ཨེ་མ་ཧོ།
ན་མོ་མ་ཧཱ་གུ་རུ་ས་མནྟ་བྷ་དྲ་ཡེ།
གདོད་ནས་ཀ་དག་ཀུན་བཟང་དགོངས་པ་ཡི་དཀྱིལ་འཁོར།།
གཞི་གཅིག་ལམ་འབྲས་འཆར་བའི་སྣང་སྲིད་ཀྱི་རོལ་བ།།
འཁོར་འདས་མཉམ་པར་གདལ་བའི་རིག་ཀློང་འདི་མཇལ་ཚེ།།
ཀུན་བཟང་ཡབ་ཡུབ་དགྱེས་པའི་བུ་ཆུང་ང་སྐྱིད་པ།།
སྨྲ་བསམ་བརྗོད་པ་བྲལ་བའི་ཤེས་རབ་ཀྱི་ཕར་ཕྱིན།།
འཁོར་འདས་དབྱེར་མེད་རྟོགས་པའི་བདེ་ཆེན་གྱི་ཕྱག་རྒྱ།།
གང་དགར་ལོངས་སུ་སྤྱོད་པའི་སྐལ་བཟང་གི་སྐྱེས་བུ།།
མཚན་དཔེའི་ལང་འཚོ་དག་རྫོགས་གྲོལ་སྨིན་ང་སྐྱིད་པ།།
རང་རིག་ཀུན་བཟང་བླ་མའི་རྣལ་འབྱོར་ལ་བསྟེན་ནས།།
མ་རིག་ཆོ་འཕྲུལ་བྲལ་བའི་ཀུན་བཟང་གི་ཞིང་ཁམས།།
ཐམས་ཅད་མངོན་འཚང་རྒྱས་པའི་ཆོས་དབྱིངས་ཀྱི་ཕོ་བྲང་།།
སྒྱུ་འཕྲུལ་གསང་བ་སྙིང་པོའི་བརྒྱུད་འཛིན་ང་སྐྱིད་པ།།
ཀུན་གཞི་འདུས་མ་བྱས་པ་ཆོས་སྐུ་ཡི་ངོ་བོ།།
དག་པ་རབ་འབྱམས་ཤར་བ་ལོངས་སྐུ་ཡི་རང་བཞིན།།
གང་འདུལ་འགྲོ་ཁམས་འདྲེན་པའི་སྤྲུལ་སྐུ་ཡི་ཐུགས་རྗེ།།
སྐུ་གསུམ་དོན་དམ་བསྟན་པའི་བདག་པོ་ང་སྐྱིད་པ།།
འཁོར་འདས་གཉིས་ཀར་མིང་མེད་གཞི་མེད་ཀྱི་དབུ་མ།།
སྣང་སྲིད་གཉིས་ཀར་བདེ་ཆེན་ཡེ་ཤེས་ཀྱི་ཕྱག་རྒྱ།།
བདེ་སྡུག་གཉིས་ཀའི་དེ་ཉིད་རྟོགས་པ་ཡི་རྫོགས་ཆེན།།
ཆེན་པོ་རྣམ་གསུམ་མཇལ་བའི་དཔའ་བོ་ང་སྐྱིད་པ།།
ཆུང་ནས་ཐོས་བསམ་བྱས་པའི་ཆོས་ལུགས་ཀྱི་མཁན་པོ།།
མི་ཚེ་སྒོམ་ལ་བསྐྱལ་བའི་བཀའ་བརྒྱུད་ཀྱི་བླ་མ།།
དེ་ཉིད་ཡང་དག་རིག་པའི་སྔ་འགྱུར་གྱི་རྣལ་འབྱོར།།
གཏེར་ཆེན་དམ་པའི་ཆོས་བདག་སྤྲུལ་སྐུ་ང་སྐྱིད་པ།།
སྐྱིད་པའི་གླུ་དབྱངས་དབང་མེད་མགྲིན་ལམ་ནས་ཤོར་ཐལ།།
དགའ་བའི་ཞབས་བྲོ་དབང་མེད་ལྷ་ཁང་ནས་འཁྲབས་ཏེ།།
གང་འདོད་ཚོགས་འཁོར་རོལ་བའི་རྣལ་འབྱོར་གྱི་མཆེད་ལྕམ།།
དཀྱིལ་འཁོར་གཅིག་པར་སངས་རྒྱས་ལྷུན་གྲུབ་ཏུ་གྱུར་ཏོ།།
ཞེས་པ་འདི་ཡང་རབ་གནས་མེ་སྤྲེལ་ཁྲུམས་ཟླའི་གནམ་གང་ཉི་འཛིན་སྐབས་སུ་དྲིན་ཆེན་ཨ་མ་ཨོ་རྒྱན་སྒྲོལ་མ་དང་།མཁའ་འགྲོ་ཆོས་སྒྲོན། དཔལ་ལྡན་ལྷ་མོ་སོགས་དང་ཁྱད་པར་རིག་འཛིན་རྒྱལ་བའི་གདུང་སྲས་ཨརྱ་ཏྰ་ར་དང་སྭ་ར་སྭྰ་སྟིས་འབོད་སྐུལ་དང་ཀུན་བཟང་སྨོན་ལམ་གྲུབ་པའི་མཚམས་སུ་གང་ཤར་སྐྱིད་གླུ་དབྱངས་རྟ་དང་བཅས་པ་དབྱིན་ཡུལ་ཛྙྰ་ན་གུ་རུའི་ལྷ་ཁང་དུ་མཁན་ཆེན་བླ་མ་འམ་དཔལ་དགྱེས་པ་རྡོ་རྗེས་བླངས་པས་འགྲོ་བ་སེམས་ཅན་ཀུན་གྱིས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་རྒྱུ་རུ་གྱུར་ཅིག་གུ།། །།
༅༅། ཨེ་མ་ཧོ་ནས་བྲིས་པ་གངས་ལེགས་སུ་འདུག་པ་ལེགས་སོ་ཞུ།
ཡིན་ཡང་སྤྲུལ་སྐུ་ཞེས་བྲིས་པ་ང་མི་དགའ།
སྤྲུལ་སྐུ་མི་དགའ་ཡང་སྲིད་མི་དགའ།
ནམ་ཡང་སྤྲུལ་སྐུ་མི་དགའ།
རྨོངས་དད་མི་དགའ་།་རྨོངས་བཀུར་མི་དགའ།
གངས་ཅན་བོད་ལ་དངོས་ཕན་ཡོད་ན་དད་དོ།
རྗེ་བཙུན་མི་བླ་རིན་པོ་ཆེ་ལ་ཤིན་ཏུ་དད།
དེང་སང་མི་བླ་རིན་པོ་ཆེ་ཟེར་ན་ཀླད་སྟོང་དགའ་རེ་ནས་དགའ་གི་མེད།
གང་ཟེར་ན་མི་བླ་ལྟ་བུའི་ཤེས་པ་མེད།
མི་བླ་ལྟ་བུའི་སྒོམ་པ་མེད ། མི་བླ་ལྟ་བུའི་ལྟ་བ་མེད། མི་བླ་ལྟ་བུའི་སྤྱོད་པ་མེད།
དེང་སང་བླ་སྤྲུལ་ཚང་མ་སྐྱིད་ཉལ་རྒྱབ་མཁན་ཤ་སྟག་རེད།
མཚན་ཉིད་རིགས་པར་སྦྱངས་ནས་ཤེས་མཁན་དཀོན།
༧གོང་ས་མཆོག་ནས་མཚན་ཉིད་ལ་སྦྱང་དགོས་ག་ཚོད་གསུངས་ཀྱང་།
སྤྲུལ་སྐུ་ཚོ་སྐྱིད་ཉལ་ཤ་སྟག་བརྒྱབ་བཞིན་པ་རེད།