རྩམ་ཕྲུག
ཀུན་དགའ་དོན་འགྲུབ་ཡོད་ན།།
ཀུན་གྱི་དགའ་བསྟོད་བྱེད་ཡུལ།།
ཀུན་དགའ་མེད་མཁན་རྣམས་ནི།།
ཀུན་གྱི་སྡང་སྨད་བྱེད་ཡུལ།།
ཀུན་དགའ་དོན་འགྲུབ་ཡོད་ན།།
འཇིག་རྟེན་ཧྲིལ་པོ་འདིའི་ནང་།།
མི་ཚོགས་གང་སར་འགྲོ་དུས།།
ཕེབས་སྐྱེལ་འཚང་ཀ་ཤིག་ཤིག།
ཀུན་དགའ་དོན་འགྲུབ་ཡོད་ན།།
དགྲ་གཉེན་བར་མ་ཐམས་ཅད།།
འཛུམ་མདངས་མེ་ཏོག་ཤར་ཤར།།
མ་བསྡུས་རང་ཕྱོགས་འདུས་ཡོང་།།
ཀུན་དགའ་དོན་འགྲུབ་ཡོད་ན།།
ཡུལ་དཔོན་མཐོ་དམན་ཡོད་ཚད།།
སྐད་ཆ་བཤད་ཐེངས་གཅིག་གིས།།
ཁ་ཕྱོགས་ག་བར་བསྒྱུར་བསྒྱུར།།
ཀུན་དགའ་དོནའགྲུབ་ཡོད་ན།།
ཚན་རྩལ་དར་རྒྱས་དུས་འདིར།།
རྒྱང་རིང་ཟླ་བའི་གྲོང་ཁྱེར།།
ལྗོངས་རྒྱུ་ག་དུས་འགྲོ་འགྲོ།
ཀུན་དགའ་དོན་འགྲུབ་ཡོད་ན།།
རྒྱལ་ཁམས་གང་དུ་སོང་ཡང་།།
ཡུལ་ཁྲིམས་རྩིས་མེད་བྱས་ཏེ།།
ཁྲིམས་འགལ་ག་ཚོད་བྱེད་བྱེད།།
ཀུན་དགའ་དོན་འགྲུབ་ཡོད་ན།།
རང་རང་འདོད་པ་ཇི་བཞིན།།
རྒྱལ་ཁམས་གང་སར་མྱུལ་ནས།།
ཚེ་གཅིག་རྫོགས་ལྡན་ཤར་ངེས།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཀུན་དགའ་དོན་འགྲུབ་མེད་ན།།
འཁོར་བར་ངེས་འབྱུང་སྐྱེས་པའི།།
བཙུན་པ་གྲུབ་ཐོབ་རྣམས་ཀྱང་།།
བྲན་གཡོག་སྐུལ་འདེད་བྱེད་ཉེན།།
ཀུན་དགའ་དོན་འགྲུབ་མེད་ན།།
ཡིད་འོང་མཛེས་མ་ཡིན་ཡང་།།
ལང་ཚོའི་མེ་ཏོག་རྒས་དུས།།
བཟའ་ཟླས་ཁྱིམ་ལས་སྤྱུཊ་ཉེན།།
ཀུན་དགའ་དོན་འགྲུབ་མེད་ན།།
རབ་བྱུང་རྫིག་ཉམས་དོད་ཀྱང་།།
ཚུལ་ཁྲིམས་སྒོ་ང་བཅག་རྗེས།།
འཕྱན་མས་རྡོག་རྗི་གཏོང་ཉེན།།
ཀུན་དགའ་དོན་འགྲུབ་མེད་ན།།
བློས་ཐུབ་དགའ་གྲོགས་ཚོ་ཡང་།།
དལ་བུར་ཕྱིར་ནུབ་བརྒྱབས་ཏེ།།
ཁེར་རྐྱང་གདུང་བར་སྦྱོར་ཉེན།།
ཀུན་དགའ་དོན་འགྲུབ་མེད་ན།།
ལྟ་སྡུག་ཁང་བརྩེགས་མཐོ་པོའི།།
ཨ་རིའི་རྒྱལ་ས་སླེབས་ཀྱང་།།
ཁྱིས་ཀྱང་དྲི་མ་མི་བསྣམས།།
ཀུན་དགའ་དོན་འགྲུབ་མེད་ན།།
འབྱོར་ལྡན་རྣམས་ཀྱིས་ལྟར་ཅི།།
སྲང་ཁྲོད་ར་བཟི་ཚོས་ཀྱང་།།
མགོ་ཐོག་གཅིན་པ་གཏོང་ཉེན།།
ཀུན་དགའ་དོན་འགྲུབ་མེད་ན།།
འཇིག་རྟེན་ཐོབ་དང་རང་དབང་།།
རྒྱུ་དང་དཔལ་འབྱོར་ཐམས་ཅད།།
ཤེལ་སྒོ་ནང་གི་མོག་མོག།
སྤྱི་ལོ་༢༠༡༣ ཟླ་བ་ ༨ ཚེས་ ༡༦ ཉིན་རྒྱབ་བྲིས།
ཀུན་དགའ་དོན་འགྲུབ་ཡོད་ན།།
རྒྱབ་ནས་ཇག་རྐུན་ཤིག་ཤིག།
ཀུན་དགའ་དོན་འགྲུབ་ཡོད་ན།།
མདུན་དུ་སློང་མོ་ཤིག་ཤིག།
ཀུན་དགའ་དོན་འགྲུབ་མེད་ན།།
གར་ཕྱིན་དངས་སྐྲག་མི་དགོས།།
ཀུན་དགའ་དོན་འགྲུབ་མེད་ན།།
ཡིད་སུན་སློང་མོ་མི་ཡོང།།
ཀུན་དགའ་དོན་གྲུབ་ཡོད་ན། །
མཆོད་འབུལ་གནས་སྐོར་འགྲོ་ཐུབ། །
ཀུན་དགའ་དོན་གྲུབ་མེད་ན། །
གྲུབ་པ་རྒྱག་ཏུའང་འགྲོ་མི་ཐུབ། །
ཀུན་དགའ་དོན་འགྲུབ་མེད་ནས།
ཀུན་ལེགས་སྒྲུབ་པ་བསྐྱལ་འདུག
ཀུན་དགའ་དོན་འགྲུབ་མེད་པའི།
ཀུན་སྤངས་བྱ་བྲལ་བྱོན་ཡོད།
ཀུན་དགའ་དོན་འགྲུབ་ཡོད་ན།།
ཕྱུག་པའི་ང་རྒྱལ་ཇེ་ཆེ།།
ཀུན་དགའ་དོན་འགྲུབ་ཡོད་ན།།
རྟག་ཏུ་ཇག་རྐུན་ཟོན་དགོས།།
མཆོད་འབུལ་གནས་སྐོར་བྱེད་པར།།
ཀུན་དགའ་དོན་འགྲུབ་མི་དགོས།།
རང་སེམས་རྣམ་པར་དག་ན།།
མཆོད་འབུལ་དེ་ཀས་ཆོག་གསུངས།
ཀུན་དགའ་དོན་འགྲུབ་མེད་ནས།།
དངོས་མེད་སེམས་ཀྱི་དགེ་རྩ།།
ཇི་སྙེད་མཆོད་པའི་ཐབས་ལམ།།
རྒྱལ་བས་ཡང་ཡང་གསུངས་ཡོད།།
ཧཧཧཧཧཧཧཧཧཧཧཧཧཧཧཧཧ།།
ཀུན་དགའ་དོན་གྲུབ་མེད་ན། །
རྩམ་པ་བག་ལེབ་མི་ཐོབ། །
རྩམ་པ་བག་ལེབ་མེད་པར། །
ཉམས་ལེན་ཇི་ལྟར་བྱེད་དམ། །
ཀུན་དགའ་དོན་འགྲུབ་མེད་པར།།
ཉམས་ལེན་སྣ་མ་སྣ་ཚོགས།།
སྐུ་གསུམ་བཅུད་ལེན་སྒྲུབ་པས།།
རྩམ་པའི་རྩམ་དྲི་མི་དགོས།།
ཀུན་དགའ་དོན་གྲུབ་མེད་པར། །
སྒོམ་སྒྲུབ་བྱེད་མཁན་ཡོད་སྲིད། །
ཟ་རྒྱུ་འཐུང་རྒྱུ་མེད་པར། །
སྒོམ་སྒྲུབ་བྱེད་སྟངས་ཨ་ཡོད། །
ཏིང་འཛིན་ཟས་ལ་རོལ་པའི།།
རྣལ་འབྱོར་ཉམས་ཀྱི་བདག་པོ།།
ཟ་འཐུང་ཁམས་ཟས་མེད་ཀྱང།།
བཅུད་ལེན་ཉམས་ཀྱིས་འཚོས་ཡོད།།
སྟོན་པ་ཤྰཀ་ཐུབ་ཕྱག་ལ། །
ལྷུང་གཟེད་ནག་པོ་གཟིགས་སམ། །
ཏིང་འཛིན་ཙམ་གྱིས་འཚོ་ན། །
བསོད་སྙོམས་ལེན་འདོད་ཅི་ཡོད། །
ལེན་འདོད་འདི་ལེན་དོན་ལ་བཅོས་ནས་་་
ཤཀ་ཐུབ་རང་སྣང་དག་པ་ལ།།
ཟས་གོས་བསྟེན་པ་མི་མཆིས་ཀྱང།།
གདུལ་བྱ་གཞན་སྣང་མི་འགག་ཕྱིར།།
གང་འདུལ་ཐབས་མཁས་སྣ་ཚོགས་མཛད།།
དེ་བཞིན་ཀརྡོ་གྲུབ་ཐོབ་ལ། །
རྒྱུ་དངོས་དགོས་པ་མི་འདུག་ཀྱང་། །
གདུལ་བྱ་འགའ་ཞིག་རྗེས་བཟུང་ཕྱིར། །
ཀུན་དགའ་དོན་གྲུབ་དགོས་སྟངས་བཤད། །
ཀུན་གྱང་དགའ་བའི་ཀུན་དགའ་དོན་འགྲུབ་ང་།
ང་ནི་བདེ་སྡུག་བྱེད་པོ་སྒོར་མོ་ཡིན།
ང་ཡོད་ཀུན་ལ་གང་བསམས་ལྷུན་འགྲུབས་ང་།
ང་མེད་མི་ལ་མི་འདོད་རང་བྱུང་ང་།