དྲི་མེད་ལྷག་བསམ།
ན་མོ་གུ་ར་ཝེ།
བདེ་ལྡན་ཞིང་གི་སྣང་བ་མཐའ་ཡས།།
སྲིད་པ་འདི་ལ་ཕྱི་མིག་གཟིགས་ཏེ།།
བདག་སོགས་འགྲོ་བའི་སྐྱབས་སུ་བྱོན་པ།།
པཎ་ཆེན་དྲན་ཞིང་མིག་ཆུ་འཐོར་སོང་།།
ཆོས་གཏམ་སྨྲ་བ་དེང་དུས་མང་ལ།།
ཞལ་བདེའི་ལུང་རིགས་སྒྲོག་མཁན་མོད་དེ།།
མུན་ནག་ཁྲོད་ནས་མཆོག་གསུམ་སྣང་བ།།
རིམ་བཞིན་ཤར་བ་ཁྱོད་ཀྱི་བཀའ་དྲིན།།
གཡོ་སྒྱུའི་དུག་མཚོ་རྒྱས་པའི་ཀློང་དུ།།
ཆགས་སྡང་འཐབ་རྩོད་རྦ་རླབས་གཡོ་དུས།།
ཐུགས་སྟོབས་གཡོ་མེད་གཟི་འོད་འབར་བས།།
སྤོབས་པའི་སྲོག་རྩ་དར་བ་ཁྱོད་དྲིན།།
དགྲ་གཉེན་འགྱུར་ལྡོག་ཆུ་་ཡི་གཉེར་མ།།
རང་ལུགས་མི་ཤེས་ལོང་བའི་མདའ་འཕེན།།
ཐུགས་ལ་མི་མཛའ་རང་ཚུགས་ཟུངས་ཞེས།།
བླང་དོར་མེ་ལོང་སྟེར་བ་ཁྱོད་དྲིན།།
ཕ་མར་བརྡོ་ཞིང་རྒན་པར་འཁུ་བས།།
དུམ་གཅོད་ཚིག་རྩུབ་ངོ་སོ་མཐོ་དུས།།
གུས་བཀུར་གཞུང་དྲང་བོད་ལུགས་ཡིན་ཞེས།།
གཡང་མདའ་ལག་ཏུ་གཏོད་པ་ཁྱོད་དྲིན།།
བོད་སྐད་སྨྲ་ལ་སྙིང་ཁམས་ཆུང་ཞིང་།།
བོད་ལྭ་གྱོན་པར་ངོ་ཚར་བརྩི་དུས།།
རང་གི་རིག་གཞུང་བདག་པོ་དགོས་ཞེས།།
བོད་སྐད་བོད་ཆས་གནང་བ་ཁྱོད་དྲིན།།
མི་རིགས་སྔོན་ཐོན་གོང་འཕེལ་འགྲོ་བར།།
རིག་གནས་ཡོན་ཏན་རྩ་བ་ཡིན་ཞེས།།
སློབ་གྲྭ་གསོ་སྐྱོང་ཕྱག་དངུལ་བསྩལ་ཏེ།།
ཤེས་ཡོན་སྒྲོན་མེ་སྦར་བ་ཁྱོད་དྲིན།།
ནད་པ་བདག་མེད་རྡོ་བཞིན་དོར་ཏེ།།
འཆི་བར་སྒུག་ལས་ཐབས་གཞན་བྲལ་ལ།།
ནད་སེལ་འཕྲོད་བསྟེན་ཆ་རྐྱེན་དགོས་ཞེས།།
གྲོང་གསེབ་སྨན་ཁང་བཙུགས་པ་ཁྱོད་དྲིན།།
ཆོས་པ་ཡོངས་ཀྱི་དབུ་འཕང་དམའ་ཞིང་།།
དགོན་གནས་ཐམས་ཅད་གྱང་རུལ་གྱུར་དུས།།
བསྟན་པར་སོམས་ལ་གྱེན་དུ་ལོངས་ཞེས།།
ཆོས་དང་ཟང་ཟིང་བསྩལ་བ་ཁྱོད་དྲིན།།
པོ་ཏི་འབུམ་དང་རྟེན་རྙིང་ཁྲི་ཕྲག །
གནའ་རྫས་རིག་དངོས་བདག་པོར་དགོས་ཞེས།།
རང་སའི་དགོན་སྡེར་རང་ནོར་སྤྲད་དེ།།
ལོ་རྒྱུས་ཉམས་གསོ་གནང་བ་ཁྱོད་དྲིན།།
བླ་ཆེན་བཞུགས་གནས་བིས་མདོའི་དགོན་ནས།།
བཀྲ་ཤིས་གསོ་སྦྱོང་ཐོག་མར་བཙུགས་སྟེ།།
དགོན་སྡེ་སྟོང་ཕྲག་ཆོས་སྒོ་འབྱེད་པའི།།
རབ་བརྗིད་དམ་བཅའ་གནང་བ་ཁྱོད་དྲིན།།
ལྷ་ལྡན་སྨོན་ལམ་ཉམས་གསོ་གནང་ཞིང་།།
གནས་ཆུང་དགོན་ལུང་བཀྲ་ཤིས་འཁྱིལ་བ།།
དཀར་མཛེས་བླ་རུང་ཧྲང་ཧེ་པེ་ཅིང་།།
ནང་བསྟན་སློབ་གླིང་བཙུགས་པ་ཁྱོད་དྲིན།།
རྒྱ་ནག་རྒྱལ་ཁབ་བོད་སོག་ཀུན་ལ།།
ཐུབ་བསྟན་སྤེལ་བའི་ས་གནས་སྒོ་འབྱེད།།
རང་དགར་བྱུང་མིན་དཀའ་བ་འབུམ་གྱི།།
རྔུལ་ཆུས་ལོ་རྒྱུས་བྲིས་པ་ཁྱོད་དྲིན།།
སྨན་རྩིས་ཁང་དང་ལྷ་སའི་སློབ་ཆེན།།
བོད་རིག་ཞིབ་འཇུག་ཚན་རིག་ཞིབ་འཇུག །
དཀོན་པའི་ལག་རྩལ་ཉག་ཕྲའི་བརྒྱུད་པ།།
ཀཱ་ཙན་དབྱངས་སོགས་སྤེལ་བ་ཁྱོད་དྲིན།།
གང་གི་མཛེས་ཞལ་སྙིང་དུ་སྡུག་ལ།།
དྲོན་པོའི་ཕྱག་དབང་མགོ་བོར་ཕོག་ཏེ།།
དམ་ཚིག་མདུད་པ་སྐེ་ལ་གྱོན་ནས།།
དྲན་གདུང་དྲི་ངད་ཡལ་བ་མེད་དོ།།
མཛད་རྗེས་བརྗོད་ན་ཕ་མཐའ་མེད་ལ།།
རང་དང་འབྲེལ་བ་རེ་ཞིག་མི་གླེང་།།
མདོར་ན་དམ་པ་ཁྱོད་ཀྱི་ཐུགས་བཞེད།།
ལེགས་པར་འགྲུབ་པའི་སྨོན་ལམ་འདེབས་སོ།།
ཞེས་པའང་རྨི་ལམ་དབང་ཕྱུག་ཤྲཱི་ལགས་ཀྱི་དྲན་པའི་དུང་ཟླ་མཇལ་བའི་མུར་ཁ་ནས་གང་བྱུང་དུ་མིག་ཆུ་འཐོར་བཞིན་དྲི་མེད་ལྷག་བསམ་གྱིས་ཤར་མར་བྲིས་པ་དགེའོ། །
བོད་ཆོས་བོད་ཆས་བོད་སྐད་ལ། །
མཛད་རྗེས་ཆེ་བའི་པཎ་ཆེན་གྱི། །
༸ཡང་སྲིད་བསྟན་དགེ་གང་དུ་ཡོད། །
གསེར་ཞལ་མཇལ་འདོད་ཤིན་ཏུ་ཆེ། །
དྲང་པོར་ཞུས་ན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ལོ་འཁོར་བཅུའི་ནང་དེང་སྐབས་བོད་ཕྱི་ནང་གཉིས་སུ་བོད་ཡིག་བཀོལ་ནས་ཕྱག་ལས་གནང་ཐུབ་མཁན་དག་གི་རྨང་གདན་དང་བསྐྱེད་བསྲིངས་གནང་ཐུབ་ཡོད་པ་རེད། བཙན་བྱོལ་ནང་ལོ་འཁོར་དྲུག་ཅུ་ལྷག་རིང་བོད་ཡིག་རང་མགོ་ཐོན་མཁན་ག་ཚད་ཅིག་ཡོད་དམ། ཚོང་པ་རྒྱགས་པ་ལགས་ནི་བོད་ཡིག་གིས་རྒྱགས་པ་ཞིག་མ་རེད་དམ།
བོད་ནང་གི་བོད་རིགས་ས་ཡ་དྲུག་གི་ལོ་དྲུག་ཅུ་དང་། ཕྱི་རྒྱལ་ནང་ལ་ཡོད་པའི་བོད་རིགས་འབུམ་གཅིག་ལྷག་ཙམ་གྱི་ལོ་དྲུག་ཅུ་གཉིས་ཀྱི་འགྲན་སྡུར་བྱེད་མཁན་་་་་་་་་་་་ ད་བཞག་ཤོག
ངོ་མ་ཡག་པོ་རྩོམ་འདུག ཡིན་ན་ཡང་། ཧ ཧ
ཀུན་གཟིགས་པན་ཆེན་དྲན་པའི་མིག་ཆུ་དང་།།
པན་ཆེན་བླ་མ་དྲན་པའི་དུང་ཟླ་གཉིས།།
དྲི་མེད་ལྷག་བསམ་ཤྲྰི་ཨེ་མ་ཧོ།།
རྩོམ་མཁན་གཉིས་སུ་ཡོད་པར་འཁྱང་མོ་ཉུག།
ཆོས་དང་ཟང་ཟིང་སྩལ་པའི་སྒོ་ནས།
བཀྲ་ཤིས་ལྷུན་པོའི་དཀའ་ཆེན་མང་པོར།
གཞུང་ཆེན་དག་ལ་བཤད་པ་འབྲིར་བཅུག
དཀའ་ཆེན་བཟོད་པའང་དེ་གྲས་ཡིན་འདུག།
་
སློབ་གྲྭ་གསོ་སྐྱོང་ཕྱག་དངུལ་སྩལ་ཏེ།
སྤྱན་གསལ་སློབ་གྲྭར་ཚུད་པའི་སློབ་མ།
གར་ཇའི་དངོས་གྲུབ་ཚེ་རིང་ཡོད་ན།
དད་པའི་སྤུ་ལོང་སྒྲ་དབྱངས་སྒྲོགས་འགྱུར།།
་
ཁོ་བོ་རྒྱ་གར་ལེགས་སྦྱར་སློབ་པར།
འཚོ་བ་དཀོན་པ་ཡོད་པའི་དུས་ལ།
པཎ་ཆེན་རིན་པོ་ཆེ་ལ་གྲོགས་མཛོད།
གསོལ་བ་སེམས་ལ་ཡོད་པ་ལགས་སོ།།
་
ཆིག་སྟོང་བརྒྱད་ཅུ་གྱ་བདུན་ལོ་ལ།
དངོས་སུ་ཞལ་མཇལ་བྱིན་རླབས་ཞུས་ཤིང་།
དགེ་འདུན་ཁྲུས་ཁང་གསར་སྐྲུན་ཞལ་འདེབས།
ཕུལ་བར་ཐུགས་དགྱེས་ཡ་ཡ་གསུངས་བྱུང་།།
པདྨ་ལགས་ལ་ཞུ་བ། ཤྲཱི་དང་ངེད་གཉིས། དད་པའི་ཡུལ། ལྟ་སའི་དཔེ། སྦྱང་བའི་གཞུང་། ཚིག་གི་སྦྱོར་བ་སོགས་གཅིག་ཏུ་མཚུངས་ཞེས་སྨྲ་མཁན་མང་དུ་བྱུང་ཡང་། གང་ཟག་སོ་སོ་ཡིན། ཁོང་གཞུང་ལུགས་མཁན་པོ་མཁས་པའི་གྲས་དང་། ཕྲན་ནི་བླུན་པོ་འཆལ་གཏམ་སྨྲ་མཁན་གྱི་གྲས་སོ། །ཡོན་ཏན་གནམ་ས་ཙམ་ཁོང་ལྷག དེ་བཞིན་ཕྲན་ནི་ལེ་ལོ་ཆེ་བས་སྐབས་རེ་ལས་ཡི་གེ་འབྲི་ཐུབ་མཁན་དང་། ཁོང་ནི་རྒྱུན་དུ་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་རྒྱ་མཚོའི་རླབས་ལྟར་གཡོ་བ་ཞིག་ལས་པས་གཅིག་ཏུ་མི་འཁྲུལ་བར་གསོལ་ལོ། །
ཡོད་དུས་ཀུན་གྱིས་འཕྱ་བའི་།
ཀུན་གཟིགས་ཚོང་པ་རྒྱག་པ།
མེད་དུས་དཔའ་བོའི་མཚན་ཅན།
ཀུན་གཟིགས་ཚོང་པ་རྒྱག་པ།
བལ་པོའི་ཡུལ་དུ་ཕེབས་དུས།
དར་ཆ་ནག་པོ་ཕྱར་ནས།
བཙན་བྱོལ་བྱེས་བཞུགས་བོད་པས།
ཕེབས་བསུ་ཟབ་རྒྱས་ཞུས་ཡོད།
བཙན་བྱོལ་དགོན་པའི་ནང་ལ།
ཁྱེད་ཀྱི་སྐུ་པར་མིན་འདུག
ཚོགས་གཞུང་འདོན་ཆའི་ནང་ལ།
ཁྱེད་ཀྱི་ཞབས་བརྟན་མིན་འདུག
བདེ་ལྡན་ཞིང་གི་ཞིང་གི་མགོན་པོ་འོད་དཔག་མེད།
སྲས་ཀྱི་ཐུ་བོ་འཕགས་མཆོག་སྤྱན་གཟིགས།
དྲིན་ཅན་རྩ་བའི་བླ་མའི་སྐུར་བཞེངས་པ།
རྒྱལ་མཆོག་ཡབ་སྲས་གཉིས་ལ་ཕྱག་འཚལ་ལོ། །
་
༡༩༨༧ ལོར་ལོ་མང་རྗེས་སུ་༧སྐྱབས་མགོན་པཎ་ཆེན་རིན་པོ་ཆེ་གདན་ས་བཀྲ་ཤིས་ལྷུན་པོར་ཕེབས་སྐབས་མི་མངས་ཀྱིས་ཕེབས་སུ་གཟབ་རྒྱབ་ཞུས། སྟེས་དབང་གིས་བདག་ཀྱང་དེར་འབྱོར་ནས། ཁྱུང་རི་ཞེས་པའི་དགོན་པའི་ནུབ་བྱང་དུ་རི་བོའི་ལོགས་སུ་ཕེབས་བསུ་ཞུ་བར་བསྡད་དུས་བོད་མི་ཞིག་གིས་མ་རངས་པའི་ཚུལ་དུ་པཎ་ཆེན་གྱིས་བོད་རང་བཙན་མི་ཡོང་གསུང་གི་ཡོད་རེད། ཅེས་ཟེར་བ་ཐོས།
དེ་བཞིན་དུ། གོང་ས་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ཞབས་ཀྱིས་བོད་རང་བཙན་ལ་མི་རྩོད་པར་རྒྱ་ནག་གི་ནང་དུ་བོད་རང་སྐྱོང་གི་ཐོབ་ཐང་དགོས་གསུངས་པར་བོད་མི་ཁ་ཅིག་་མ་མོས་པ་ཡོད་པར་མཐོང་། ཞེས་སོ།
་
བོད་དང་བོད་མིར་གཅེས་པ་རྒན་བཀྲ་ཤིས་ཚེ་རིང་གིས་ཀྱང་འདི་ལྟར་བྲིས་ཏེ།
བོད་རང་དབང་རང་བཙན་བྱེད་མིན་གྱི་དྲི་བ་འདི་མི་རབས་རྗེས་མས་ཐག་གཅོད་བྱེད་རྒྱུར་བཞག་ན་ལེགས་ཤོས་རེད།”
ས་མཐའི་མིག་ཆུ་བཤད་ཡ་བདེན་ཡ་རེད།
པཎ་རྫུན་རྒྱལ་ནོར།
https://www.facebook.com/photo.php?fbid=849004831818823&set=a.325389564180355.92007.100001279427179&type=1&theater
པཎ་རྫུན་ཀར་རྫུན་ཞེས་པའི་སྨོད་ཡུལ། །གཏད་ས་བོད་པ་ཞིག་ལས་མི་འདུག །
པཎ་ཆེན་འོས་སྤྲུལ་ངོས་ལེན་ཐོབ་ཅིང་། །ཀརྨ་རྣམ་གཉིས་ཐུགས་སྣང་མཐུན་རན། །
དུས་རབས་ཉི་ཤུ་ཕྱི་གསལ་ནང་གསལ། །ཆོས་ལུགས་ཕྱོགས་ཁྱེར་གོ་གྱོང་རུལ་བ། །
མཁྲེགས་འཛིན་འདི་དག་ཆམ་གྱིས་ཞིག་དུས། །ཞི་བདེ་མ་བོས་སྒོ་ལ་སླེབས་ཡོང་། །
སི་ཏུའི་རྫུན་ལ་ཆགས་འཇོགས་བྱས་ནས།།
རྒྱལ་བའི་རྒྱལ་ཚབ་ཀར་ནག་ཐོབ་སོང་།།
གངས་ཅན་བླ་མའི་མཐུ་ལ་བརྟེན་ནས།།
རྒྱ་ནག་པན་ཆེན་གསེར་ཁྲིར་བཀོད་སོང་།།
བདེན་པའི་ཞྭ་དམར་དགུང་དུ་ཡལ་ནས།།
ཀརྨ་དཀར་པོ་སྒོམ་ལ་བཞུགས་སོང་།།
བདེན་རྫུན་གོ་ནོར་འཇིན་རྟེན་འདི་ན།།
ཞི་བདེ་ཟེར་བ་ཁ་ཙམ་གྱུར་སོང་།།
རྒྱལ་ནོར་པཎ་རྫུན་ཡིན་དང་་གཅིག །
མཐའ་རྡོར་ཀར་རྫུན་ཡིན་དང་གཉིས། །
སྲིད་མཐའི་བར་དུ་སྒྲོག་འདོད་ཡོད། །
༡༽དྲི་མེད་༢༽པདྨར་དགོངས་དག་ཞུ། །