ཨེ་མ་ཧོ།
ན་མོ་གུ་རུ་ཛྙྰ་ན་ཏཱ་ར་ཡེ།
ཀ་དག་སྤྲོས་བྲལ་ངོ་བོ་ཀུན་ཏུ་བཟང་།།
ལྷུན་གྲུབ་འོད་གསལ་རང་བཞིན་རྡོ་རྗེ་སེམས།།
རང་བྱུང་རིག་པའི་ཐུགས་རྗེ་ཡེ་ཤེས་སྐུ།།
ཀུན་མཁྱེན་ཀློང་མཁྱེན་རབ་འབྱམས་གསོལ་བ་འདེབས།།
འཇམ་དཔལ་གཞོན་ནུའི་སྐུ་ཡི་སྒྱུ་འཕྲུལ་གར།།
སྤྱན་རས་གཟིགས་དབང་ཐུགས་བརྩེའི་བདག་ཉིད་རྗེ།།
ཕྱག་ན་རྡོ་རྗེའི་མཐུ་སྟོབས་ནུས་པའི་དཔལ།།
དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས།།
མཁས་བཙུན་ཕུལ་བྱུང་མདོ་རྒྱུད་གཞུང་བཞིན་མཛད།།
གྲུབ་པའི་རྒྱལ་མཚན་གངས་རི་ཐོད་དཀར་འཛུགས།།
ཡང་གསང་རྫོགས་ཆེན་སྟོན་པའི་བླ་མ་མཆོག།
ཚུལ་ཁྲིམས་བློ་གྲོས་ཞབས་ལ་གསོལ་བ་འདེབས།།
འགྲོ་ཀུན་ཆོས་ཀྱིས་སྨིན་པར་བྱིན་གྱིས་རློབས།།
དག་པ་རབ་འབྱམས་རྟོགས་པར་ཐུགས་རྗེས་ཟུངས།།
རང་རིག་ཆོས་སྐུ་མཇལ་བའི་དངོས་གྲུབ་སྩོལ།།
འཁོར་བ་དོང་སྤྲུག་ནུས་པའི་དཔལ་ཐོབ་ཤོག།
ཅེས་པ་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་དབང་ཚེས་རྒྱལ་བ་དང་པོ་འམ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་འདས་མཆོད་སྐབས་སུ་ཝ་ཡེལ་ཛྙྰ་ན་གུ་རུའི་ལྷ་ཁང་ནས་ཨེ་མ་ཧོས་གསོལ་བ་འདེབས་པར་དགེའོ།།
ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་༼1308–1363༽ ནི་རྫོགས་པ་ཆེན་པོའི་བཀའ་སྲོལ་ཆེས་ཆེར་གསལ་བར་མཛད་པ་པོ་རྙིང་མའི་སློབ་དཔོན་ཀློང་ཆེན་པ་དྲི་མེད་འོད་ཟེར་རམ། མཚན་གཞན་ཚུལ་ཁྲིམས་བློ་གྲོས་ཏེ། རབ་བྱུང་ལྔ་པའི་ས་ཕོ་སྤྲེལ་༼སྤྱི་ལོ1308༽ལོར་ཡབ་བསྟན་པ་སྲུང་དང་ཡུམ་འབྲོམ་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་དབུས་ལྷོ་གཡོ་རུ་གྲའི་ཆ་སྟོད་གྲོང་དུ་སྐུ་བལྟམས།
དགུང་ལོ་ལྔའི་སྟེང་ནས་སློབ་གཉེར་གྱི་དབུ་བཙུགས་ཤིང་སྔ་གཞུག་ཏུ་ཀརྨ་པ་རང་བྱུང་རྡོ་རྗེ། ས་སྐྱ་བདག་ཆེན། རྙིང་མའི་རིག་འཛིན་ཀུ་མཱ་རཱ་ཛ་སོགས་མཁས་གྲུབ་མང་པོ་སློབ་དཔོན་དུ་བསྟེན། གཡག་སྡེ་པཎ་ཆེན་གྱི་མདུན་དུ་དོགས་བཀྲོལ་མང་དུ་མཛད། མདོ་སྔགས་ཀྱི་གཞུང་ལུགས་མ་ལུས་པ་ཐུགས་སུ་ཆུད་དེ་མཁས་པའི་གོ་འཕང་བརྙེས། དབུས་གཙང་གི་དགོན་གནས་ཕལ་མོ་ཆེ་དང་། ཁྱད་པར་དུ་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ཆུ་བོ་རི་དང་ཨོ་རྒྱན་ཡུལ་སོགས་སུ་ཞབས་ཀྱིས་བཅགས། འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ།
ཆུ་སྟག་༼སྤྱི་ལོ1362༽ ལོར་ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་ཅེས་པ་ཕྱག་རྩོམ་གནང་། དགུང་ལོ་ང་དྲུག་པ་རབ་བྱུང་དྲུག་པའི་ཆུ་ཡོས་༼སྤྱི་ལོ1363༽ ལོར་དཔལ་བསམ་ཡས་མཆིམས་ཕུ་རུ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །
ཁོང་གི་གསུང་རྩོམ་སྐོར་ལ། ཕྱིའི་གནས་ཐུན་མོང་གི་སྐོར་བསྟན་བཅོས་དགུ་བཅུ་གོ་ལྔ། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་ཆིག་བརྒྱ་ཉེར་བརྒྱད། གསང་བའི་གནས་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ་བརྩམས་ཆོས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བཞུགས་སོ། །
ངོ་མཚར་ཆེ་བྱུང་བཀྲིན་ཆེ་སྦྱིན་རླབས་ཆེ་འདའ་་།
བཀའ་འདྲི་ཞུ་རྒྱུ་ལ་རྒྱ་གར་འཕགས་པའི་ཡུལ་དཔལ་ཆུ་བོ་་རི་ཟེར་བ་དེ་དང་
ཨོ་རྒྱན་ཡུལ་ཟེར་བ་དེ་ངོ་སྤྲོད་གནང་རོགས་།
་་་་་་་ དགུང་ལོ་ལྔའི་སྟེང་ནས་སློབ་གཉེར་གྱི་དབུ་བཙུགས་ཤིང་སྔ་གཞུག་ཏུ་ཀརྨ་པ་རང་བྱུང་རྡོ་རྗེ། ས་སྐྱ་བདག་ཆེན། རྙིང་མའི་རིག་འཛིན་ཀུ་མཱ་རཱ་ཛ་སོགས་མཁས་གྲུབ་མང་པོ་སློབ་དཔོན་དུ་བསྟེན། གཡག་སྡེ་པཎ་ཆེན་གྱི་མདུན་དུ་དོགས་བཀྲོལ་མང་དུ་མཛད། ་་་་་་་་་་་་་
ཞེས་དང་།
་་་་་་་་་་་་་་ ཁོང་གི་གསུང་རྩོམ་སྐོར་ལ། ཕྱིའི་གནས་ཐུན་མོང་གི་སྐོར་བསྟན་བཅོས་དགུ་བཅུ་གོ་ལྔ། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་ཆིག་བརྒྱ་ཉེར་བརྒྱད། གསང་བའི་གནས་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ་བརྩམས་ཆོས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བཞུགས་སོ། ། ་་་་་་་་་་་་་་་
ཨེ་མ་ཧོས་ཀློང་ཆེན་མཆོག་གི་སྐོར་ལ་ཆེད་རྩོམ་ཤིནད་ཏུ་བསྡུས་པ་འདི་ཕན་ཐོགས་དང་། བྱིན་རླབས་ཆེའོ།། །།
ཨེ་མ་ཧོ་བཀའ་དྲིན་ཆེ་ཞུ། དུས་དྲན་ཡང་ང་ཚོས་རྡོ་གདན་ནས་གྲོལ་མ་ཐག་ཡིན། ངས་བསམ་ཚེ་ཞྭ་མོའི་ཁ་དོག་མ་གཏོགས་རྗེ་ཙོང་ཁ་པའི་ཐང་ཁ་དེ་ཀློང་ཆེན་པ་འདྲ་བོ་བཟོ་དགོས་པ་གང་ཡིན་ནམ།
ཀློང་ཆེན་པའི་ཐང་ག་དེ་རྗེ་ཙོང་ཁ་པ་འདྲ་པོ་བཟོ་དགོས་པ་གང་ཡིན་ནམ་?
རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། །
མཁྱེན་རབས་ཆོས་ཀྱི་ཉི་མ་འབྱམས་སུ་ཀླས། །
ཀློང་ཆེན་རབ་འབྱམས་ཞབས་ལ་གསོལ་བ་འདེབས། །
ཕྱོགས་མེད་ཤེས་རབ་མཆོག་གི་སྣང་བ་སྩོལད། །
ཀློང་དགུ་ཀློང་ལྔ་དག་པའི་མཁའ་དབྱིངས་ནས།
ཆེན་པོའི་ཆེན་པོ་བླ་མེད་རྫོགས་པའི་ཆོས།
རབ་དཀར་གངས་རི་བརྩེགས་པའི་གཟི་དཔལ་བཞིན།
འབྱམས་ཡས་འགྲོ་བའི་གསོས་སུ་ཁྱེད་ཀྱིས་སྦྱིན།
བཞད་བགད་ཆེད་དུ།
ཀློང་ཆེན་བླ་མའི་ཞྭ་དེ་རིང་། །
ས་སྐྱ་པཎ་ཆེན་མཐོང་རྒྱ་ཆེ། །
བློ་བཟང་གྲགས་པ་སྣ་བོ་ཆེ། །
རྣམ་གསུམ་འཇམ་དབྱངས་རྣམ་སྤྲུལ་གྲགས། །
ས་པཎ་གྱིས།
སྲོག་ཆགས་གྲོག་མ་མིག་མེད་ཀྱང་། །
མིག་ལྡན་གཞན་ལས་ལྷག་པར་མགྱོགས། །
ཞེས་པ་ལ།
ས་སྐྱ་པཎ་ཆེན་མཐོང་རྒྱ་ཆེ། །
རྟ་ལས་གྲོག་མ་མགྱོགས་པར་མཐོང་། །
གོ་བོ་རབ་འབྱམས་པས།
ཀུན་མཁྱེན་ལ་ན་མོ
སྲོག་ཆགས་གྲོག་མ་མིག་མེད་ཀྱང་།།
མིག་ཅན་གཞན་ལས་ལྷག་པར་མགྱོགས།།
གངས་ཅན་མཁས་པ་མཐའ་ཡས་ཡང་།།
ཀུན་མཁྱེན་ངག་གི་དབང་པོ་གཅིག།།
ཐར་པ་གླིང་གི་ཞིང་ཡུལ་འདིར།།
སྙིང་ཐིག་ཚོགས་ཀྱི་འདུ་རར་བཏབ།།
ཤིང་མཁར་བདེ་བ་ཆེན་པོའི་གླིང་།།
ཉམས་ཀྱི་སྒོམ་དོན་བསྐྱངས་སར་སྦས།།
ཀུར་རེ་ཀུན་བཟང་གླིང་གི་ཁྲོད།།
ངེས་དོན་གདམས་པ་བརྡལ་སའི་ཁྲོམ།།
སྔན་ལུང་འབྲས་བཅག་གེ་ལ་རུ།།
དྲི་མེད་འོད་ཟེར་བསྟན་པ་རྒྱས།།
ཡང་འཕྲོས་དོན
བསམ་གཏན་དབེན་གནས་ཞི་བའི་གླིང།།
མཆོག་ཐུན་དངོས་གྲུབ་བསྐྲུན་པའི་མཁར།།
ཨོ་རྒྱན་ཆོས་གླིང་ཉམས་རེ་དགའ།།
མ་དང་མཁའ་འགྲོ་སྤྲིན་བཞིན་གཏིབས།།
མཁོ་ཐང་རིན་ཆེན་གླིང་གི་ཡུལ།།
མཛོད་ཆེན་བདུན་པོ་ཀློང་ནས་བརྡོལ།།
མེན་ལོག་ཀུན་བཟང་གླིང་ཁམས་འདིར།།
དབང་ཁྲིད་ལས་ཅན་སྨིན་པའོ།།
སྔོན་གྱི་སྨོན་ལམ་རབ་སད་ནས།།
འགྲོ་དོན་འབྲུག་ཡུལ་ཀུན་ཏུ་ཁྱབ།།
དེ་འོག་རིག་འཛིན་པད་མ་གླིང་།།
ཉིད་ཀྱིསྒྱུ་འཕྲུལ་གར་ལ་བརྩེན།།
ངེས་དོན་བསྟན་པ་རྒྱས་འདི་མཚར།།
སྔན་ལུང་འབྲས་བཅག་གླིང་གི་དོན་ཚན་ཐོག་ གང་ཞིག་གིས་མཁན་ན་ བཤད་རོགས་གནང་བར་འཚལ་ལོ