཤོད་མཁན་ཧོང་ཀོང་ན་ཡོད་པའི་རང་ཉིད་ཀྱི་གྲོགས་པོ་ཞིག་ཡིན་ལུགས་གསུངས་ཡོད། འོན་ཀྱང་། རྒྱ་གྲོགས་དེས་རང་ཉིད་ཀྱིས་རྒྱལ་ལོར་སྐད་ཆ་དེ་རིགས་བཤད་པ་དྲན་གྱི་མེད་ལུགས་དེབ་འབྲི་མཁནག་ྱིས་གསལ་བཤད་ནང་བྲིས་འདུག གང་ལྟར། ཁོང་གི་དཔེ་དེབ་དེར་གནད་དོན་མི་ཉུང་བཞིག་ལ་ཞིབ་ཕྲ་དང་ཞིབ་འཇུག་གི་རང་བཞིན་གཅིག་ཀྱང་མི་འདུག དེེར་བརྟེན། དེབ་འདི་འབྲི་རྩོམ་བྱེད་མཁན་ཨེ་ན་ཡིས་མཐའ་མཇུག་ཏུ་རང་ཉིད་ཀྱིས་འདོད་ཚུལ་དང་རྒྱལ་ལོའི་བཀའ་མོལ་གྱི་འགལ་འདུ་རྣམས་བཏོན་འདུག དེའི་རྒྱུ་མཚན་ནི་ོཁོ་མོས་དེབ་དེར་རིན་ཐང་ཡོང་གི་མེད་ཙང་། རང་ཉིད་དཀར་འདོན་ནམ་རང་ཉིད་ཀྱི་མཚན་སྙན་ལ་སྲུང་སྐྱོབས་བྱས་པ་ཞིག་རེད།
འདས་པ་རྗེས་འདེད་བྱེད་པ་བྱིས་པའི་བློ།།
མ་འོངས་མདུན་བསུ་བྱེད་པ་རྒན་ཁོག་བློ།།
ད་ལྟ་ལག་ལེན་བསྟར་བ་མཁས་པའི་བློ།།
དུས་གསུམ་མཉམ་བསྲེས་བྱེད་པ་རྩིས་མཁན་བློ།།
ལྷ་སྡེ་གནམ་ལོ་ཡག
ཐིག་པ་མ་རེད། ཐུག་པ་རེད།
ཁྱེད་རང་བོད་པ་ཞིག་ཡིན་ན་
རྒྱ་མི་ཡན་ཧོང་པེན་གྱི་ཁ་ལ་ཉན་ཡ་ཡོད་མ་རེད།
རྒྱ་འཕྲུལ་ཆེ།། བོད་དད་པ་ཆེ།།
སྐུ་ཞབས་ཁོངཐོག་མར་ཨོ་སི་ཀྲི་ལི་ཡར་ཕེབས་ནས་སྐྱབས་བཅོལ་ཞུ་སྐབས་ངས་བོད་དོན་ལྷན་ཁང་ནང་དྭངས་བླངས་ཀྱི་ལས་ཀ་བྱེད་བཞིན་ཡོད། ཕྱི་ལོ་༢༠༠༤་ལོའི་ཕྱི་ཟླ་༨་པའི་ཚེས་༤་ཉིན་སིག་ནེའི་གྲོང་ཁྱེར་ནང་ང་ཚོ་གསང་བའི་ཐོག་ནས་འཛོམས་པའི་ཚིག་ཐོ་ངས་ད་ལྟ་ཡང་ཉར་ཡོད། སྐབས་དེར་ཁོང་གིས་པཎ་ཆེན་རིན་པོ་ཆེའི་སྐོར་ལ་རྒྱུས་ལོན་དེ་ཙམ་མེད་གསུང་གི གང་ལྟར་སྲིད་དོན་མཁས་པ་འདི་ཚོ་ཅི་འདྲའི་གསང་བ་ལྐོག་གྱུར་ཞིག་རེད་ཨང་།
དགེ་འདུན་རྒྱ་མཚོ་ཕེབས་ནས་ཡིག་ནོར་དག་བཅོས་གནང་བར་བཀའ་དྲིན་ཆེ། ཞི་མོལ་ཟེར་བ་ནི་ཕ་རོལ་བོས་ནག་ཉེས་ངོས་ལེན་བྱས། ཚུར་ཕྱོགས་ནས་དེ་མཐུན་གྱི་གུ་ཡངས་བརྒྱུད་ནས་འགྲིག་མཐུན་ཡོང་དགོས་པ་ལས་ཕ་རོལ་བོའི་ནག་ཉེས་འགེབས་ཐབས་བྱེད་ཀྱིན་པ་ནི་ཞི་མོལ་ལ་ཕན་ཐོགས་མེད་པའི་ཁར། དོགས་གཞི་ཆེན་པོ་ཆགས་ཡོད། དེ་ལུགས་མི་ཤེས་མཁན་ཚོས་སྐད་ཆ་མ་བཤད་གོང་དུ་བསམ་བློ་གང་འཚམས་གཏོང་རོགས་ཞུ་གི་ཡིན།
པཎ་ཆེན་བཅུ་པ་མཆོག་གི་འདས་རྐྱེན་ལ་གསང་བ་བློའི་ཡུལ་ལས་འདས་པའི་གནས་ཚུལ་འགའ་ཐོན་རྒྱུ་ཡོད་ན་སུའི་ཤེས། ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་ལ་ཡང་དེ་དེ་བཞིན་རེད། དེང་སྐབས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་གནས་སྟངས་སྐོར་དགའ་ལྡན་ཕོ་བྲང་དང་བོད་མིའི་མཛད་གཙོ་འགའི་གསལ་རྟོགས་ཡོད་ཀྱང་ཕྱིར་སྒྲག་བྱེད་ཀྱི་མེད་པའི་ལྐོལ་གྱུར་གྱི་བསང་བ་འགའ་ཡང་ཡོད་པའི་གླེང་ཡོང་གི་འདུག།
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་སྨན་རྩིས་ཁང་། གཞན་ཡང་ཨོ་སི་ཀྲི་ལི་ཡར་ཡོད་པའི་སྨན་པ་རྣམས་ནས་འགན་འཁུར་ཆེ་ཙམ་བཞེས་ན་མ་གཏོགས་སྨྱོ་ལབ་རྒྱག་མཁན་གྱི་རིག་འཚོ་མ་ཟིན་མཁན་མང་དུ་འགྲོ་བཞིན་འདུག གནམ་ལོ་ཡག་རྡ་སར་ཡོད་དུས་ནས་རིག་འཚོ་མ་ཟིན་མཁན་ཞིག་ཡོན་སྐོར་གངས་ཅན་སྐྱིད་གཤོང་དུ་གནས་སྡོད་མཁན་ཚང་མས་ཤེས་གསལ་ཡིན་པ་དང་། ཁོང་ཉིད་ཨོ་སི་ཀྲི་ལི་ཡར་སླེབས་ཚར་རྗེས་དཔལ་འབྱོར་ཚེ་རིང་ལྟར་རྒྱ་ལྡོམ་ཁག་ཅིག་ལ་འབྲེལ་བ་བཙུགས་ཤིང་། བོད་མིའི་སྒྲིག་འཛུགས་སྐྱོན་བརྗོད་དང་བོད་མིའི་སྒྲིག་འཛུགས་ཀྱི་འགོ་འཁྲིད་ཁག་ལ་བསྙོན་འདིང་འགོ་ཚུགས་ཡོད། སླད་ཕྱིན་འདིའི་རིགས་ནས་ཅི་བྱེད་ད་དུང་ཆ་མ་འཚལ་བས་ལྷ་རབ་བྱུང་ན་སྨན་པ་རྣམས་ནས་རིག་འཚོ་མ་ཟིན་པའི་གསལ་བསྒྲགས་དང་སྨྱོན་པའི་སྨན་ཁང་དུ་བསྐྱལ་ཐུབ་ན་ལེགས།
རྒྱལ་ལོ་དོན་གྲུབ་པན་ཆེན་ལ་གཏན་ནས་མི་དགའ་བ་རེད་འདུག་ག
མ་གཞི་ནས་བོད་ཀྱི་བླ་ཆེན་དཔོན་ཆེན་ཚོ་འཆི་ན་གསོན་རྙོག་གཞི་ཅན་རེ་རེད་འདུག་ག།
ཡན་ཧོང་པེན་དང་ལྷ་སྡེ་གཉིས་ལ་འདི་ནས་དྲན་གསོ་ཞིག་བྱེད་རྒྱུ་ཡོད། རྒྱལ་ལོའི་དེབ་ནང་བརྗོད་པ་བཞིན་༡༩༥༠་ནང་པན་ཆེན་ནས་མོའུ་ཀྲུས་ཞི་ལ་བོད་བཅིང་གྲོལ་གཏོང་རོགས་ཞེས་བའི་རེ་འབོད་ནི་ད་ལྟའི་པེ་ཅིན་མི་རིགས་འགྲེམ་སྟོན་ཁང་ལ་ལྟ་ས་ཡོད་པ་དང་བཀྲ་ཤིས་ལྷུན་པོའི་པན་ཆེན་བཅུ་བའི་ལོ་རྒྱུས་ཀྱི་ནང་ཡོད་པར་ལོག་བྱས་ནས་བཀོད་འདུག།
པན་ཆེན་ཨེར་ཏི་ནི་དུག་གིས་བཀྲོངས་པ་རེད་ཟེར་ན་མཐོང་ཆུང་གི་སྐད་ཆ་རེད། གང་ཡིན་ཞེ་ན་པན་ཆེན་ཐམས་ཅད་མཁྱེན་པའི་ཟ་མའི་ནང་དུ་དུག་ཡོད་པ་མ་ཤེས་པ་བསྟན་པ་རེད། གལ་ཏེ་པན་ཆེན་རིན་པོ་ཆེས་ཁོང་གི་ཟ་མའི་ནང་དུ་དུག་ཡོད་པའང་མ་ཤེས་ན་ཅི་འདྲའི་ཁ་ཐབས་སྐྱོ་བ་ལ། ཕལ་ཆེར་བཀྲོངས་རྐྱེན་དངོས་གནས་དེ་ང་ཚོའི་བསོད་ནམས་ཀྱིས་མ་ཆོག་པ་རེད་སྙམ། །
ད་ཡག་པོ་རེད། གནད་དོན་མང་པོ་ཕྱི་ལོགས་སུ་ཐོན་ཡོང་གི་འདུག ༼ངས་ང་རང་ལས་ཁྱད་དུ་འཕགས་པ་ཞིག་ལ་མ་གཏོགས་ཕྱག་འཚལ་གྱི་མེད། ང་རང་གིས་པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་གུས་བརྩི་ཞེ་དྲག་ཞུ་གི་མེད། ཁོ་རང་གཤེགས་རྗེས་ངས་ཁོང་ལ་ཕྱག་འཚལ་དགོས་པ་ཞིག་ཚོར་གྱི་མི་འདུག༽ ས་དབང་ཆེན་མོ་རྒྱལ་ལོ་དོན་གྲུབ་མཆོག་གི་གསུང་འདི་རྩ་ཆེན་པོ་ཞེ་དྲག་རེད། ག་རེ་སྟོན་གྱི་འདུག་ཅེ་ན། ག་རེ་བྱས་ནས་པན་ཆེན་ཆུང་སྲིད་རིན་པོ་ཆེ་སྔ་བསྒྲགས་གནང་དགོས་བྱུང་པ་རེད་ཅེས་པའི་ལན་རེད། རྡོག་རྡོག་ཞུས་ན། ཡབ་གཞིས་ནས་པན་ཆེན་འགོག་རྐྱེན་ཞིག་ཏུ་ལྟ་བཞིན་པར་གསལ་ཁ་བཏོད་འདུག
པན་ཆེན་རིན་པོ་ཆེ་ལ་དུག་ཕུལ་ཡོད་ན་ཕུལ་མཁན་སུ་རེད་གསལ་བཤད་དགོས་འདུག་།
ཁོང་གི་གསོལ་དཔོན་དང་གཟིམ་དཔོན་ཞབས་ཕྱི་ཚང་
མ་བོད་མི་ལས་རྒྱ་མི་གང་ནས་།
བོད་མིའི་ཞབས་འདྲེན་རེད་།མ་གཞི་ནས་བོད་ཀྱི་བླ་
ཆེན་དང་མི་ཆེན་དེ་ཤི་ཚར་རྗེས་གླེང་གཞི་མང་པོ་
བཟོ་བཞིན་པ་འདི་ཡག་རྟགས་ཤིག་གང་ནས་ཡིན་།
སྐད་བརྒྱབ་ནས་ཡོང་ཡ་ཞིག་མ་རེད། རྩོད་པ་རྒྱག་ཆོག་ལབ་འདུག་ག མདོ་སྨད་དབུས་རྒྱུན་ནས་སྐུ་ངོ་རྒྱལ་ལོ་གདན་དྲངས་ནས་རྩོད་པ་བྱེད་དུ་བཅུག་ན་གསལ་ཁ་ཐོན་གྱི་རེད་པ།
རྒྱ་ལོས་་་པཎ་ཆེན་རིན་པོ་ཆེས་ཁོང་གི་གོ་གནས་བསྐྱར་གསོ་བྱེད་རྒྱུར་ཁོ་ལ་ངོ་ཆེན་ཞུ་ཚུལ་དང་། པཎ་ཆེན་གྱི་སྐུ་གདུང་ལ་ཕྱག་མ་འཚལ་ཚུལ་སོགས་རང་ཉིད་ཁྱད་འཕགས་ཀྱི་སྐྱེས་བུ་ཞིག་ཡིན་པར་ནན་བསྒྲུབས་བྱེད་ཀྱི་འདུག་ཀྱང་། གཞིས་བྱེས་བོད་མི་ཡོངས་ཀྱི་སེམས་ན་སུ་ཞིག་བོད་ལ་བཀའ་དྲིན་ཆེ་མིན་གསལ་བོ་ཡིན། ད་ལྟའི་བར་རྒྱ་ལོའི་བོད་དང་རྒྱལ་སྤྱིའི་ཆེ་ཐོངས་ནི་༼སྐུའི་གཅེན་པོ༽ཞེས་པའི་ཡིག་འབྲུ་དེའི་སྲུང་སྐྱོབ་འོག་ནས་ཕྱིན་པ་ཤ་སྟག་ཡིན་པས། དེ་མེད་ན་ཁོ་ནི་མི་དཀྱུས་མ་ཞིག་ཡིན། ཁ་སང་དེ་རིང་རྒྱ་ནག་གིས་རྒྱ་ལོའི་ལོ་རྒྱུས་ལ་ཁ་གཡར་ཏེ་རྒྱལ་བ་རིན་པོ་ཆེས་ཀྱང་གཅེན་ལ་སློབ་སྦྱོང་བྱེད་དགོས་སོགས་རྩོམ་ཡིག་མང་བོ་འབྱུང་གི་འདུག འདི་ནི་དེབ་དེ་རྗེས་འབྲེལ་གྱི་བྱས་རྗེས་གཅིག་རེད། དོན་དམ་པས་རྒྱ་ལོས་བོད་ལ་ལེགས་ཉེས་ཀྱི་འབྲས་བུ་ཅི་ཞིག་བསྐྲུན་ཡོད་པ་གཟུར་གནས་རྣམས་ཀྱིས་དཔྱད་པར་འཚལ།
རྒྱལ་ལོའི་ལོ་རྒྱུས་ཤེས་འདོད་་ན་ཨ་མྱེས་་རྨ་ཆེན་ནས་གཏོན་པའི་དེབ་བཙན་རྒོལ་རྒྱལ་སྐྱོབས་དང་པོ་ནས་རིམ་བཞིན་ཀློག་ན་དེ་ནས་ངོ་འཕྲོད་ཐུབ་།
གནམ་ལོ་ཡག་དང་རྒྱ་རྒན་འདི་གཉིས་ཀས་བཤད་འདོད་པ་ངོ་མ་དེ་བཞག་ནས་རྒྱ་དམར་ཚང་གིས་བཅས་རབས་ལས་རབས་ཤིག་མང་པོ་ཞིག་ཁ་བཅད་ནས་སྣ་ལ་སྦྱར་རྣ་བཅད་ནས་རྐུབ་ལ་སྦྱར་འདུག པཎ་ཆེན་མཆོག་རྒྱ་དམར་ཚང་གིས་བསད་པ་ཡིན་ན་དེ་ཡིན་པའི་སྒྲུབ་བྱེད་བཙན་པོ་དགོས་རེད་ལྦཱ། དེ་མེད་པར་དེ་ཚང་གི་བཅས་རབས་ལས་རབས་བཤད་ནས་སྒྲུབ་ཀྱི་ཡིན་ཟེར་ན་གླེན་བཤད་རེད་པཱ། གལ་ཏེ་པེ་ཅིན་གཞུང་གིས་རྒྱ་རྒན་དེ་དང་ཁྱོད་གཉིས་ཁྲིམས་ཁང་དུ་ཤོག་ཟེར་ན་བདེན་དཔང་འདི་ཙམ་ལས་མེད་ན་ཁག་པོ་རེད་དོ།
རྒྱལ་ལོའི་ལོ་རྒྱུས་དེབ་ཐོག་འཚོལ་དགོས་ནི་མ་རེད། ཁོང་གསོན་པོ་གནས་ཡོད་ལ། ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་མཛད་པ་ཡོངས་རྫོགས་ལ་རྒྱུས་མངའ་ཡོད་པའི་རྒྱ་བོད་དབྱིན་གསུམ་གཙོས་པའི་མི་སྣ་མང་དག་ཞིག་ཀྱང་སྐུ་ཚོར་བཞུགས་ཡིན། དེ་དག་གིས་བཤད་པའི་རྒྱལ་ལོའི་སྐྱོན་ཡོན་རྣམས་ལ་དབྱེ་གཞིག་དང་གླེང་མོ་ནི་མི་དངོས་ཡོད་པས་ཕྱོགས་ཕན་ཚུན་གཉིས་ཐད་ནས་དག་གསལ་བཟོ་རྒྱུར་གོ་སྐབས་ཡོད། བོད་ཀྱི་སྤྱི་ཚོགས་འདིར་རྒྱལ་ལོའི་མཛད་པ་བཟང་ངན་གྱི་དྲི་མ་མ་ཡས་པ་གནས་ཡོད་པས་སོ།
གནམ་ལོ་གཡག་གིས་གསུངས་པ་དེར་རྒྱབ་སྐྱོར་ཡོད། སྤྱིར་པན་ཆེན་དུག་གིས་བཀྲོངས་པའི་དཔང་རྟགས་སྟོན་རྒྱུ་མེད་ཀྱང་། དུག་གི་མ་བཀྲོངས་པའི་དཔང་རྟགས་ཀྱང་། རྒྱལ་ལོ་མཆཽག་ལ་བཏོན་རྒྱུ་མེད། དེས་ན། གནད་དོན་རྩོད་གཞི་ཅན་ཞིག་དང་བོད་པའི་ངོས་ནས་བཤད་ན། གསལ་ཁ་བཟོ་དགོས་པའི་གནད་དོན་ཞིག་རེད། ཕྱོགས་གཞན་ཞིག་ནས་རྒྱལ་ལོ་མཆཽག་གིས་སྐུ་དྲག་མི་དྲག་ཚོས་ཁོང་གི་ཡབ་བཀྲོངས་ལུགས་གསུང་གི་ཡོད་པ་རེད། དེ་ཡང་དཔང་རྟགས་ཁུངས་བཙན་གཅིག་ཀྱང་མེད་པ་ལྟ་བུ་རེད། དེ་ཙམ་དུ་མ་ཟད་ཡབ་བཀྲོངས་མཁན་གྱི་རྒྱབ་ལོགས་སུ་ཞབས་སྒབ་ཀྱང་ཡོད་ལུགས་གསུངས་ཡོད། མདོར་ན་སྐད་ཆ་དེ་རིགས་ལ་ཁུངས་ལུངས་གཏན་ནས་མི་འདུག ཁོང་གིས་རང་ཉིད་ཀྱི་ཡབ་ལ་གླང་ཆེན་སྨྱོན་པ་ཟེར་བ་སྤྲད་ནས་བཀྲོངས་ལུགས་གསུངས་ཡོད་འོན་ཀྱང་། གླང་སྨོན་ནི་སྨན་རིགས་ཤིག་ལས་དུག་ཤིག་པ་འདྲ། དེ་གཅིག་ཡིན། གནད་དོན་དེའི་སྐོར་ལ་ཁོང་གི་ལོ་རྒྱུས་འབྲི་མཁན་ཨ་ན་མཆོག་གིས་་་་་ཁོང་གི་ཡབ་སྙུང་་ནས་ཉིན་གྲངས་བཞི་བཅུ་ཞེ་ལྔ་པྱིན་པའི་རྗེས་སུ་གྲོངས་པ་རེད། གལ་ཏེ་དུག་ཕུལ་བ་ཡིན་ན་ཉིན་གྲངས་དེ་ཙམ་བཞུགས་ཀྱི་ཨ་ཡོད་་་་ལྟ་བུ་ཞིག་གསུངས་ཡོད། དེས་ན་རྩོམ་པ་པོ་ཁིང་རྒྱལ་བའི་ཡབ་ལ་བཀྲན་ནད་ཕོག་མེད་དམ་སྙམ་པའི་དོགས་གཞི་ཞིག་ཀྱང་གསུངས་ཡོད། པན་ཆེན་རིན་པོ་ཆེར་མཆཽན་ན། བོད་མི་རིགས་ཀྱི་ཆེ་དུ་སྐུ་སྲོག་བློས་གཏོང་གནང་མཁན་གྱི་དཔའ་རྒོད་གཅིག་རེད། གཉིས་ཐད་ནས། པན་ཆེན་རིན་པོ་ཆེས་བྲིས་གནང་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེ་ཡང་། སྐུ་ངོ་རྒྱལ་ལོས་བྲིས་པའི་དཔེ་དེབ་ལས་ལྡབ་འགྱུར་གྱི་རིན་ཐང་ཆེ་ལ་དཔང་རྟགས་ཁུངས་བཙན་ཡོད་པ་ཞིག་རེད། དེ་ནི་རྒྱལ་ལོ་ལགས་ཀྱི་ལོ་རྒྱུས་འབྲི་མཁན་ཨེ་ན་ཁོང་གིས་གསལ་པོ་གསུངས་ཡོད། ལྷག་པར་དུ། སྐུ་ངོ་རྒྱལ་ལོའི་ལོ་རྒྱུས་ཕྱོགས་ཡོངས་ནས་བལྟས་ན། བོད་མི་རིགས་འདིའི་ཆེད་དུ་སྐུ་ངལ་སྐྱོན་ཡོད་པ་དངོས་ཡོད་གནས་ཚཱུལ་རེད། འདིར་ཕྱོགས་རིས་ཀྱི་སྐད་ཆ་བཤད་ནས་ཕན་ཐོགས་གང་ཡང་མེད་པ་རེད། མདོར་ནས་ཞུས་ན། སྐུ་ངོ་མཆོག་གིས་དེ་སྔོན་བྱུང་བ་མི་ཉུང་བཞིག་ལ་ལག་པ་འཆང་ཡོད་ཀྱང་ དེ་དག་གི་བྱུང་རྐྱེན་དང་རྒྱུད་རིམ། མཇུག་འབྲས་སོགས་གང་ཡང་གསུངས་མེད་སྟབས། དཔེ་དེབ་དེ་བལྟ་མཁན་རྣམས་ཀྱིས་རྒྱབ་ལོགས་ཀྱི་གནས་ཚུལ་མི་ཉུང་བ་ཞིག་དཔེ་དེབ་གཞན་པ་ནས་མ་ཤེས་ན། གླིང་སྒྲུང་བལྟས་པ་ལྟ་བུ་ལས། དེ་ཙམ་མངོ་ཐོག་པ་ཞིག་མཐོང་མ་སོང་།
སྐུའི་གཅེན་པོས་གསུངས་པ་ལྟ་བུ་ཞིག་ཅུང་མིན་སྙམ། པཎ་ཆེན་སྐུ་ཤ་རྒྱགས་པ་རེད། ཡིན་ན་ཡང་། འགྲོ་འདུག་ལ་དཀའ་ངལ་ཡོད་མཁན་དེ་འདྲ་གཏན་ནས་མ་རེད། ཕྱག་འཚལ་དུས་མི་གཉིས་ཀྱིས་རོགས་པ་བྱེད་དགོས་གསུངས་པ་དེ་ཡང་མི་བདེན། སྤྱིར་ན་བླ་ཆེན་ཚོ་ཕེབས་བཞུད་སྐབས་མི་གཉིས་ཀྱིས་གཡས་གཡོན་གྱི་ཕྱག་ལ་བཟུང་ནས་འགྲོ་བ་དང་། ཕྱག་འཚལ་སྐབས་སུ་དེའི་རོགས་བྱེད་པ་དེ་ནི་བླ་ཆེན་ཚོར་གུས་ཞབས་ཀྱི་རྣམ་འགྱུར་ཡིན་པ་ལས་བླ་མ་དེ་ལངས་འདུག་མི་ཐུབ་པའི་དོན་མ་རེད།་པཎ་ཆེན་སྐུ་གཟུགས་ཐངས་པོ་མེད་ཟེར་བ་དེ་ཅུང་མི་བེན་སྙམ། པཎ་ཆེན་ལ་ན་ཚ་ངན་པ་ཡོད་ཚུལ་དེ་འདྲ་གོ་ཡང་མ་མྱོང་།
གླང་ཆེན་སྨྱོན་པ་ཟེར་བ་དེ་བཟི་སྨན་ལྟ་བུ་ལུས་ཀྱི་ཚོར་བ་མེད་པར་གྱུར་འགྲོ་བ་ཞིག་ཡིན་ཚུལ་འདུག དེ་ནི་སྔོན་མར་མིས་ལུས་ཀྱི་དབང་པོ་ཡན་ལག་གཅོད་འབྲེགས་ཀྱི་ཉེས་ཆད་གཅོད་སྐབས་སུ་ལུས་ཀྱི་ན་ཟུག་མེད་པར་བྱེད་པར་སྤྲད་སྲོལ་ཡོད་པ་མ་གཏོགས་མི་གསོད་སྤྱད་ཅིག་མ་རེད་ཟེར་བ་ཐོས་མྱོང་།
ལྷན་རྒྱས་ཕེབས་ནས་བགྲོ་གླེང་གནང་བར་བཀའ་དྲིན་ཆེ། མུ་མཐུད་དུ་གསུང་རོགས། དེ་མིན་གོང་དུ་གཟུགས་མེད་ཅིག་གིས་ཁྲིམས་ཁང་དུ་སོང་ན་སྒྲུབ་བྱེད་ཡོད་མེད་ཀྱི་སྐད་ཆ་ཞིག་བཤད་ཀྱིན་འདུག ང་ཚོས་སྔར་༼སངས་རྒྱས་བཀྲོངས་པ༽འགྲེམས་སྤེལ་དང་མཉམ་དུ་ཁྲིམས་ཁང་ལ་གཏུགས་མི་ཡོད་ན་དགའ་བསུ་ཡོད་ཅེས་བསྒྲགས་ཡོད། ད་དུང་ཡིན་ནའང་ཁྲིམས་ལ་གཏུགས་མཁན་ཡོད་ན་དགའ་བསུ་ཡོད། དེའི་མ་ཚད་སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས་ལ་ཡོངས་གྲགས་སུ་རྩོད་པ་བྱེད་པར་རེ་བསྐུལ་བྱས་ཡོད། དེ་གཅིག་ཡིན།
སྤོབས་པ་ལགས་ཀྱིས་གསུངས་པ་རང་རེད། པཎ་ཆེན་རིན་པོ་ཆེ་ན་ཚ་འདུག་ཅེས་བཤད་མཁན་རྒྱལ་ལོ་ལས་བྱུང་མི་འདུག ཡོང་ཁུངས་གསལ་མི་འདུག སྐུ་ཕྱག་ཕུལ་སྐབས། རྒྱལ་བ་རིན་པོ་ཆེ་མཆོག་ལའང་མི་གཉིས་ཀྱིས་རོགས་པའམ་ཞབས་ཞུ་བྱེད་ཀྱིན་འདུག་པས། དེ་ནི་སྐུ་གཟུགས་བདེ་ཐང་མེད་པའི་སྒྲུབ་བྱེད་དུ་འགྲོ་དཀའ། ད་ཚང་མས་མུ་མཐུད་ནས་གསུང་རོགས།
སྤྱིར་ན་གང་དུ་འཆི་དང་རྐྱེན་ཅིས་འཆི་ཟེར་ནས་བཤད་ཤེས་གི་མ་རེད། ང་རང་ཚོའི་བློ་སྦྱོང་གི་གཞུང་ནས་ཚེ་མི་རྟག་པའི་རང་བཞིན་བཤད་པ་ལྟར་རེད། ཡིན་ན་ཡང་། པཎ་ཆེན་སྐུ་གཟུགས་ཐངས་པོ་མེད་ཟེར་བ་དེ་བདེ་པ་མ་རེད། སྐུ་ཤ་རྒྱགས་ནས་འགྲོ་འདུག་དཀའ་ཚུལ་ལྟ་བུར་བྲིས་པ་དེ་ཡང་བདེན་པ་མ་རེད། སྐུ་ཤ་ཡང་རྒྱལ་ལོས་བྲིས་པ་ལྟ་བུའི་ཧ་ལས་པའི་རྒྱགས་པ་མ་རེད་བསམ་སོང་།
ཨོ་སི་ཁྲི་ལི་ཡའི་བོད་མི་ཆབ་སྲིད་བཙོན་ཟུར་ནད་པ་དེ་ཚོ་ལ་རྒྱ་སྨན་ངར་མ་རེ་སྤྲད་རྒྱུ་མེད་ན་བོད་ཀྱི་རྩ་སྨན་ཤིང་སྨན་དེ་འདྲས་དྲག་ཁག་པོ་རེད་ད། སྐུ་རྩེད་ཞུ་གི་ཡོད་ཧཧཧཧཧཧ
སྐུའི་གཅེན་པོ་སྐུ་ངོ་རྒྱ་ལོ་དོན་གྲུབ་ལགས་ཀྱི་རང་རྣམ་དེ་ནས་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ནི། བོད་ཀྱི་དཔའ་བོར་གྲགས་པ་གཞན་ཚོ་དང་གཅིག་མཚུངས་ཀྱིས་རང་ལོ་བཅུ་བདུན་ཙམ་ནས་དུས་དེ་རིང་གི་བར་དུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དོན་ཆེད་དུ་རང་ནུས་ཅི་ལྕོགས་ཀྱིས་ཞབས་སྤྱི་དང་བྱ་གཞག་མང་པོ་བསྒྲུབས་ཡོད་པ་དེ་ཡིན། ངས་ཀྱང་དེབ་དེ་ཆ་ཚང་ཞིག་བཀླགས་ཟིན་པ་ཡིན། ཞེ་དྲག་ཡག་པོ་འདུག སྐུ་ངོ་སྐུ་སྒེར་གྱི་ཉམས་མྱོང་དངོས་མ་གཞིར་བཞག་གི་ཐོག་ནས་ཐུགས་ལ་གང་དྲན་པ་ཁག་གཡོ་ཟོལ་མེད་པོར་ལྷུག་པོར་གསུངས་འདུག་པའང་རིན་ཐང་ཆེ་བའི་དེབ་ཕྲེང་དེའི་ཁྱད་ཆོད་ཀྱི་ཟུར་ཞིག་ཏུ་མཐོང་། ཁོང་གིས་མི་སྐད་བརྒྱབ་ནས་མི་བུའི་རང་དབང་དང་བདེན་དོན་སྐོར་གླེང་བ་ནི་རང་ཉིད་མི་ཞིག་ཡིན་པ་གསལ་པོར་བསྟན་ཡོད་པ་ལས་གཞན་གང་ཡང་མིན། པན་ཆེན་སྐུ་གོང་མའི་སྐུ་གདུང་མཇལ་སྐབས་སྲོལ་རྒྱུན་གྱི་གུས་ཕྱག་ལྟ་བུ་ཕུལ་མེད་ཅེས་གསུངས་པ་ཙམ་གྱིས་སྐུ་ངོ་མཆོག་ནས་པན་ཆེན་རིན་པོ་ཆེར་གུས་བཀུར་མེད་པ་ཅི་ཞིག་གིས་མཚོན་ཐུབ། ཀུན་གཟིགས་པན་ཆེན་རིན་པོ་ཆེས་རེ་བསྐུལ་གནང་བ་བཞིན་རྒྱ་ལོ་དོན་གྲུབ་ལགས་ནས་ཀྱང་རྒྱའི་གཙོ་འཛིན་འདས་པོ་ཏེང་ཞའོ་ཕིང་མཇལ་སྐབས་པན་ཆེན་རིན་པོ་ཆེར་དཀར་འདོན་ཡོང་བའི་སྐོར་ཞུས་འདུག་པ་བཞིན་དོན་འབྲས་འཕྲལ་དུ་སྨིན་པ་བྱུང་ཡོད་འདུག རྗེས་སུ་པན་ཆེན་མཆོག་གི་གསང་ཡུམ་དང་བུ་མོ་གཉིས་ལའང་རྒྱ་གཞུང་ནས་བསུན་བཙིར་བྱུང་སྐབས་སྐུ་ངོ་མཆོག་ནས་འབྲལ་ཡོད་ལས་བྱེད་ལ་གསལ་བཤད་ཀྱིས་རོགས་སྐྱོར་གནང་འདུག རྒྱལ་ཚབ་རྭ་སྒྲེང་དང་རྒྱལ་ཡབ་ཆེན་པོ་བཀྲོངས་པའི་སྐོར་དང་། ཚ་རོང་ཚང་གི་ཕ་བུ་གཉིས་འཆོམ་རྐུན་ཡིན་སྐོར་གསུངས་འདུག་པའང་སྐུ་ངོ་སྒེར་གྱི་དགོངས་ཚུལ་དྲང་མོར་གསུངས་པ་ལས་གཞན་མི་འོས་པ་གང་ཡང་མིན། གསལ་བཤད་གནང་རྒྱུ་ཡོད་ན་གནང་ཆོག་གི་རེད། གཅིག་མཚུངས་སུ་སྐུ་ཞབས་གནམ་ལོ་ཡག་དང་རྒྱ་རིགས་ཤེས་ཡོན་ཅན་སྐུ་ཞབས་ཡན་ཧོང་པན་གཉིས་ཀྱི་འདོད་ཚུལ་ནི་པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་རྒྱ་ནག་དམར་གཞུང་གིས་བསད་པ་རེད་ཟེར་བ་དེ་རེད། དེ་ཡང་རྒྱུ་མཚན་རྩ་ནས་མེད་པ་མ་རེད་ཀྱང་། དཔང་རྟགས་ཁུངས་བཙན་ཞིག་བྱུང་ན་ང་ཚོའི་རྒྱལ་ཁ་རེད། རྒྱ་དོན་ལགས་ཀྱིས་གསུངས་པ་བཞིན་པན་ཆེན་སྐུ་གོང་མར་ཁྲག་ཤེད་ཀྱི་ནད་དང་སྐུ་ཤ་འཇོར་པོ་ཡོད་པ་སོགས་ཀྱང་བདེན་པ་རང་རེད། མི་ལོ་མང་པོར་བཙོན་ཁང་ནང་དཀའ་སྡུག་ཚད་མེད་མྱངས་དགོས་བྱུང་ཡོད་སྟབས་སྐུ་གཟུགས་ཀྱི་གནས་སྟངས་ཡག་པོ་ཞིག་ཡོང་མི་ཤེས་པ་ཞིག་རེད། ཕྱི་ལོ་ ༡༩༤༧ ཡས་མས་ལ་ང་ཚོར་ཨ་རི་དང་རྒྱ་གར་ནེའིརུའི་སྲིད་གཞུང་གཉིས་ཀས་ཞི་དྲག་ཟུང་འབྲེལ་གྱི་ཐོག་ནས་ང་ཚོར་རོགས་སྐྱོར་གནང་འདུན་ཡོད་པ་གསལ་སྟོན་གནང་ཡོད་པ་དང་། ལྷ་སར་གནམ་ཐང་ཞིག་འཕྲལ་དུ་འཛུགས་དགོས་སྐོར་དང་། དམག་མི་དང་དྲག་པོའི་མཐུན་རྐྱེན་གཞན་སོགས་ཀྱང་གནང་རྒྱུ་དང་ལྷག་པར་བོད་མདོ་ཁམས་སྟོད་སྨད་གཉིས་ཀྱི་དགོན་སྡེ་སོགས་ཀྱི་རྩ་ཆེའི་རིན་ཐང་བྲལ་བའི་ལྷ་སྐུ་དང་དཔེ་ཆའི་རིགས་སོགས་གནས་སྐབས་བོད་དབུས་ཁུལ་ལ་དབོར་འདྲེན་གྱིས་སྲུང་སྐྱོབས་དགོས་གལ་སོགས་ལམ་སྟོན་བྱུང་ཡང་། སྐབས་དེའི་སྟག་བྲག་དང་དེའི་ཕྱོགས་གཏོགས་ཡོངས་སུ་རུལ་ཟིན་པའི་སྡེ་པ་གཞུང་གིས་སྐུ་དྲག་ངན་པ་དེ་ཚོས་གོ་སྐབས་ཡོངས་རྫོགས་རྩ་མེད་བཏང་ཡོད་པ་སོགས་སྐུ་ངོ་མཆོག་གིས་ཐུགས་ཕམ་དང་བཅས་རྩལ་དུ་བཏོན་ནས་གསུངས་པ་དེས་ག་རེ་གསལ་སྟོན་གནང་བ་རེད་ཟེར་ན། བཙན་རྒོལ་རྒྱལ་སྐྱོབ་ལ་ངེས་པར་མཁོ་ཞིང་དགོས་པའི་གོ་སྐབས་ཧ་ཅང་བཟང་པོ་བཙལ་ཀྱང་རྙེད་རྒྱུ་མེད་པ་དེ་ལྟ་བུའང་སྟག་བྲག་བླ་རྒན་དེ་དང་དེའི་ཨབ་ཕྲུག་ཞ་སྒབ་པ་སོགས་ཀྱིས་བསམ་བཞིན་དུ་མེད་པར་བཟོས་ཡོད་པ་དེ་རེད། སྐབས་དེར་སྐུ་ངོ་རྒྱལ་དོན་གྱིས་ཀ་སྦུག་ནས་ཐེངས་ལྔ་ཙམ་འཕྲལ་དུ་བོད་གཞུང་ལ་སྙན་སེང་ཞུས་ཀྱང་བཀལ་ལན་ཚིག་གཅིག་ཀྱང་བྱུང་མེད། དེ་སྐབས་ང་ཚོར་བྱུང་བའི་གོ་སྐབས་དེ་བླངས་ཐུབ་ཡོད་ཚེ།གཅིག་བྱས་ན་ཏན་ཏན་ང་ཚོས་བོད་རྒྱལ་ཁབ་དེ་སྲུང་སྐྱོབ་བྱེད་ཐུབ་སྲིད་པའང་རྒྱུ་མཚན་མེད་པ་གཏན་ནས་མིན། གང་ལྟར་སྟག་བྲག་སོགས་རང་གི་དབང་ཆའི་འཐབ་རྩོད་ཀྱི་ཁྲོད་དུ་སྨྱོ་ནས་བསྡད་ཡོད་པ་ལས་བོད་རྒྱལ་ཁབ་དང་མི་རིགས་བདེ་དོན་ལ་བསམ་གཞིགས་དེ་ཙམ་བྱས་མེད་པ་དེ་རེད་འདུག་གོ བསམ་ཡུལ་ལས་འདས་པ་ཞིག་ལ་གལ་སྲིད་སྐུ་ངོ་རྒྱལ་དོན་ལགས་རྒྱ་ནག་ནན་ཅིན་དང་། དེ་རྗེས་རྒྱ་གར་ཀ་སྦུག་སོགས་སུ་མུ་མཐུད་མ་བཞུགས་པར་ལྷ་སར་ཕྱིར་ལོག་གནང་ཡོད་ན། ཕལ་ཆེར་སྟག་བྲག་བླ་རྒན་དེ་དང་དེའི་ཕྱོགས་གཏོགས་ཚོས་སྲིད་དབང་འཐབ་རྩོད་ཁྲོད་སྐུ་ངོ་ཁོང་ཡང་རྩ་མེད་བཟོས་པ་ཙམ་མ་ཟད། ༧གོང་ས་མཆོག་གི་ཚབ་ལ་ཏཱ་ལའི་བླ་མ་གཞན་ཞིག་གསར་འདེམས་བྱེད་རྩིས་ཀྱི་ངན་གཡོ་བཤམས་ཡོད་པ་དེ་རེད། དེ་ནས་གནས་ཚུལ་གཞན་ཞིག་ནི་འདིར་གླེང་བར་འདོད་པ་ནི། གོང་དུ་མཆན་བུ་བཀོད་མཁན་ཞིག་གིས་སྐུ་ཞབས་གནམ་ལོ་ཡག་ལ་དམའ་འབེབས་ཕྲན་བུ་བྱས་པ་དེའི་སྐོར་ཡིན། བསམ་རྒྱུ་དང་དྲན་རྒྱུ་སྒོར་མོ་ཁོ་ན་ལས་མེད་པའི་དེང་སྐབས་ཨོསཊརླིཡར་གནས་སྡོད་དཔལ་འབྱོར་ཟེར་བ་དང་། སྐུ་ཞབས་གནམ་ལོ་ཡག་གཉིས་ནམ་ཡང་མཚུངས་བསྡུར་བྱེད་མི་ཉན། སྔ་མས་དེ་སྔ་དྷསར་ཡོད་སྐབས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོགས་མར་བླངས་པའི་ཁང་གླ་དུས་ཐོག་སྤྲད་མེད་པ་སོགས་དང་། ལོ་ཤས་སྔོན་ཨོས྄ཊིརླཡའི་ནང་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་ཀྱི་རྒྱ་རིགས་ཁག་ཅིག་མཉམ་དུ་རང་གཞུང་གི་རྩ་་དོན་དང་བརྒལ་ནས་ཚོགས་པ་བཙུགས་པ་སོགས་ནམ་ཡིན་ཡང་བོད་མིར་གནོད་པའི་ལས་ཁོ་ན་བྱེད་མཁན་ཞིག་དང་། གཅིག་ཤོས་ནི་བཙན་བྱོལ་བོད་མིའི་ཁྲོད་ཀྱི་ངེས་དོན་གྱི་ཤེས་ཡོན་ཅན་སྐུ་ཞབས་གནམ་ལོ་ཡག་རེད། ཁོང་གིས་དུས་ནམ་ཡིན་ཡང་བོད་དང་བོད་མིའི་ཁེ་ཕན་དང་རང་དབང་རང་བཙན་གྱི་དོན་དུ་བྱ་གཞག་རླབས་པོ་ཆེ་དཔྱད་རྩོམ་དང་སྙན་ངག་སོགས་འབྲི་རྩོམ་གྱི་ལམ་ནས་བསྒྲུབས་དང་སྒྲུབ་བཞིན་ཡོད། དེ་སྔ་ཁོང་བོད་ནང་བཞུགས་སྐབས་ནས་ཀྱང་རང་སྲོག་འབེན་བཙུགས་ཀྱིས་བོད་མིའི་རང་དབང་རང་བཙན་ཆེད་ཕྱག་ལས་མང་པོ་གནང་ཡོད་པ་སོགས་ང་ཚོས་ཤེས་དགོས་པའི་གནས་སོ།
ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་།
སྟག་གྲགས་དེང་སང་གང་དུ་ཡོད་རེད་ཁོང་ལ་ང་ཚོ་
མི་ཐོག་གསར་བས་རྩིུས་རྒྱག་རྒྱུ་མང་པོ་ལྷག་ཡོད་ཁོང་
དང་ཁོང་གི་རྒྱུགས་ཁྱི་སྐུ་དྲག་དེ་ཚོ་གང་དུ་ཡོད་གསལ་
པོ་གསུང་རོགས་གནང་།
བསམ་ཚུལ་གསུང་མཁན་ཚང་མར་དགའ་བསུ་ཡོད། སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་པཎ་ཆེན་རིན་པོ་ཆེའི་སྐོར་ཏིང་ཞོ་ཕིང་ལ་ཞུས་ཚུལ་གསུངས་པར་དོགས་པ་འདུག རྒྱུ་མཚན་གསུམ། ༡ ཕྱི་ལོ༡༩༧༩ལོའི་ཟླ༢ཚེས༡ཉིན། པཎ་ཆེན་རིན་པོ་ཆེ་མཆོག་གིས་༼རྒྱལ་བ་རིན་པོ་ཆེ་དང་བོད་མི་སྐྱབས་བཅོལ་བ་ཕྱིར་ཕེབས་རོགས༽ཞེས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གསུངས་ཡོད། ཟླ་མཇུག་དེར་གཞི་ནས་རྒྱལ་ལོ་དོན་གྲུབ་ལགས་པེ་ཅིན་ལ་སླེབས་པ་རེད། ༢ པཎ་ཆེན་རིན་པོ་ཆེ་ཡི་གོ་ས་སླར་གསོའི་སྔོན་འགྲོའི་ཆ་རྐྱེན་ནི་སྐུ་ལྕམ་བཞེས་རྒྱུ་དེ་རེད་ལ། རྒྱལ་ལོ་དོན་གྲུབ་ལགས་པེ་ཅིན་དུ་སླེབས་སྐབས། རིན་པོ་ཆེ་ནས་སྐུ་ལྕམ་བཞེས་ཚར་ཡོད། ༣ སྐབས་དེར་རྒྱལ་ལོ་དོན་གྲུབ་ལགས་པཎ་ཆེན་རིན་པོ་ཆེར་མཇལ་ཐུབ་པ་དེ་ནི་རྒྱ་དམར་གཞུང་གི་བཀོད་སྒྲིག་རེད་ལ། ལྐོག་ལྟ་ལྐོག་ཉན་ནི་བཤད་མ་དགོས་པ་ཞིག་རེད། ལོ་བཅུ་བཞི་ལྷག་བཙོན་ཁང་བརྒྱུད་མཁན་ཞིག་གིས་དེ་ལུགས་མི་ཤེས་པ་ནི་མི་སྲིད་པས། ཁོར་ཡུག་དེའི་འོག་ཏུ་སྐད་ཆ་གང་བྱུང་བཤད་མི་སྲིད།
རིན་ཆེན་དོན་འགྲུབ་ཀྱིས་སྐུ་ཞབས་གནམ་ལོ་ཡག་ལ་གཟུར་གནས་ཀྱི་གདེང་འཇོག་བྱས་པ་དེར་མངོན་པར་བསྟོད་ཏོ།
སྨྒོ་ལབ་མང་པོ་རྒྱན་ནས་གང་ཕན་རོ་ས་འོག་དང་གཏམ་
ས་སྟེང་ཟེར་བ་བདེན་ལེ་རེད་།
བོོང་མི་རིགས་སྐྱོབས་མཁན་གོང་ས་མཆོག་ལས་གཞན་་སུ་འདུག་ཚང་མ་སྐྱིད་པོ་གཏོང་མཁན་ཤ་སྟག་རེད་།
ཨ་སྐྱག་ཟན་ཚོ། པཎ་ཆེན་བཅུ་བ་འཆི་ཚར་རེད། ཁོང་གི་སྐྱེ་བ་རྗེས་མ་གང་དང་སུ་ཡིན་མི་ཤེས་མཁན་གྱི་བླ་མ་ཞིག་རེད། རྒྱལ་ལོ་དོན་གྲུབ་གྱིས་རང་གི་སྤུན་གྱི་གྱ་སྟོན་ལ་ཀ་སྦུག་ནས་ཚ་སྒོག་གཡེར་གསུམ་གྱི་བྲོ་བ་ཆེ་ཐུག་རྙོག་ཞིག་བཀོལ་བ་རེད། ཁྱེད་ཚོས་རང་ས་ནས་ཁ་ཚུམ་ལ་སྐྱབས་བཅོལ་གྱི་རོགས་དངུལ་འདྲ་བོ་རེ་རག་ཐབས་བྱོས་ལ་སྡོད།
དེ་འདྲ་མང་པོ་བཤད་ན་དོལ་འདྲེ་ཚོགས་པ་ལོགས་སུ་བཀར་བ་བླ་གྲོང་གཉིས་ཀའི་རྩོད་རྙོགས་དེ་བོད་སྤྱི་འགལ་ལ་བཀལ་ཡོང་གི་མི་འདུག་གམ།
གནམ་ལོ་ཡག་མིན་པ་འདྲ་གཡག་ཡིན་པ་འདྲ་རང་ལ་བདེན་དཔང་གི་ཆ་ཅུང་ཟད་མེད་པར་ད་དུང་ཁ་བདེ་ལྕེ་འདྲ་བྱས་ནས་སྙིང་པོ་ཅི་ཡོད་མགུ་བེ་ངས་ལྟོས་ན་རྒྱལ་ལོའི་གསུང་ལ་རྒྱུ་མཚན་མེད་པ་ཞིག་རྩ་བ་མ་རེད་དཔེར་ན་གུང་ཐང་ཚང་ལ་ཡང་རྒྱ་ནག་གིས་དུག་དྲང་བ་རེད་ཟེར་བཞིན་ཡོད་ཧ་ཅང་ཁག་པོ་རེད་རྒྱལ་ལོའི་རྣམ་དཔྱོད་ལ་མོས་མཐུན་ཡོད།
ས་དབང་རྒྱལ་ལོ་དོན་འགྲུབ་ཅེས་སྐད་གྲགས་འདུག དེ་ཡིན་ཤག་བྱས་ནས་བསྡད་པ་ཡིན། ཁ་སང་དེ་རིང་གི་རྩོད་རྙོག་འདིར་བརྟེན་ནས་ཁོ་རང་གི་དེབ་ཀློག་པ་ཡིན། སྐུ་ངོ་འདི་རྒྱ་དམར་ནག་དཀར་སེར་ཡོངས་ཀྱི་གསོ་ཕྲུག་ཅིག་ཆགས་འདུག ༡༩༤༠ལོ་ནས་༡༩༥༦ལོ་ཡས་མས་སུ་བོད་སོག་ལས་ཁུངས་ལ་བརྟེན་འདུག ཕྱི་ལོ༡༩༥༧ལོ་ནས༡༩༧༧ལོ་ཡས་མས་སུ་ཨ་རི་དང་རྒྱ་གར་ལ་བར ཏེན་འདུག ཕྱི་ལོ༡༩༧༧ལོ་ནས་རྒྱ་ནག་གཞུང་ལ་འབྲེལ་བ་ཆགས་འདུག ཁོ་རང་གིས་དེབ་ནང་རྒྱ་ནག་ལ་འབྲེལ་བ་ཡོད་པའི་གནད་དོན་མང་པོ་ཞིག་རྩོད་གཞི་ཆགས་པའང་ཁག་མི་འདུག
སྤོབས་པས་བཤད་པ་ཁ་གསལ་རུ་བཏང་ན་ཨོ་སི་ཁྲི་ལེ་ཡ་ན་ནད་པ་རྫུན་མ་མང་ཁ་ཤས་ཤིག་གིས་ད་དུང་ནད་པ་ཡིན་ཁུལ་བྱེད་ནས་སྨན་ལོག་དེ་འདྲ་འཐུང་གིན་ཡོད་པ་འདྲ།
ཡང་རྒྱ་རུས་ཅན་གྱིས་རྒྱ་རྒན་ཐེབས་ཆགས་ཤིག་གི་བོད་མི་ནང་ཁུལ་ཤོག་ཁག་བསྒྲིགས་ནས་དཀྲུག་རྒྱུའི་ཆེད་རྩོམ་ཞིག་བསྒྱུར་ཁུལ་གྱིས་ཐུག་པ་དཀྲུག་འགོ་རྩམ་ཐལ། ཁ་དཔེར། མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་རྭ་དྲུག་ཅུ་ཞེས་པ་ལྟར། རྒྱ་རྒན་གྱི་ཀུན་སློང་དག་མིན་གང་ལྟར་ཡང་ཅི་བཤད་རང་དབང་བ་དང་། ཆ་འཇོག་ཡིད་བརྟོན་རུང་བ་གང་ཡང་མེད་པའི་བསམ་ཚུལ་ཙམ་ཡིན་སྟབས་དམིགས་གསལ་ཡིན། པན་ཆེན་རྒྱ་ཡིས་དཀྲོངས་ཚུལ་ཐད་དྭོགས་སློང་གི་བསམ་ཚུལ་སྣ་ཚོགས་མཆིས་ཤིང་། གུང་ཁྲན་ཏང་གིས་མ་གཏོགས་རྒྱ་རྒན་གྱིས་ཀྱང་དེའི་གསང་བ་དཀྲོལ་རྒྱུ་ཁག་པོ་ཡིན་པ་དང་། རྒྱལ་ལོས་པན་ཆེན་སྐུ་གཤེགས་རྐྱེན་རྒྱུན་ ལྡན་དུ་བཤད་པའང་ཁོང་གི་བསམ་ཚུལ་ཡིན་ཁར། དེ་ལྟར་བཤད་དགོས་པའི་རྒྱུ་མཚན་ལྡན་སྙམ། རྒྱལ་ལོས་པན་ཆེན་ལ་ཕྱག་འཚལ་མ་འཚལ་ཡང་ཁོང་ལ་རང་དབང་ལྡན་ཞིང་། སངས་རྒྱས་དངོས་རྒྱལ་བ་རིན་པོ་ཆེ་མཆོག་དང་བླ་སློབ་ཀྱི་ཆོས་འབྲེལ་ཡོད་པའི་བོད་མི་ནང་ལའང་ཕྱག་འབུལ་རྒྱུ་ཕར་ཟད། ཐུགས་དགོངས་དཀྲུགས་མཁན་ཡོད་ན། ཆོས་འབྲེལ་ཡོད་པའི་བླ་མ་མིན་ན། ཅིའི་ཕྱིར་ཕྱག་འབུལ་མི་འབུལ་གྱི་དབང་མི་ལྡན་ནམ།
ང་ཚོས་རྒྱལ་ལོ་དོན་གྲུབ་ལགས་པཎ་ཆེན་རིམ་བྱོན་གྱི་སྐུ་གདུང་བཞུགས་ཡུལ་ལ་ཕེབས་དུས་ཕྱག་འཚལ་དགོས་ཞེས་བཤད་མེད། ཡིན་ནའང་། རྒྱལ་ལོ་དོན་གྲུབ་ཀྱིས་རང་ཉིད་ལས་ཁྱད་དུ་འཕགས་པ་ཞིག་ལ་མ་གཏོགས་ཕྱག་མི་འཚལ་ཟེར་བ་ནི་སྐབས་དེར་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ལ་གོ་དགོས་ཆགས་ཡོད་པས། རྒྱལ་ལོ་དོན་གྲུབ་ལགས་པཎ་ཆེན་རིན་པོ་ཆེ་ལས་ཁྱད་དུ་འཕགས་པར་ངོས་ལེན་བྱེད་མཁན་ཡོད་དམ། གལ་སྲིད་ཡོད་ན་ཕྱི་གསལ་ནང་གསལ་གྱིས་ཐོན་ཡོང་རོགས། དེའང་རང་དབང་རེད་ལ། དགའ་བསུའང་ཡོད།
གཞན་དེ་བཞིན་ཞི་མོལ་བརྒྱུད་ནས་ཞི་འགྲིག་ཡོང་ཐབས་ཟེར་བ་དེ་རེད། སྐུ་ཞབས་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་གནང་སྟངས་དེ་ཧ་ཅང་གི་དོགས་གཞི་ཅན་ཞིག་རེད། ཆེ་ས་ནས་རྒྱལ་ཁབ་དང་མི་རིགས། ཆུང་ས་ནས་མི་བསད་ཁྲག་སྦྱོར་གྱི་དོན་རྐྱེན་གང་དང་གང་ཡིན་ཡང་། གཟུ་བས་སྟངས་འཛིན་འོག་ཏུ་ཐོག་མར་ནག་ཉེས་བཟོ་མཁན་ནམ་གྱོད་ཡའི་ཕྱོགས་ནས་ངོས་ལེན་བྱས། དེ་ནས་གྱོད་པའམ། ཁ་མཆུ་འཛུགས་མཁན་ཐད་ནས་གུ་ཡངས་བཏང་བ་བརྒྱུད་ནས་གྱོད་དོན་ཐག་གཅོད་བྱེད་ཀྱི་ཡོད་པ་རེད་ལ། ཆེ་ས་ནས་ཞི་ཆིངས་འཇོག་པ། ཆུང་ས་ནས་མི་བསད་ལ་སྟོང་འཇལ་བ་ལྟ་བུ་རེད།
ཡིན་ནའང་། སྐུ་ཞབས་རྒྱལ་ལོ་དོན་གྲུབ་ཀྱི་གནང་སྟངས་ནི་ནག་ཉེས་བཟོ་མཁན་ནམ། པཎ་ཆེན་སྐུ་ཕྲེང་བཅུ་བ་ཚུད་པའི་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་ཚེ་སྲོག་འཕྲོག་མཁན་རྒྱ་དམར་གཞུང་གི་ནག་ཉེས་འགེབས་སྲུང་བྱེད་ཀྱིན་པ་ནི་ཞི་འགྲིག་ངོ་མ་ཞིག་གི་བྱེད་སྟངས་མ་ཡིན་པའི་ཁར། ཕ་རོལ་བོའི་ཕྱོགས་སུ་འཁྱོག་ཟིན་པ་བསྟན་ཡོད་པས། དེ་ནི་བོད་ལ་ཉེན་ཁ་ཡིན་པར་མ་ཟད། བར་ཆད་ཆེན་པོ་ཞིག་ཀྱང་ཡིན། དཔེར་ན། རྒྱ་དམར་གཞུང་གིས་རྒྱལ་ལོ་དོན་གྲུབ་ཀྱི་སྐད་ཆ་གཞིར་བཟུང་ནས་བོད་དོན་ཐག་གཅོད་ཡང་དག་མི་བྱེད་པའི་ཁར། གནད་དོན་ཐེར་འདོན་བྱེད་མཁན་ནམ། བྱེད་མྱོང་མཁན་ཚོར་ཁ་ཁྱིགས་གཅོད་ཆོག་གིན་པ་བསྟན་ཡོད། དེ་ལུགས་མི་ཤེས་མཁན་ཚོས་སྐད་ཆ་མ་བཤད་གོང་དུ་བསམ་བློ་གང་འཚམས་གཏོང་རོགས་ཞུ་གི་ཡིན། ཡིན་ནའང་། སྒྲུབ་བྱེད་ཡང་དག་ལྡན་པའི་དགག་ལན་ལ་དགའ་བསུ་བརྒྱ་ཆའི་བརྒྱ་ཡོད།
པཎ་ཆེན་སྐུ་གོང་མ་ལ་ཆོས་ཕྱོགས་ཀྱི་སྐུ་ཡོན་ཞེ་དྲགས་མེད་པ་དེ་ཕལ་ཆེར་རྒྱལ་ལོ་བདེན་རྒྱུ་རེད་བསམ་གི། གང་གིས་ཕྱིར་ཞེ་ན་ཁོང་ཆུང་དུས་ནས་རྒྱ་བོད་བར་གྱི་ཆབ་སྲིད་རྩོད་རྙོགས་ཀྱི་ནང་དུ་ཚུད་ནས་ཆོས་གཞུང་ལ་སློབ་གཉེར་ཞེ་དྲགས་བྱ་ཐུབ་ཡོད་རྒྱུ་མ་རེད།
ཁམས་བཟང་སྐུ་ཞབས་གནམ་ལོ་ཡག་ལགས། སྤྱིར་བཏང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་སངས་རྒྱས་སྣང་བ་མཐའ་ཡས་སུ་ལྟ་མཁན་ཞིག་ཡིན་ན། སྙིང་ཁོང་རུས་པའི་སྟེང་ནས་ཁོང་ལ་དད་མོས་གུས་ཕྱག་བྱ་རྒྱུར་ཐེ་ཚོམ་མེད་ཀྱང་། དེ་སྔ་ང་ཚོ་བོད་མི་མང་པོ་ཞིག་ནས་ཕྱི་ལོ་ ༡༩༩༧ ཡས་མས་སུ་ཡིག་འབྲུ་ཁྲི་བདུན་གྱི་རྒྱ་ཡིག་ངོ་བཤུས་དེ་ཕྱིར་མ་ཐོན་བར་དུ། ཁོང་ལ་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་གི་འདུ་ཤེས་ཙམ་ལས་རང་མི་རིགས་ཀྱི་རླབས་ཆེན་གྱི་དཔའ་བོ་ཞིག་ཏུ་མཐོང་མཁན་ཧ་ཅང་ཉུང་། དེང་སྐབས་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ཅན་ཞིག་གི་ལྟ་སྟངས་ཐོག་ནས་བཤད་ན། རང་ལྟ་མཆོག་འཛིན་ནམ། རང་ཉིད་གཞན་ལས་ལྷག་པར་ལྟ་ཚུལ་འཛིན་པ་ནི་ཆེས་སྤྱིར་བཏང་གི་གནས་ཚུལ་ཞིག་རེད། རྒྱུ་མཚན་ནི་ཁོང་ཚོར་ཆུང་དུས་ནས་སོ་སོའི་ཡོན་ཏན་དང་རྣམ་དཔྱོད་སོགས་ལ་གདེང་སྤོབས་དགོས་པའི་སློབ་གསོ་ཐོབ་ཡོད་པ་ལས། བདག་པས་གཞན་གཅེས་པར་འཛིན་པ་དང་རང་ཉིད་དམན་སར་ལྟ་བ་སོགས་ང་ཚོའི་སྲོལ་རྒྱུན་གྱི་སློབ་གསོ་དེ་འདྲ་གཏོང་གི་མེད། སློབ་གསོ་དེ་འདྲའི་འོག་ནས་ཁོང་ཚོའི་རྒྱལ་ཁབ་དང་མི་རིགས་གཉི་ཀར་ཡར་ཐོན་ཆེན་པོ་འབྱུང་་བཞིན་པ་རེད། སྐུ་ངོ་རྒྱ་ལོས་ཀྱང་ཁོང་ཉིད་པཎ་ཆེན་རིན་པོ་ཆེ་ལས་ལྷག་པར་གཟིགས་ཀྱི་ཡོད་ཚེ། གཟིགས་ཆོག་པ་ཞིག་རེད་མ་གཏོགས།་དེ་ལ་རྒྱུ་མཚན་རྩ་ནས་མེད་པ་ཞིག་མིན། གཅིག་ནས་ཁོང་ཉིད་༧སྐུའི་གཅེན་པོ་ཡིན་པ་དང་། གཉིས་ནས་མི་ཚེ་གང་པོར་བོད་དང་བོད་མིའི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་པའི་མཛད་རྗེས་ཀྱང་ཆུང་ཆུང་ཞིག་གཏན་ནས་མིན་པ། གསུམ་ནས་ཁོང་ནི་འཇིག་རྟེན་སྲིད་ལུགས་ཀྱི་བྱ་གཞག་སྒྲུབ་མཁན་གྱི་མི་བུ་ཞིག་ཡིན་པ་ལས་ཆོས་ལུགས་དད་པའི་རྗེས་སུ་འབྲངས་མཁན་གྱི་ཆོས་པ་ཞིག་མིན་པས་རེད། དངོས་གནས་བྱས་ན། སྐུ་ངོ་རྒྱ་ལོ་དོན་འགྲུབ་ལགས་ཀྱང་དགུང་གྲངས་དགུ་བཅུར་ཕེབས་ལ་ཉེ་སྟབས། མདོ་སྨད་ཆོལ་ཁས་དབུ་ཁྲིད་ནས་ང་ཚོ་ཆོལ་གསུམ་གྱི་བོད་མི་ཡོངས་ནས་ཁོང་གི་བཀྲིན་རྗེས་དྲན་མཚོན་ཆེད་གོ་སྟོན་ཞིག་ཀྱང་གོ་སྒྲིག་ཐུབ་ན་ཧ་ཅང་ཡག་པོ་ཡོད་རེད་་སྙམ། དེ་མིན་པཎ་ཆེན་རིན་པོ་ཆེ་དང་འབའ་པ་ཕུན་དབང་སོགས་སྐུ་ཚེའི་འཕེན་པ་རྫོགས་རྗེས་གཞི་ནས་ང་ཚོས་བཀྲིན་ཆེན་རྗེས་དྲན་འདྲ་ཞུ་སྲོལ་ཡོད་པ་དེ་ཡག་པོ་ཞེ་དྲག་མཐོང་གིན་མི་འདུག་པ་བཅས་སོ་སོའི་བསམ་ཚུལ་ཙམ་ཡིན།
མཁྱེན་བདག་གནམ་ལོ་ལགས། ནང་ཆོས་ལ་ཐོས་བསམ་བྱེད་མྱོང་ངམ། མེད་ན་བཤེས་གཉེན་བསྟེན་ཚུལ་མི་ཤེས་པས། ཕྱག་གི་སྐོར་མུ་མཐུད་རྩོད་པ་སྤངས་རྒྱུ་ཡིན་ནའང་། གསལ་བཤད་དགོས་པ་ཞིག་ཏུ་རྒྱ་ལོས་༼རང་ཉིད་ལས་ཁྱད་འཕགས་ལ་མ་གཏོགས་ཕྱག་མི་འབུལ༽ཟེར་ན། རང་ཉིད་པན་ཆེན་མཆོག་ལས་ཁྱད་འཕགས་བསྟན་པའི་ངེས་པ་མ་མཆིས་པ་བླུན་པོས་ཀྱང་རྟོགས་སླ་ཞིང་། རྒྱ་ལོས་བོད་དོན་ཐད་གུང་ཁྲན་ཏང་ཡོན་ལ་འབྲེལ་བའི་སྐོར་ལའང་བདག་སོགས་ཀྱི་སེམས་སུ་གསལ་བོ་ཡིན་ན། ཕྱོགས་རིས་ཅན་ལ་འགྲེལ་དགོས་པའི་ངལ་བ་མ་བསྟེན་ནོ། །
ངོས་ནས་ཞུ་འདོད་པ་དེ་གོང་ས་མཆོག་གི་དྲུང་ན་ལྷ་ཐོད་དཀར་གྱི་རྩ་ན་འདྲེ་ཐོད་ནག་དུ་མ་ཡོད་པས་བཟང་དང་ངན། ཟས་དང་དུག་ནོར་མི་ཉན་ཡ། མདོར་ན་གནམ་ལོ་ལ་བདེན་ཁ་གཏད་ཆོག ཡིན་ན་ཡང་འགྲུབ་རྒྱུ་མེད་པའི་ལས་ཀ་མ་བརྩོན་ན་ལེགས་སོ། བོད་མི་ཚོ་ད་ལྟ་ལས་ལྷག་གཅིག་རང་དབང་ནམ་ཡང་ཐོབ་མི་སྲིད་ལ་ཕྱི་ཕྱོགས་ན་ཡོད་པ་ཚོས་ཚོང་ལས་ཆེད་དུ་འུར་སྒྲོག་མང་པོ་བྱས་ན་མཐར་བོད་བརླགས་པ་ལས་ཕན་པ་མི་སྲིད། གངས་ཅན་བླ་མ་ཟེར་བ་དང་རྒྱ་ལོ་འདི་ཚོ་སོ་སོར་སྒེར་དོན་རེའི་ཆེད་དུ་པན་ཆེན་བསྟོད་སྨད་བྱས་པ་ལས་དད་གུས་དང་སྤྱི་ཕན་གང་ཡང་མིན་པར་ཤེས་དགོས།
རྒྱལ་བ་པན་ཆེན་རྣམ་གཉིས་ལ་ཆོས་ལུགས་ཀྱི་སློབ་གསོ་སྤྲོད་སྟངས་གཅིག་པ་ཆགས་ཡོག་རེད། གོང་ས་མཆོག་ལ་ལྷ་ས་ནས་ཡོངས་འཛིན་སྟག་བྲག་དང་གླང་སོགས་ཀྱིས་ཆོས་ལུགས་ཀྱི་སློབ་གསོ་སྤྲད་ཡོད་པ་དང་། པན་ཆེན་རིན་པོ་ཆེ་ལ་རྗེ་སྐུ་འབུམ་དུ་ཨ་མདོའི་བླ་བྲང་བླ་མ་ལ་ཁོ་མཆོག་གིས་གཙོས་པའི་སྐུ་འབུམ་རྒྱ་ཡག་སོགས་ཀྱིས་ཆོས་ལུགས་སློབ་གསོ་སྤྲད་འདུག པེ་ཅིང་དུ་༡༩༥༡ལོ་དང་༡༩༥༤ལོར་ཕེབས་པ་ཙམ་ལས་རྒྱ་ནང་དུ་ཕེབས་མྱོང་མི་འདུག པན་ཆེན་ལགས་རྒྱ་ནང་དུ་འཚར་ལོངས་བྱུང་ཟེར་བ་རྫུན་རེད། རྒྱལ་ལོ་དོན་གྲུབ་ལགས་རྒྱ་ནང་དུ་འཚར་ལོངས་བྱུང་འདུག་པས། ནང་ཆོས་ཀྱི་ཤེས་ཚད་ཡོད་ཀྱི་མ་རེད།
ད་དུང་རྒྱ་གཞུང་གིས་བོད་ནང་དུ་ཆོས་རིག་བསྣུབས་རྗེས། ནང་བསྟན་ཡང་དར་དང་རིག་གནས་དར་སྤེལ། ཡིག་འབྲུ་ཁྲི་བདུན་གྱིས་མཚོན་པའི་བོད་མིར་སྐྱིད་སྡུག་མཉམ་མྱོང་གནང་མཁན་ནི་རྒྱལ་བ་པན་ཆེན་སྐུ་ཕྲེང་ན་རིམ་ལས་པན་ཆེན་སྐུ་ཕྲེང་བཅུ་བ་གཅིག་པུ་ལས་བྱུང་མི་འདུག
རྒྱ་བོད་ཞི་མོལ་གྱི་ལམ་ནས་བོད་དོན་ཐག་ཆོད་ཡོང་བར་རྒྱ་གར་གཞུང་དགའ་པོ་མེད་སྐོར་ཞིག་ཀྱང་དེབ་དེའི་ནང་གླེང་འདུག ཕྱི་ལོ་ ༡༩༨༩ མགོ་སྟོད་ཙམ་ལ་སྐབས་དེའི་འཐབ་ཕྱོགས་གཅིག་འགྱུར་ལྷན་ཁང་གི་འགོ་གཙོ་སྐུ་ཞབས་ཡན་མིང་ཕུ་ཡིས་༧གོང་ས་མཆོག་ནས་སིཊིསབྷག་ཏུ་གནང་བའི་གསུང་བཤད་ཀྱི་དོན་གནད་ཚང་མར་རྒྱ་ནག་དབུས་གཞུང་ནས་ཁས་ལེན་བྱེད་མི་ཐུབ་ཀྱང་། དེས་ཕན་ཚུན་བཀའ་བསྡུར་གསར་པ་ཡོང་རྒྱུར་གཞི་འཛིན་ས་ཞིག་ཡོང་བའི་བསམ་ཚུལ་སྐུ་ངོ་རྒྱ་ལོར་གསུངས་རྗེས། རྒྱ་བོད་གྲོས་མོལ་ཞིག་ཡོང་རྒྱུར་བོད་མིའི་སྐུ་ཚབ་དང་ས་གནས་གང་དུ་ལྷན་འཛོམས་བྱེད་པའི་ཐག་གཅོད་ཀྱང་༧གོང་ས་མཆོག་ལ་ཞུས་ནས་ཐུགས་ཐག་བཅད་ན་འགྲིག་གསུངས་པའི་རྗེས་སུ། སྐུ་ངོ་མཆོག་ནས་དྷ་སར་སྙན་གསེང་ཞུ་བར་བཅར། དེ་ནས་ཁོང་ལྡི་ལིར་རྒྱ་གར་དབུས་གསང་བ་ལས་ཁུངས་ཀྱིས་ཆེད་འབོད་ཀྱིས་གནས་ཚུལ་དེའི་སྐོར་འདྲི་རྩད་བྱས་འདུག སྐབས་དེར་སྐུ་ངོ་ལྷན་དུ་དཔང་མིའི་ཚུལ་དུ་བཀའ་ཟུར་རྒྱ་རི་བློ་གྲོས་དང་བཀྲིས་དབང་འདུས་གཉིས་ཀྱང་ཡོད་འདུག་ལ། རྒྱ་གར་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་གཞོན་པ་རངྒ་ནདྷམ་གྱིས་སྐུ་ངོ་རྒྱ་ལོས་སྐད་ཆ་བཤད་མ་ཚར་གོང་ནས་ལམ་སེང་རྒྱ་བོད་ཞི་མོལ་བྱས་ན་མི་འགྲིག རྒྱ་མིར་ཡིད་ཆེས་བྱེད་མི་ཉན། བོད་མི་ཚོས་རང་བཙན་རྩོད་དགོས་ཞེས་ངར་ཤུགས་དང་བཅས། འཚོག་ཆར་ཡོད་པའི་རྒྱ་བོད་གྲོལ་མོལ་་དེར་ངོ་རྒོལ་གྱི་རྣམ་འགྱུར་གསལ་སྟོན་བྱས་འདུག རྒྱ་བོད་་གཉིས་ཕྱོགས་ནས་ཕན་ཚུན་མོས་མཐུན་གྱིས་མཉམ་འབྲེལ་ཐོག་ནས་ཞི་མོལ་གང་དུ་གནང་རྒྱུའི་དུས་ཚོད་སོགས་ཁྱབ་བསྒྲགས་མ་བྱས་གོང་ནས། རྒྱ་གར་གཞུང་གི་གནོན་ཤུགས་འོག་སྐབས་དེའི་དྷི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བཀྲིས་དབང་འདུས་ལགས་ནས་རྒྱ་གཞུང་ལ་འབྲེལ་བ་ཙམ་མ་བྱས་པར་རང་མཚམས་ཀྱིས་རྒྱ་མི་ཚོས་༧གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ ༡༩༨༩ཟླ་ ༡ ཚེས་༡༥ མཇལ་འཕྲད་དགོས་སྐོར་ཕྱོགས་གཅིག་པའི་ཁྱབ་བསྒྲགས་བྱས་པ་དེས་པེ་ཅིན་སྲིད་གཞུང་ལ་ཁོང་ཁྲོ་བསླངས་པ་ཙམ་མ་ཟད། ཕན་ཚུན་ཡིད་ཆེད་བརླག་གཞིར་གྱུར་ཡོད། དེའི་ཐད་མཐའ་ན་སྐུ་ངོ་རྒྱ་དོན་ཙམ་མ་ཟད་རྗེས་སུ་༧ གོང་ས་མཆོག་སྐུ་ངོ་མས་ཀྱང་རྒྱ་གཞུང་ལ་དགོངས་སེལ་ཞུ་དགོས་བྱུང་ཡོད་འདུག གནད་དོན་འདི་རིགས་ཀྱི་ཐད་ ང་ཚོས་བསམ་ཞིབ་ཡག་པོ་ཞིག་གནང་དགོས་པ་ལས་དེ་ནི་གནད་དོན་ཆུང་ཆུང་ཞིག་གཏན་ནས་མིན། རྒྱ་གར་ནང་བོད་གཞུང་ཞེས་པའི་ཐ་སྙད་ཙམ་བེད་སྤྱོད་བྱས་པར་རྒྱ་གར་གཞུང་གིས་བསུན་བཙིར་ཐེངས་མང་བྱས་ཡོད་སྟབས། མཐར་ང་ཚོས་དབུ་ཁྲིད་ཚོས་མི་འདོད་བཞིན་དུ་བོད་མིའི་སྒྲིག་འཛུགས་ཞེས་པར་མིང་བསྒྱུར་བྱེད་དགོས་བྱུང་ཡོད། དེར་བརྟེན་རྒྱ་གར་དབུས་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་གཞོན་པའི་སྐད་་ཆ་བོད་མིས་རང་བཙན་རྩོད་དགོས་ཞེས་པ་དེའང་སྟོང་གཏམ་ཙམ་ལས། ཡང་ན། རྒྱ་གར་ཁོ་ནའི་ཁེ་ཕན་དོན་དུ་ང་ཚོ་དང་རྒྱ་གཞུང་དབར་ཞི་མོལ་ཡོང་བར་ཁོང་ཚོ་རྟག་ཏུ་འཇིགས་སྣང་ཞིག་ཡོང་གི་མེད་དམ་སྙམ་པའི་དོགས་གཞི་ཡོད་དོ།
རེད་རེད་རིན་ཆེན་གྱིས་བཤད་པར་བདེན། ད་དུང་ང་ཚོའི་དབུ་ཁྲིད་ཚོས། མོན་ཏ་དབང་རྒྱ་གར་ཁོངས་གཏོགས་ཡིན་ཚུལ་དང། ང་ཚོ་ནི་རྒྱ་གར་གྱི་དགེ་ཕྲུག་ཡིན་ཚུལ་དང། ང་ཚོའི་ཡོད་ཚད་རྒྱ་གར་ནས་ཡིན་ཚུལ་དང། དཔེར་ན་བོད་པའི་བྱམས་སྙིང་རྗེ་དང། ལམ་ལུགས་སྲོལ་དང་རིག་གཞུང་སོགས་ཐམས་ཅད་རྒྱ་གར་ལ་གཏུག་ནས་ང་ཚོ་ནི་རྔ་མ་མེད་པའི་ནགས་གསེབ་ཀྱི་སྤྲེལ་ཕྲུག་གི་སྤྲེལ་ཚོགས་ཞིག་ཏ་བསྒྲུབ་བཞིན་མི་འདུག་གམ། དཔེར་ན་མི་ལོ་སྟོང་ཕྲག་མང་པོའི་གོང་ནས་མི་རིགས་རང་ཉིད་ཀྱིས་ཉམས་ལེན་ལས་བྱུང་བའི་བོད་སྨན་ཀྱང་རྒྱ་གར་ལ་ཕུལ་ཟིན་སོང། ད་གང་ལྷག་འདུག་གམ། བོད་མིའི་ཡོད་དོ་བོད་མིར་ཁུངས་གཏུག་པ་ལས་རྒྱ་གར་ལ་ཁུངས་བཅོལ་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
སྐུ་ཞབས་རིན་ཆེན་དོན་གྲུབ་ལགས། ཡང་དང་བསྐྱར་དུ་ཕེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། འདིར་ཕྲན་ནས་ཉིད་ཀྱི་དགོངས་ཚུལ་ཐད་དོན་ཆུང་གསུམ་དུ་ཕྱེ་ནས་ལན་ཕུལ་ཆོག་པ་ཞུ།
༡ ཕྱག་འཚལ་དང་མི་འཚལ་ནི་མི་སྒེར་གྱི་རང་དབང་རེད། ཡིན་ནའང་། པཎ་ཆེན་སྐུ་ཕྲེང་ལྔ་བ་ནས་བཅུ་བའི་སྐུ་གདུང་བཞུགས་སའི་མཆོད་ཁང་ནང་དུ་ཕྱག་མི་འཚལ་དོན་ནི་རང་ཉིད་པཎ་ཆེན་ལས་ཁྱད་དུ་འཕགས་ཚུལ་གསུངས་པ་ནི་དོན་ལ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་དུ་གོ་དགོས་ཆགས་ཡོད་པས། བོད་རྒྱ་ཆེ་མི་མང་གིས་ངོས་ལེན་བྱེད་ཐུབ་བམ། རི་བོ་དགེ་ལུགས་པས་ངོས་ལེན་བྱེད་ཐུབ་བམ།
ང་དང་ཁྱེད་ལྟ་བུའི་མི་རབས་གསར་བར་མཚོན་ན། སྐུ་ངོའི་རྒྱལ་ལོས་གནང་སྟངས་དེའི་རྒྱབ་ལོགས་སུ་ཅི་ཞིག་སྦས་ཡོད་དམ་ཞེས་པའི་དྲི་བ་ཡོང་བ་ལས་དང་ལེན་བྱེད་མི་ཐུབ་པ་ཡོད་པ་མ་རེད།
༢ པཎ་ཆེན་རིན་པོ་ཆེ་མཆོག་ལ་གཟིགས་ཚུལ་ངན་པ་འཛིན་མཁན་མང་ཆེ་བ་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པ་རེད། ཁོང་ཕྱི་ལོ ༡༩༨༦ལོར་བལ་ཡུལ་ནང་ཆིབས་བསྒྱུར་གནང་སྐབས་ངོ་རྒོལ་བྱས་འདུག་པ་ནི་བསྡུས་གཟུགས་ཤིག་རེད། ཡིན་ནའང་། བོད་ནང་སྡེ་བ་གཞུང་གི་ཤུལ་ལྷག་མི་སྣ་རེ་ཟུང་ལས་བོད་མི་བརྒྱ་ཆའི་དགུ་བཅུ་ལྷག་ལ་པཎ་ཆེན་རིན་པོ་ཆེར་དད་གུས་དང་གུས་བརྩི་ཡོད་པ་རེད། གུས་བརྩི་ཡོང་དོན་ཡང་ཁོང་ལ་པཎ་ཆེན་གྱི་མིང་ཡོད་པས་ཡོང་བ་མ་རེད། དཔེར་མཚོན་འགའ་དྲངས་ན། གཅིག ཕྱི་ལོ ༢༩༥༨ལོར་པཎ་ཆེན་རིན་པོ་ཆེ་ཡི་ཡབ་མགོན་པོ་ཚེ་བརྟན་ལ་གཙང་ནས་འཐབ་རྩོད་བཟུང་ཡོད་ཅིང་། འཐབ་རྩོད་འཛིན་དུས་ལུས་ལ་ཁྱི་པགས་བསྐོན་ནས་སྟེང་ལ་ཧུར་བརྩོན་ཅན་དག་ཞོན་དུ་བཅུག་འདུག འཐབ་རྩོད་འཛིན་དོན་ནི་ཡབ་མགོན་པོ་ཚེ་བརྟན་ལགས་ཀྱིས་ཕ་ཡུལ་ཨ་མདོ་ནས་བྲོས་བྱོལ་དུ་ཡོང་མཁན་ཚོར་པཎ་ཆེན་སྐུ་སྲུང་རུ་ཁག་གི་གོ་མཛོད་ནང་ནས་མེ་མདའ་དང་མདེའུ་མང་པོ་དང་ཞོན་རྟ་སོགས་མཁོ་སྤྲོད་ཀྱིས་༼ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག༽ནང་བཅུག་པས། ལྷོ་ཁའི་དམག་འཐབ་ཕམ་རྗེས་བཟུང་དམག་ནང་ཤེས་རྟོགས་བྱུང་བ་ཞིག་རེད། སྐབས་འདིར་ད་དུང་སྡེ་བ་གཞུང་གིས་ཡོངས་གྲགས་སུ་ཆུ་བཞི་སྒང་དྲུག་ལ་ཁ་རྡུང་གཏོང་བཞིན་པའི་དུས་རེད། གཉིས། ཡིག་འབྲུ་ཁྲི་བདུན་མ་ནི་བོད་མི་མང་གི་ཁྲག་དང་མིག་ཆུའི་ཟིན་བྲིས་ཡིན་པ་ཤེས་གསལ་ལྟར་མང་པོ་ཞུ་མ་དགོས་པར་འདོད། གསུམ། ཕྱི་ལོ ༢༩༨༡ལོ་ནས་ཕྱི་ལོ༡༩༨༩ལོ་བར། པཎ་ཆེན་རིན་པོ་ཆེ་ནས་ཕྱག་དབང་བསྐུར་ཟིན་པའི་བོད་མི་ས་ཡ་གསུམ་ལྷག་བརྒལ་འདུག་ལ། དེར་བརྟེན་ནས་བན་བོན་ཚུད་པའི་ཆོས་ལུགས་ཡང་དར་གྱི་རུ་སྣ་དྲངས་པ་རེད། སྐབས་དེར་བོད་མི་ཁྱོན་བསྡོམས་ས་ཡ་བཞི་ཡས་མས་ལས་མི་འདུག ད་དུང་བོད་ཡིག་གཙོར་བཟུང་གི་ཤེས་རིག་བསྐྱར་དར། བོད་མི་རིགས་ཀྱི་ལ་རྒྱ་སླར་གསོ། ཐ་ན་དགོན་པ་རང་ཁ་རང་གསོ་བཅས་ལ་བཞག་པའི་མཛད་རྗེས་ནི་སྔ་ན་མེད་པ་ཞིག་རེད། དཔེར་མཚོན་ཡག་ཤོས་ནི་དེང་སྐབས་བཙན་བྱོལ་ནང་བོད་ཡིག་གིས་རྩོམ་འབྲི་མཁན་གྱི་བརྒྱ་ཆའི་དགུ་བཅུ་གོ་གྲངས་ལྷག་གསརའབྱོར་ཡིན་པ་ལྟ་བུ་རེད།
༣ ཞི་མོལ་གྱི་སྐོར་ནས་ད་དུང་གསལ་ཁ་མ་ཐོན་པ་འགའ་ལྷག་ཡོད། ཕྱི་ལོ ༡༩༨༨ལོར་སི་ཌ་སི་སྦག་གི་བཀའ་རྩར་བརྟེན་ནས་རྒྱ་གཞུང་གིས་འབྲེལ་མོལ་གྱི་སྒོ་བརྒྱབ་ཡོད། འོན་ཀྱང་། པཎ་ཆེན་རིན་པོ་ཆེ་བཀྲོངས་རྗེས། རྒྱལ་བ་རིན་པོ་ཆེར་གདན་ཞུའི་ཡི་གེ་ཕུལ་ཡོད་པར་མ་ཟད། སྐུ་ངོ་རྒྱལ་ལོ་སྔ་རྗེས་ཐེངས་ཁ་ཤས་རྒྱ་ནག་ནང་བསྐྱོད་འདུག འགྱུར་བ་དེའི་རྒྱབ་ལྗོངས་ལ་དཔྱད་པ་གཏོང་མཁན་ད་དུང་བྱུང་མེད།
༤ ཨ་མདོའི་ལུགས་སྲོལ་ལྟར་ན། ནུ་སྐྲ་བླངས་ཞེས་ཕྲུ་གུ་ལོ་གསུམ་ལ་སོན་རྗེས་ནུ་སྟོན་གཏོང་གི་རེད། དེ་ནས་ལོ ༨༠སོན་ན་གྱ་སྟོན་རེད། ལོ༩༠སོན་ན་གོ་སྟོན་ཡང་བྱེད་ཆོག་གི་འདོད། སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས་ལ་གོ་སྟོན་བྱེད་འོས་པ་ཞིག་རེད་ལ། གཙོ་བོ་ནང་མིས་འགན་བླངས་ཆོལ་ཁ་གསུམ་ནས་མོས་པ་ཡོད་མཁན་ཚོས་གཞོགས་འདེགས་བགྱིས་ན་ཡག་ཤོས་སུ་བསམ། ཕྲན་ནས་ཀྱང་རང་ནུས་ལྟར་གཞོགས་འདེགས་བྱ་ངེས་ཡིན།
མཐར་ཁམས་པའི་ཕོ་རྒོད་རིན་ཆེན་དོན་གྲུབ་ལགས་སུ་མི་འགྱངས་པར་མཇལ་ཐུབ་པར་སྨོན་འདུན་ཡོད།
དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།
བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།
༧གོང་ས་བརྒྱད་བཅུར་སོན་པ་ན།
གང་ས་གང་ནས་སྟོན་མོ་བྱེད།
དྲི་ངན་གམ་དུ་བཞག་ན་ཡང་།
བློ་ལྡན་རྣམས་ཀྱིས་རིང་དུ་སྤངས།
རྒྱལ་ལོ་དགུ་ཅུར་སོན་ན་ཡང་།
རྒྱ་གར་རྒྱ་ནང་བཞུགས་ན་རུང་།
གྱ་སྟོན་གོ་སྟོན་གླེང་མཁན་ཞིག
གཞིས་དང་བྱེས་ན་གཅིག་ཀྱང་མེད།
རིན་ཆེན་དོན་འགྲུབ་ལགས། རྒྱ་གར་ནས་བོད་གཞུང་གི་ཐ་སྙེད་བེད་སྤྱོད་བྱེད་ཏུ་མ་བཅུག་པ་དེ་རྒྱ་གར་གྱིས་བོད་ལ་བཙུན་བཙུར་བྱས་པ་མ་རེད། དེ་ནི་རྒྱལ་སྤྱིའི་ཁྲིམས་དང་ལུགས་སྲོལ་རེད། རྒྱ་ནག་གི་བདག་དབང་ཁེས་བླངས་ཚུན་བོད་གཞུང་གི་ཐ་སྙད་དེའི་སྐད་ཅིག་མ་དེར་འགགས་ཚར་རེད། དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་རེད། ཆེས་གནད་འགག་དང་གཉན་འཕྲང་གི་དུས་སུ་རྒྱ་གར་གཞུང་མང་གིས་ང་ཚོར་རོགས་པ་བྱས་ཡོད། དེ་ནས་མུ་མཐུད་ནས་ཁོང་ཚོར་བརྟེན་ནས་འདུག་པའམ་ཁོང་ཚོའི་བྱས་རྗེས་མེད་པར་བྱེད་པ་དག་ནི་ཐ་ཤལ་གྱི་བྱ་སྤྱོད་ཡིན།
རྒྱལ་ལོའི་ལོ་རྒྱུས་ཤེས་འདོད་ན་དེབ་ནང་ལ་མ་ལྟ་རྒྱུས་ཡོད་ཚོར་དྲིས། ལྷག་པར་དུ་སྲོག་གི་ཉེན་ཁར་ཐུག་པ་དང་ལྐོག་གསོད་བཏང་བའི་གཤིན་པོ་ཚོའི་ནང་མི་ལ་དྲིས། སྐབས་དེའི་འཇོན་ཐང་ཅན་དང་ནུས་ཤུགས་ཅན་ཚོར་དྲིས། རྒྱལ་ལོ་མི་ཤེས་ན་་་་་་་་
དེ་རིང་ངས་གློ་སྒྲིག་འཛུགས་ཀྱི་རྒ་རྒས་ཤིག་ལ་ཁ་བརྡ་བྱས་པ་ཡིན། ཁོ་རང་རྒྱལ་ལོ་དོན་གྲུབ་དང་འབའ་བ་ཡེ་ཤེས་གཉིས་ཀྱི་བར་གནས་སུ་འདུག་མཁན་ཞིག་ཡིན་ལབ་སོང་། ཁ་བརྡའི་ཁྲོད་དུ་ཁོ་རང་གིས་སྔར་ཨ་མེ་རི་ཁས་གློ་སྒྲིག་འཛུགས་ལ་ཨ་རིའི་དམག་མི་དང་གཅིག་མཚུངས་ཀྱི་ཕོགས་སྤྲད་ཡོད་ཀྱང་སྐུ་ངོ་རྒྱལ་ལོས་གློ་སྒྲིག་འཛུགས་ཀྱི་དམག་མི་རེ་ལ་ཟླ་རེར་བལ་སྒོར་བརྒྱ་ལས་སྤྲད་མེད་པ་དང་། དཀའ་ངལ་ཅན་ཚོས་ཞུ་བ་འཐེན་སྐབས། དངུལ་འདི་དག་གོང་ས་མཆོག་གིས་གནང་བཞིན་པས། བླ་མར་ཡར་ཕུལ་བ་མེད་ན་ཚུར་སློང་མཁན་ཡོད་དམ་ཞེས་བཀའ་བཀྱོན་གནང་ཚུལ་གསུངས་སོང་། ལོ་རྒྱུས་རིམ་པ་འདི་ངེས་པར་དུ་གསལ་བོ་བཟོ་དགོས་འདུག་བསམ། རྒྱུ་མཚན་ནི་ཡབ་གཞིས་ནས་མགོ་བསྐོར་བཏང་བའི་བཟོ་འདུག
ཅོག་མྱི་ལགས་ཀྱིས་གསུངས་པ་དེའང་དངོས་གནས་རེད། སྤྱིར་བཏང་སྤྱི་ལོ་ལྔ་བཅུའི་མགོ་སྟོད་ཙམ་ནས་རྒྱ་བོད་གཉིས་དབར་གྲོས་མཐུན་དོན་ཚན་བཅུ་བདུན་དང་། རྒྱ་དཀར་ནག་ནས་ཕན་ཚུན་གཉིས་ཕན་གྱི་ཚུལ་ཁྲིམས་ལྔ་ཞེས་པའི་ཆིངས་གན་དེ་བཞག་པ་ནས་བཟུང་འུ་ཅག་བོད་རྒྱལ་ཁབ་ཀྱི་བདག་དབང་ཡོངས་རྫོགས་ནག་པོ་རྒྱ་ལ་ཤོར་བའི་དབང་གིས་དུས་དེ་རིང་ལ་ཐུག་གི་བར་དུ་ས་སྟེང་འདིའི་སྟེང་གི་རྒྱལ་ཁབ་སུ་འདྲས་ཀྱང་ཁྲིམས་ཐོག་ནས་བོད་གཞུང་ཞེས་པ་ཞིག་ངོས་ལེན་བྱེད་ཐབས་མེད་པར་གྱུརད་ཡོད་སྟབས་རྒྱ་གར་གཞུང་ཡང་དེ་དེ་བཞིན་ལས་དམིགས་གསལ་གང་ཡང་མིན། རྒྱ་གར་གཞུང་དམངས་གཉིས་ནི་དུས་ནམ་ཡང་ང་ཚོར་བཀའ་དྲིན་ཆེ་བའང་ལོ་རྒྱུས་ཁྲོད་ཀྱི་དངོས་ཡོད་གནས་ཚུལ་གྱི་ཆ་ཤས་ཤིག་ཀྱང་རེད། ཀརྨ་བློ་གསལ་ལགས་ཀྱིས་གསུངས་པའི་ཁ་བརྡ་བྱ་ཡུལ་གྱི་མི་དེའི་མིང་ལ་གང་ཟེར། ང་ཚོའི་སྤྱི་ཚོགས་ཁྲོད་དུ་ག་དུས་ཡིན་ཡང་རྒྱུ་མཚན་དེ་ཙམ་མེད་པའི་དགོས་མེད་ཀྱི་འཆལ་གཏམ་དཀྲོགས་གཏམ་དེ་རིགས་ཀྱིས་ང་ཚོར་གནོད་སྐྱོན་བྱུང་བའང་ད་བར་རྩ་ནས་ཉུང་དྲག་མེད། གློ་དམག་སྒར་གྱི་སྐབས་སུ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རོགས་སྐྱོར་མཚམས་མ་བཞག་གོང་ནས་དཀའ་ངལ་མང་པོ་ཞིག་ང་ཚོ་རང་གི་མིས་བཟོས་ཡོད་པ་དེ་དངོས་བདེན་རེད། འབའ་པ་རྒན་ཡེ་ཤེས་ཀྱིས་དངུལ་དངོས་ཕོན་ཆེ་ཞིག་སྒེར་བདག་བྱས་པ་ཙམ་མ་ཟད། སྐབས་དེའི་ཨ་འབྲུག་མགོན་པོ་བཀྲིས་ཀྱི་ཚ་བོ་རྒྱ་དོ་ཚང་དབང་འདུས་སོགས་རྣམ་དཔྱོད་ལྡན་ལ་ལྷག་བསམ་དང་དཔའ་བློ་ཁོག་སོགས་འགྲན་ཟླ་བྲལ་ཁོང་ཅག་ལ་སྔ་ཕྱིར་དཀའ་ངལ་མང་དག་ཅིག་བཟོས་པ་སོགས་དེ་སྐབས་དང་འབྲེལ་བའི་དཔྱད་གཞིའི་ཡིག་རིག་སོགས་ལས་གསལ་པོར་མཐོང་ཐུབ ཨ་རིའི་གསང་བ་ལས་ཁུངས་ནས་ང་ཚོར་རོགས་སྐྱོར་བྱས་པ་བདེན་ཡང་། ཐོག་མ་ཉིད་ནས་བཟུང་རོགས་སྐྱོར་ལྡེང་ངེས་ཤིག་རྩ་བ་ནས་བྱས་མེད་པ་སྐུ་ངོ་རྒྱ་ལོས་གསལ་པོར་གསུངས་འདུག་པར་རྒྱུ་མཚན་མེད་པ་མིན། བོད་ནང་ཨ་རིའི་གསང་ལས་ཀྱིས་སྦྱོང་བརྡར་བྱུང་ནས་གནམ་མཆོང་གིས་འབྱོར་བའི་དཔའ་རྒོད་ཚོས་རེ་འདུན་ཞུས་པ་ལྟར་ཁམས་ཕྱོགས་སུ་འཕྲལ་དུ་མཁོ་བའི་མེ་མདའ་སོགས་ལྡེང་ངེས་ཤིགནམ་ཡང་བཏང་མེད་པའང་བློ་ཕམ་གནས་ཚུལ་ཞིག་རེད། དེ་སྐབས་ཁམས་ཁུལ་ཁོ་ནར་ཡང་རྒྱ་དམག་ལ་རྒོལ་མཁན་དཔའ་བོ་ཁྲི་ཚོ་ཁ་ཤ་ས་ཡོད་ཀྱང་། ཁོ་ཚོར་གོ་མཚོན་གྱིས་ཕོངས་ནས་བསྡད་ཡོད། དེ་སྐབས་ཨ་རིའི་གསང་ལས་ཀྱིས་གོ་མཚོན་སོགས་རོགས་པ་ལྡེང་ངེས་ཤིག་གནང་ཡོད་ན། ཕལ་ཆེར་ང་ཚོས་རྒྱལ་ཁ་གང་ཙམ་ཞིག་བླངས་ཡོད་སྲིད། དེ་དང་གཅིག་མཚུངས་གློ་དམག་སྒར་ལའང་དང་པོ་ནས་བོད་མིའི་གྲངས་འབོར་ལྟར་གྱི་རོགས་རམ་ཞིག་མ་བྱུང་བར། ཨ་རིའི་གསང་ལས་ནས་ལོ་རེའི་དངུལ་སྒོར་གྱི་འགྲོ་གྲོན་བྱུང་བ་ནི་དེར་ཡོད་བོད་དམག་ཚོའི་གྲངས་འབོར་གྱི་ཕྱེད་ཀ་ཙམ་ཡང་མ་ཟིན་སྟབས་དང་པོ་ནས་ཁོང་ཚོར་བཟའ་ཆ་སོགས་མི་ལྡེང་བའི་དཀའ་ངལ་བྱུང་ཁར་འབའ་པ་རྒན་ཡེ་ཤེས་སུ་འབོད་པས་དམག་མིར་ཐོབ་པའི་རོགས་དངུལ་བལ་སྒོར་ས་ཡ་ ༢༠ ནས་མང་ཆེ་བ་ཞིག་ཁོ་རང་གིས་སྒེར་བདག་བྱས་ནས་རྙོག་ཁྲ་བྱུང་བ་སོགས་བྱུང་བ་ལས། སྐུ་ངོ་རྒྱ་ལོས་དངུལ་སྒོར་སྒེར་བཟོས་བྱས་པ་ཞིག་མིན་ནོ། བྱིས་པ་ལོ་གསུམ་སོན་སྐབས་ནུ་སྟོན་ཞེས་སྲུང་བརྩི་བྱེད་སྲོལ་ཡོད་པ་བོད་མདོ་སྨད་ཁུལ་དུ་ཏན་ཏན་རྒྱུན་ཤེས་ཙམ་ཡིན་ངེས་ཀྱང་། ངས་ནི་གོ་བ་དེ་རིང་ཐེངས་དང་པོ་ཡིན། བཀྲིན་ཆེ་སྐུ་ཞབས་གནམ་ལོ་ཡག་ལགས། ཉེ་དུས་ཨོསཊིརླིཡར་༧གོང་ས་མཆོག་གི་བཀའ་ཆོས་ལ་བཅར་འཆར་ཡོད་ཀྱང་ལས་དོན་གཉིས་དུས་གཅིག་ཏུ་འཁེལ་ནས་ཡོང་ཐུབ་མ་སོང་། འོན་ཀྱང་། འབྱུང་འགྱུར་ཏན་ཏན་ཐུག་འཕྲད་ཡོང་ངེས་ལ་མཉམ་དུ་ཆང་མང་ཙམ་ཞིག་འཐུང་ནས་ཁ་བརྡ་མང་པོ་བྱ་འདོད་ཡོད་དོ། སྐུ་ངོ་རྒྱ་ལོས་གསུངས་པ་ལྟར་ན། པཎ་ཆེན་རིན་པོ་ཆེ་དང་མཇལ་འཕྲད་ཐེངས་མང་བྱུང་ཞིང་། ༧གོང་ས་མཆོག་ཕྱིར་ལོག་ཕེབས་རྒྱུའི་ཐད་རྒྱ་ནག་གི་གནས་ཚུལ་ཡག་པོ་མ་ཤེས་བར་དུ་གཟབ་གཟབ་མ་གནང་བ་ཡིན་ན། ཉེན་ཁ་ཡོད་པར་ཀུན་གཟིགས་མཆོག་གིས་དེ་ལྟར་དགོངས་ཀྱི་ཡོད་བཟོ་འདུག ཁོང་གློ་བུར་སྐུ་ཞི་བར་གཤེགས་པ་དེས་༧གོང་ས་མཆོག་པཎ་ཆེན་མཆོག་གི་འདས་་མཆོད་་དུ་ཕེབས་རྒྱུ་དང་རྒྱ་ནག་གི་དཔོན་རིགས་དེ་སྔ་ཕྱི་ལོ་༡༩༥༤ ལོར་ངོ་ཤེས་བྱུང་བ་དེ་ཚོ་དང་འབྲེལ་བ་མཐུད་རྒྱུར་གོ་སྐབས་ཞིག་བྱུང་བ་དེ་རེད། སྐབས་དེར་གཙོ་འཛིན་ཏེང་ཞའོ་ཕིང་སྐུ་ངོ་མས་༧གོང་ས་མཆོག་ལ་འགྲོན་འབོད་གནང་དགོས་དོན་ཡང་ཕན་ཚུན་ཡིད་ཆེད་བསྐྲུན་ཆེད་ཀཉཡི་དོན་དུ་ཡིན་པ་འདྲ། འོན་ཀྱང་། སྐབས་དེའི་བཀའ་ཤག་དང་རང་གཞུང་གི་མཛད་གཙོ་ཚོས་དོགས་ཟོན་གྱིས་དུས་ཚོད་ཐུང་དྲག་པར་ཁ་གཡར་ཏེ་བཀག་འགོག་བྱུང་ཡོད་སྟབས་༧གོང་ས་མཆོག་བོད་དུ་ཕེབས་རྒྱུའི་གོ་སྐབས་ཞིག་སླར་ཡང་ཤོར་པ་འདྲ། གང་ལྟར་མི་རེ་ལ་བསམ་ཚུལ་རེ་ཞེས་པ་ལྟར་སྐུ་ངོ་རྒྱ་ལོའི་གཟིགས་སྟངས་མང་པོ་ཞིག་ང་ཚོའི་ནམ་རྒྱུན་གྱི་ལྟ་སྟངས་དང་ཁྱོན་ནས་མི་འདྲ་ཞིག་འདུག གང་ལྟར་ཁོང་གི་ཕྱག་དེབ་དེ་ཐེངས་གཅིག་བཀླགས་ན་ང་ཚོས་ཤེས་ཐུབ། པཎ་ཆེན་སྐུ་འཕྲེང་༩ པ་ཡན་གྱིས་ཆོས་ཕྱོགས་ནས་མཛད་རྗེས་འདྲ་བཞག་ཡོད་ན་མ་གཏོགས་གཞན་གང་ཡང་ཧ་མ་གོ འོ་རེད། ངས་ཏོག་ཙམ་བརྗེད་ཤག རི་བོ་དགེ་ལུགས་པའི་ཁྲོད་དུ་པཎ་ཆེན་བློ་བཟང་ཆོས་རྒྱན་སྐད་གྲགས་ཆེན་པོ་རེད། འོན་ཀྱང་། པཎ་ཆེན་སྐུ་འཕྲེང་བཅུ་བ་མཆོག་ནི་སྐུ་ཞབས་གནམ་ལོས་གསུངས་པ་བཞིན་ང་ཚོ་བོད་གངས་ཅན་པ་རྣམས་ལ་ཧ་ཅང་གིས་བཀྲིན་ཆེན་པོ་ཡིན་པ་རེད། ཁོང་བྱུང་མེད་ན། ཕལ་ཆེར་བོད་ནང་དུ་རིག་གསར་གྱི་རྗེས་ཙམ་ནས་བྱུང་བའི་བོད་ཀྱི་རིག་གནས་སྤྱི་བྱིངས་ཚང་མང་ཉམས་གསོ་དང་གོང་འཕེལ་དེ་ལྟ་བུ་ཞིག་ཕལ་ཆེར་ཡོང་ཐབས་མེད་པ་རེད་ཟེར་ནའང་མི་ཆོག་པ་མེད། དེ་སྔ་པཎ་ཆེན་མཆོག་སྐུ་འཚོ་བཞུགས་སྐབས་བོད་ཕྱི་ནང་གཉིས་ནས་མང་ཉུང་ཙམ་མ་གཏོགས་ཁོང་ལ་མི་དགའ་མཁན་ཡང་གང་ཙམ་བྱུང་ཡོད་པའང་བདེན་པ་རང་རེད། འོན་ཀྱང་། འདས་ཟིན་པ་ནི་འདས་པ་རང་རེད། འགྱོད་པ་བྱེད་པ་ཙམ་ལས་གཞན་ཅི་བྱེད། བཀྲིན་ཆེ།
ཚང་མས་དོ་ཁུར་ནན་གནང་གིས་མཆན་བཏབ་པ་དང་འབྲེལ་ཡོད་གནད་དོན་གཞན་དག་གླེང་བར་བཀའ་དྲིན་ཆེ་ཞུ། ང་ཚོ་ཚང་མས་སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་ལོ་རྒྱུས་ཀྱི་གནད་དོན་འདི་རིགས་ལ་གསལ་བཤད་ཡང་དག་ཅིག་བྱེད་པར་བསྐུལ་འདེད་བྱེད་འོས། གཅིག་ནས་ང་ཚོའི་དོགས་གཞི་སེལ་བར་ཕན་པ་དང་། གཉིས་ནས་ཁོ་རང་འཚོ་བཞུགས་སྐབས་སུ་དོགས་གཞི་འདི་རིགས་ལ་ལན་བརྒྱབ་ན་གྲོངས་རྗེས་སྐད་ཆ་གང་མང་ཞིག་ཡོང་གཞི་ཆགས་མེད།
རིན་ཆེན་ལགས། རྒན་པོ་དེ་སུ་ཡིན་མིན་གནས་སྐབས་གཙོ་བོ་མ་རེད། རྒན་པོ་ཁོང་གིས་གསུངས་པ་དེ་དག་ལ་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་ལན་ཕུལ་བའི་དུས་སུ་སླེབས་འདུག ཨ་རིའི་རོགས་བསྐྱོར་འདང་ངེས་ཤིག་ཟེར་ན་དེ་ཅུང་ཁག་པོ་རེད་འདོད། རྒྱ་དཀར་ནག་གཉིས་ནས་མ་ཤེས་པ་གནང་ནས་གནམ་གྲུ་ལས་མེ་མདའ་སོགས་སར་གཡུགས་ཀྱི་ཡོད་ཙང་། འདང་ངེས་ཤིག་ལབ་ན་ཅུང་ཁག་པོ་རེད་བསམ། དེ་མིན་གློ་སྒྲིག་འཛུགས་ལ་ཨ་རིའི་དམག་ཕོགས་དང་གཅིག་པ་སྤྲད་པ་ནི་རྗེས་སུ་ཧ་གོ་བ་ཡིན་གསུང་སོང་། དེ་ནས་ཨ་རིས་གཞུང་གིས་རྒྱལ་ལོ་བརྒྱུད་ནས་རྒན་ཡེ་ཤེས་འབྱོར་དགོས་པ་དང་རྒན་ཡེ་ཤེས་ནས་སད་ཡིག་བརྒྱབ་ནས་ཨ་རིར་གཏོང་དགོས་པ་བཟོས་འདུག སྐབས་དེ་བདུན་ཅུ་དོན་གྲངས་ནང་རེད་ལ། དེ་ནས་རྒན་ཡེ་ཤེས་ཀྱིས་ཀྱང་དངུལ་འབོར་ཆེན་ཁུར་བ་རེད་གསུངས་སོང་། འོན་ཀྱང་། མ་འདྲ་ས་ནི་རྒྱལ་ལོས་ལྔ་བཅུ་ང་གྲངས་ནས་བདུན་ཅུའི་འགོ་བར་དུ་དམག་ཕོགས་བཀོལ་སྤྱོད་བཏང་བར་གྲིབ་མ་ཙམ་མཐོང་རྒྱུ་མེད་པ་དང་། རྒན་ཡེ་ཤེས་ནས་བལ་ཡུལ་ནང་དམག་མི་རྒ་རྒས་ཚོར་རྒན་གསོ་ཁང་བརྒྱབ་ཡོད་འདུག་ཟེར།
དེབ་དེའི་ནང་རྒྱལ་ལོ་དོན་གྲུབ་ཀྱིས་ལོ་རྒྱུས་ལ་ཁྱོག་བཤད་དང་རྫུན་བཤད་ཀྱིས་འཁེངས་འདུག ཁོང་གིས་བཙན་བྱོལ་ནང་དུ་ཆབ་སྲིད་ཁྲབ་ལུགས་དང། བོད་མི་དུམ་བུ་འབྱེ་བ་སོགས་ཀྱི་སྐོར་ལ་གང་ཡང་བྲིས་མི་འདུག
བོད་ཡུལ་སྟོད་སྨད་བར་གསུམ་བོད་མི་རིགས་ཀྱི་སྐད་དང་ཡི་གེ་གཙོས་པའི་རིག་གནས་ཁག་དང་རྒྱལ་ཞེན་ཀྱི་བསམ་བློ་བསྐྲུན་མཁན་པཎ་ཆེན་སྐུ་འཕྲིང་བཅུ་པ་ཆེན་པོ་མཆོག་ལ།རྟ་བཙོང་བ་།ཚོང་པ་རྒྱག་པ།ད་དུང་བལ་ཡུལ་ནས་དར་ནག་ནང་སྐྱག་པ་ཕུལ་བ་དག་ག་ལེར་གསལ་འབྱེད་ཡོང་གི་ཡོད་ཚོད་འདུག།