བར་ཕུ་ཕུན་ཚོགས།
མཁྱེན་པའི་མཐར་ཕྱིན་ཀུན་གཟིགས་རིན་པོ་ཆེ།།
བརྩེ་བའི་མཐར་ཕྱིན་པཎ་ཆེན་རིན་པོ་ཆེ།།
ནུས་པའི་མཐར་ཕྱིན་སྣང་བ་མཐའ་ཡས་མཆོག།
མཁྱེན་བརྩེ་ནུས་པའི་ཞབས་ལ་གུས་ཕྱག་འཚལ།།
སྐུ་ཡི་ཕྲེང་བ་དུ་མས་འགྲོ་ཀུན་དང་།།
ལྷག་པར་གངས་ཅན་ལྗོངས་འདི་སྐྱོང་བའི་ཕྱིར།།
རིན་ཆེན་སྲོག་ཀྱང་དོར་བར་ནུས་པ་སྟེ།།
སྦྱིན་པའི་མཐར་ཕྱིན་པཎ་ཆེན་བླ་མ་དྲན།།
ཁྱེད་སྐུ་མུན་སེལ་ཉི་མ་གཞོན་ནུ་མཆོག།
དགེ་བའི་ལྷ་ཆོས་དབུ་ཡི་རྒྱན་དུ་བཞེས།།
འགྲོ་བའི་གདུང་སེལ་ཐུགས་ཀྱི་དབུས་སུ་བཞེངས།།
ཚུལ་ཁྲིམས་མཐར་ཕྱིན་པཎ་ཆེན་རིན་པོ་ཆེ།།
རང་གི་རིགས་དང་ཙི་ནའི་དམར་དམག་གིས།།
གཤེ་དང་བསྡིགས་ཤིང་ཡུན་རིང་གཙེས་ན་ཡང་།།
གནོད་ལན་ཕན་པས་མཇལ་བར་སྤྲོ་བ་ཡི།།
བཟོད་པའི་མཐར་ཕྱིན་པན་ཆེན་རིན་པོ་ཆེ།།
སྐྱེ་འཆིའི་རང་དབང་ཁྱེད་ལ་ཡོད་བཞིན་དུ།
ཀླ་ཀློའི་མུན་པའི་བཙོན་དུ་སླར་ཕེབས་ནས།།
ཞི་བའི་འཐབ་རྩོད་མཛད་པར་མི་ཞུམ་པའི།།
བརྩོན་འགྲུས་མཐར་ཕྱིན་པཎ་ཆེན་རིན་པོ་ཆེ།།
སྐུ་ཡི་ཕྲེང་བ་རྒྱུན་ཆད་མེད་པ་དང་།།
གསུང་གི་བདུད་རྩི་ཡལ་བར་མ་དོར་བར།།
ཐུགས་ཀྱི་བརྩེ་བ་མཉམ་པར་འཇོག་པ་ཡི།།
བསམ་གཏན་མཐར་ཕྱིར་པཎ་ཆེན་རིན་པོ་ཆེ།།
དྲག་པོའི་དམག་ལ་ཞི་བའི་གོ་ཆ་ཡི།།
འཐབ་རྩོད་རིག་པའི་འཕྲུལ་གྱིས་ཕམ་པར་མཛད།།
ཤེས་རབ་མཐར་ཕྱིན་པཎ་ཆེན་རིན་པོ་ཆེ།།
ཀྱེ་མ་ཀྱེ་ཧུད་ཁྱེད་སྐུ་ལྷང་ལྷང་དྲན།།
བར་ཕུ་ཕུན་ཚོགས་ནས་༢༠༡༧/༠༤/༢༥ཉིན།