སྤོབས་པ་མཐའ་ཡས།
ང་ནི་ཅི་ཡང་མི་ཤེས་མཁན་ཞིག་ཡིན། ངས་ལྐུག་པའི་དྲི་བ་མང་པོ་འདོན་ངེས་པས་དེ་ལ་ཁྱེད་ཚོ་ཧོན་མ་འཐོར་རོགས། ང་ད་ནང་ཞོགས་པ་སྔ་བོ་ནས་གཉིད་ལས་སད། ད་དུང་ཡར་ལངས་རན་མི་འདུག་པས་མལ་སའི་ནང་དུ་བསམ་གཞིག་འདྲ་མིན་ཞིག་བྱས། བསམ་གཞིག་བྱས་པའི་ཐ་མར་རྣམ་རྟོག་ལང་ལོང་དེ་ཀུན་མཁྱེན་དོལ་པོ་བ་ཆེན་པོའི་ལྟ་གྲུབ་ཀྱི་སྟེང་དུ་འཁོར། དེ་ཡང་རང་གིས་རང་ལ་དྲི་བ་མང་པོ་ཞིག་གིས་གཉིད་ཁུགས་པར་བར་ཆད་བྱས། དྲི་བ་དེ་དག་ལ་དྲི་ལན་རེ་མ་རྙེད་ན་དོ་དགོང་ཡང་གཉིད་ཁུགས་མི་ཐུབ་པ་འདྲ། ཀུན་མཁྱེན་དོལ་པོ་བ་ཆེན་པོས་གཞན་སྟོང་དུ་བཞེད་པའི་གཞན་སྟོང་ཞེས་པ་དེ་གང་ཞིག་ལ་གོ་དགོས་སམ། མི་སྟོང་བའི་རང་དེ་གང་ཞིག་ལ་གོ་དགོས་སམ། སྟོང་པའི་གཞན་དེ་གང་ཞིག་ལ་གོ་དགོས། སློབ་དཔོན་ཐོགས་མེད་ཀྱིས་རྣམ་རིག་གི་ལུགས་གསལ་བར་བྱས་པའི་རྣམ་པར་རིག་པ་ཙམ་དེ་གཞན་སྟོང་གི་སྐབས་ཀྱི་བདེ་བར་གཤེགས་པའི་སྙིང་པོ་ཁོ་ན་ལ་གོ་དགོས་སམ་སྤྱིར་སེམས་ཙམ་ལ་གོ་དགོས། སེམས་ཙམ་པས་བཞེད་པའི་སེམས་ཙམ་དེ་དང་གཞན་སྟོང་པའི་བདེ་བར་གཤེགས་པའི་སྙིང་པོའི་བར་ན་འབྲེལ་བ་ཡོད་དམ་མེད། མི་སྟོང་པ་ཞིག་ཡིན་ན་རང་བཞིན་གྱིས་གྲུབ་པ་ཡིན་དགོས་པས་དེ་ལྟ་ན་གཙང་བདེ་རྟག་བདག་གི་ཁྱད་པར་ཀུན་ཀྱང་འབྱར་མི་ཡོང་ངམ་། ཀུན་མཁྱེན་དོལ་པོ་བ་ཆེན་པོའི་ལུགས་ལ་དངོས་པོ་རང་གིས་མི་སྟོང་པར་ཁས་ལེན་པ་ཡིན་ན་བདེ་བར་གཤེགས་པས་ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའི་དོན་དང་མི་འགལ་ལམ། འདི་དག་ནི་ང་གཉིད་ཁུགས་མི་འཇུག་མཁན་གྱི་དྲི་བ་དེ་ཚོ་རེད།
གོ་བ་དཔེ་ཐོག་ཏུ་ལུས་པ་འདི་ལས་སྡུག་ཅིག་སའི་སྟེང་དང་གནམ་གྱི་འོག་ན་མི་འདུག གོང་གི་དྲི་བ་འདི་དག་ནི་ང་རི་ཆོས་ངེས་དོན་རྒྱ་མཚོ་ཞེས་པའི་དཔེ་ཆ་དང་ཁ་བྲལ་ནས་མི་ལོ་བཅུ་ཕྲག་ཡས་མས་ཤིག་སོང་བའི་རྗེས་སུ་སླེབས་པའི་དྲི་བ་ཁག་གཅིག་རེད། ངས་ཀུན་མཁྱེན་དོལ་པོ་བ་ཆེན་པོའི་རི་ཆོས་ངེས་དོན་རྒྱ་མཚོ་ལ་དཔེ་ཀློག་རགས་པ་ཞིག་བྱེད་མྱོང་། འདི་འདྲའི་བསྟན་བཅོས་ཁྱད་པར་ཅན་བསམ་ནས་ང་རང་གི་དགའ་མོས་ཡོད་པའི་དཔེ་ཆའི་གྲས་སུ་བརྩིས་ཡོད། སྟབས་མ་ལེགས་པ་ཞིག་ལ་དེབ་དེ་བོར་བརླགས་སུ་སོང་འདུག དཔེ་ཆ་དེ་བོར་བརླགས་སུ་སོང་བ་དེར་ཕངས་སེམས་ཤིག་སྐྱེས། དཔེ་ཆ་ལས་ཀྱང་ངའི་གོ་བ་དེ་བརྗེད་ངས་ཀྱིས་ཁྱེར་ཟིན་པ་ལ་དེ་ལས་ཀྱང་ཕངས་སེམས་ཤིག་སྐྱེས།
རྒྱལ་བ་རིན་པོ་ཆེས་རིས་མེད་བསྟན་རྒྱས་སྨོན་ལམ་ཞེས་པ་ཞིག་མཛད་འདུག དེའི་ནང་དུ། མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི། །ཞེས་ཀུན་མཁྱེན་དོལ་པོ་བ་ཆེན་པོའི་བཞེད་པ་དེ་ནི་མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པ་ཞིག་ཡིན་པར་གསུངས་འདུག མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི་མདོ་རྒྱུད་གཞན་དེ་གང་ལ་གོ་དགོས་སམ། ཀུན་མཁྱེན་དོལ་པོ་བའི་ཁྱད་ཆོས་གཙོ་བོ་དེ་མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པ་ཙམ་ལས་མེད་ན་དེ་བཞིན་གཤེགས་པའི་བཀའ་བར་པ་ངེས་དོན་དུ་བཞེད་པ་པོ་དག་ཀྱང་མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པར་འགྱུར་དེ་བཀའ་ཐ་མའི་གཤེགས་སྙིང་བསྟན་པའི་མདོ་བཅུ་སོགས་ཀྱི་དགོངས་དོན་དང་མི་མཚུངས་པས་སོ།་།ཡིན་ན་ཡང་ཀུན་མཁྱེན་དོལ་པོ་བ་ཆེན་པོ་རང་ཉིད་ཀྱིས་ནི་བདེ་བར་གཤེགས་པའི་བཀའ་ཐ་མའི་དགོངས་དོན་འཁྲུལ་མེད་དེ་ངེས་དོན་མཐར་ཐུག་ཡིན་པར་ཞལ་གྱིས་བཞེས་པ་ལས་མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པ་ཞིག་ཡིན་པར་གསུངས་མི་འདུག
ངས་ངོ་མ་ཤེས་གི་མི་འདུག སྤྱིར་ཅང་མི་ཤེས་པ་དེའི་སྟེང་དུ་ཤེས་པ་ཚང་མ་བརྗེད་ཟིན་འདུག མཁས་པ་ཞིག་གིས་གསུངས་ལས། སློབ་ཁང་དང་ཁ་བྲལ་ཟིན་རྗེས་སུ་སེམས་ཐོག་ན་ཅིག་ལུས་ཡོད་པ་དེ་ཤེས་ཡོན་ངོ་མ་དེ་རེད་ཅེས་བཤད་ཡོད་པ་དེ་ཅི་མ་བདེན་སྙམ། ངས་ཀུན་མཁྱེན་དོལ་པོ་བའི་རི་ཆོས་ངེས་དོན་རྒྱ་མཚོ་དེ་དཔེ་ཀློག་རགས་པ་ཞིག་བྱས་མྱོང་མོད་དཔེ་ཐོག་གི་གོ་བ་ཕྲ་མོ་དེ་བརྗེད་ཟིན་འདུག
གྲུབ་མཐའ་སྨྲ་བའི་མཁས་པ་ཚོས་སྟོང་དང་མི་སྟོང་གི་བཤད་རེས་རྩོད་རེས་འདི་སེམས་ལ་དྲན་ཡོང་དུས་སུ་ཉོབ་སྣང་བ་ཞིག་ཀྱང་སྐྱེས་བྱུང་། ལ་ལས་བཤད་ན་སྟོང་ཉིད་ཀྱི་སྟོང་ཞེས་པ་དེ་ནམ་མཁའ་ལ་མེ་ཏོག་མེད་པ་ལྟ་བུའི་གཞི་མེད་ཅིག་ལ་གོ་དགོས་ཟེར། ལ་ལས་ནི་བུམ་པའི་ནང་ན་ཆུ་ཡིས་སྟོང་པ་ལྟ་བུའི་སྟོང་པ་ཙམ་ལས་གོ་མི་དགོས་ཟེར། ཀུན་མཁྱེན་དོལ་པོ་བ་ཆེན་པོས་སྟོང་པར་གཏན་ལ་འབེབས་རྒྱུ་མང་དྲགས་སོང་ན་ཆད་ལྟ་ལ་འགྱུར་ཉེན་ཡོད་ཟེར། རྗེ་མི་ལས་ཀྱང་སྒམ་པོ་པ་ལ་གདམས་ངག་གནང་བའི་ནང་ན་ཡང་སྟོང་པར་ཐག་བཅད་རྒྱུ་མང་དྲགས་ན་སྐྱོན་ཡོད་པ་ཚུད་པའི་སྟོང་པའི་གོལ་ས་བཞི་གསུངས་འདུག རྗེ་ཙོང་ཁ་པས་ཀྱང་བོད་མི་ལ་ལ་ཞིག་གིས་སྟོང་ཉིད་ཀྱི་དགག་བྱ་ཁྱབ་ཆེ་དྲགས་ཡོད་ཚུལ་བཤད། ལ་ལས་ནི་ཡེ་ནས་སྟོང་པ་གཏན་ལ་འབེབས་མ་ནུས་ན་ཐི་གུ་དཀར་ནག་བསྒྲིམས་པ་ལྟ་བུའི་དོན་སྤྱིའི་གོ་བ་ཡམ་ཡོམ་ཞིག་ལས་སྟོང་ཉིད་ལ་ངེས་ཤེས་རྙེད་རྒྱུ་མེད་ཟེར། རྙིང་མ་བའི་མཁན་པོ་ཞིག་གིས་རྟེན་འབྲེལ་གྱི་སྣང་བ་རིས་སུ་མ་ཆད་པ་ཟེར་བ་འདི་དགག་བཞག་ན་སངས་རྒྱས་ཐབས་མེད་ཟེར། ལ་ལས་བཤད་ན་སྟོང་བ་བདག་མེད་གཉིས་དོན་གཅིག་ཡིན་པས་བུམ་པ་མེད་ཟེར་བ་དང་བུམ་པ་རང་ཉིད་མ་གྲུབ་བརྗོད་པ་ལ་ཁྱད་པར་མེད་ཟེར། ལ་ལས་ནི་ཁྱད་པར་ཆེ་ཟེར། འདི་ན་སྟོང་མི་དགོས་རྒྱུའི་ཤ་དང་རྒྱུ་མ། སྟོང་དགོས་རྒྱུའི་བཙོ་དང་གཉིངས་པ་སོགས་གཡག་ཅིག་བཤས་པ་ལྟ་བུའི་ཟ་རྒྱུ་བཏུང་རྒྱུ་དང་བཀྲུ་རྒྱུ་བཤལ་རྒྱུ་མང་པོ་ཞིག་ཡོད་ཐག་ཆོད་འདུག་པས། ཅིག་ཤོད་དང་།
སྤོབས་པ་མཐའ་ཡས་མིང་དང་དོན་གཉིས་ཐག་ཉེ་རུ་འགྲོ་བཞིན་འདུག ཐོས་རྒྱ་ཆེན་པོ་འདུག གཞན་སྟོང་དང་རང་སྟོང་གཉིས་ལ་བགྲོ་གླེང་གནང་ཐུབ་མཁན་ཡོད་ན་ཤིན་དུ་ལེགས། དེ་ཡང་གཞན་སྟོང་འགྲིགས་པ་དང་རང་སྟོང་ནོར་བ་ལྟ་བུ་མིན་པར། སོ་སོའི་ཁྱད་ཆོས་དག་གླེང་ཐུབ་ན་ཤིན་དུ་ནས་ལེགས།
སྤོབས་མཐས་འདི་ལྟའི་བསམ་ཚུལ་བཏོན་པར་དགའ་བསུ་ཡོད། དེ་ལ་ངེས་པར་དུ་བསམ་ཚུལ་འདོན་དགོས་ངེས་རེད། ཀུན་མཁྱེན་དོལ་པོ་བ་ནི་ཧ་ཅང་གི་རྣམ་དཔྱོད་ཅན་ཅིག་ཡིན་ཅིང་ཾཁོང་གི་བསྟན་པ་ལ་བཙན་པོས་མེད་པར་བྱས་པ་ལས། དེ་མིན་རི་བོ་དགེ་ལྡན་པ་ལས་སོགས་ཆོས་རྒྱུད་གཞན་དང་སྤྱི་མཚུངས་ཀྱི་བསྟན་པ་འདི་རྒྱས་ཏེ་ཆོས་ལུགས་སྤྱི་འཐུས་དང་བླ་ཆེན་དེ་ཚོ་ཕར་རྩོད་མི་དགོས་པར་ཚུར་དར་ཁས་བསུ་ངེས་རེད། གང་ལྟར་གཞན་སྟོང་རང་སྟོང་སྐོར་ལ་བགྲོ་གླེང་གནང་ན་ཡག་པོ་རེད། ཀུན་མཁྱེན་དོལ་པོ་བ་འཁྲུངས་ས་མཁྱེན་མཁན་ཡོད་དམ། ཡོད་ན་དེ་ཡི་སྐོར་ཅིག་གསུང་རོགས་གནང།
འཇུ་མི་ཕམ་གྱིས་མཛད་པའི་གཟིགས་དང་གསལ་པོ་འདུག གཞན་སྟོང་གི་ལྟ་བ་ངོ་མ་ཟབ་པོ་རེད་གདའ།
འཇུ་མི་ཕམ་གྱིས་མཛད་པའི་གཞན་སྟོང་སེང་གེའི་ང་རོར་གཟིགས་དང་ཞེས་བཅོས
སྤོབས་པ་མཐའ་ཡས་འདི་དོགས་པ་མཐའ་ཡས་ལ་འགྱུར་ཉེན་འདུག
མྱི་དཀར་གྱིས་དཔེ་ཆའི་མིང་ཞིག་བཏོན་པ་དེ་ལྟ་བུ་ངས་བཅུ་ཕྲག་ཁ་ཤས་ཤིག་ཀྱང་བགྲང་ཐུབ་ཀྱི་འདུག ཡིན་ན་ཡང་། ངས་འདིར་བཤད་བཞིན་པ་དེ་རེད། གོ་བ་དཔེ་ཐོག་ན་ལུས་སོང་བ་དེ་སྐྱོན་ཆེ་ཤོས་རེད། དཔེ་ཆའི་མིང་ཞིག་བགྲང་ནས་ཕན་གྱི་མི་འདུག རིག་པ་གང་འདུག རྒྱུ་མཚན་གང་འདུག ཁ་གསལ་པོ་བྱས་ནས་ཁྱོད་ཀྱིས་བཤད་ཐུབ་ས་རེད་པས། ང་ཚོ་འདི་ན་ཡོད་མཁན་ཚོའི་ལག་ལ་ཀམ་ཕེའུ་ཏྲུར་རེ་ལ་དྲ་ལམ་རེ་མཐུད་ཡོད་པ་མ་གཏོགས་དཔེ་མཛོད་རེ་ཉར་ཡོད་མཁན་ཉུང་རྒྱུ་རེད། དེ་ཡིན་དུས་མི་རང་རང་གི་རྣམ་དཔྱོད་ལ་བརྟེན་ནས་དྲིས་ལན་རྟ་ཐོག་མ་རེ་འདེབས་རོགས
་་་་་ མི་སྟོང་བའི་རང་དེ་གང་ཞིག་་ལ་གོ་དགོས་སམ། སྟོང་པའི་གཞན་དེ་གང་ཞིག་ལ་གོ་དགོས། ་་་་་་ཟེར།
མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི་མདོ་རྒྱུད་གཞན་དེ་གང་ལ་གོ་དགོས་སམ།
ལན་དུ།
མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི་མདོ་རྒྱུད་གཞན་དེ་དཔལ་དུས་ཀྱི་དུས་འཁོར་ལོའི་ནང་གི་ཐུན་མོང་མ་ཡིན་པའི་གསུངས་སྟངས་ལ་གོ་དགོས་སཉམ་ལགས།
ཡ་ཡ། སྤོབས་པས་རིག་པ་དོན་ཟེར། རིག་པ་རེད་དམ་རིགས་པ་རེད། ངས་ཕྱི་མར་འདོད། ཡིན་དང་ཡིན། འོན་ཀྱང་། གཞན་སྟོང་གི་ནམ་མ་ལངས་གོང་ལ་ རང་སྟོང་གི་ཉི་མ་ཤར་མ་ཡོང་ཨ།
གོ་སླའི་དབང་དུ་བྱས་ན། གཞན་སྟོང་པས་སེམས་ཀྱི་ཆོས་ཉིད་འོག་གསལ་བ་གྲིབ་པ་ཀུན་དང་བྲལ་བ་དེ་ལས་གཞན་གྱི་ཁྱད་ཆོས་ཚང་མ་སྟོང་པ་ཡིན་ཟེར། འོད་གསལ་བ་དེ་སྟོང་མེད། བྱས་ཙང་བདེ་གཤེགས་སྙིང་པོ་ཡོད་ལ། དེ་སྟོང་བ་མིན་ལ་རང་བཞིན་གྱིས་སྟོང་པ་ཡང་མིན་ཟེར། གལ་ཏེ་ཁམས་བདེ་གཤེགས་སྙིང་པོ་སྟོང་ན། ང་ཚོར་ཆོས་གྲུབ་ནས་མཐར་འཐོབ་བྱ་གང་ཡིན། འཐོབ་བྱ་ཅི་ཡང་མེད་ན། སྟོང་བྱ་ཡང་མེད་པས། ཆད་ལྟར་འགྲོ་ཟེར། ད་གསལ་པོ་བྱུང་སོང་ངམ།
གཞན་སྟོང་གི་གནད་འགག་འདི་ང་ཚོས་ཚང་མ་སྤང་ནས་མཐར་ལག་ཏུ་ལོན་བྱ་ཞིག་དགོས། དེ་སངས་རྒྱས་ཀྱི་གོ་འཕང་རེད། སངས་རྒྱས་ཀྱི་གོ་འཕང་དེ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་པའི་སེམས་ཀྱི་ཡོན་ཏན་ཞིག་ཡིན་སྟབས། སེམས་ཀྱི་ཡོན་ཏན་འདི་ཁྱད་ཆོས་ཤིག་གི་སྒང་ལ་འཇོག་དགོས་པ་དང་། དེ་གཉུག་མ་འོད་གསལ་གྱི་ཁྱད་ཆོས་དེ་རེད། དེ་བདེན་པས་སྟོང་མེད་ཟེར།
དེ་ལྟར་མིན་ན་ཐམས་ཅད་སྟོང་པ་དང་གྲུབ་བྱའི་ཁྱད་ཆོས་ཅི་ཡང་མེད་པའི་ཆད་ལྟ་ཆེན་པོ་ཞིག་ཡིན་ཟེར་དུས། རྒྱུ་མཚན་མེད་པ་མིན། དཔེར་ན། ང་ཚོས་རྒྱུན་དུ་ཤོད་པའི་གཉུག་མའི་འོད་གསལ། གསལ་སྟོང་ཟུང་འཇུག བདེ་སྟོང་ཟུང་འཇུག་སོགས་ཚང་མ་བདེན་པས་སྟོང་པ་ཡིན་ན། ཅིའི་ཕྱིར་དེ་དག་གི་ཆེད་དུ་ཚེ་གང་བོ་ཟད་པར་བྱེད་ཟེར་ན། དེ་ལ་རིགས་པ་ཇི་འདྲ་གཏོང་ངམ།
དེ་བར་གཞན་སྟོང་གི་ལྟ་བ་དང་རིགས་པ་ངའི་ཀླད་པ་ལྗང་བུ་དེའི་ནང་ལ་ཡོད་པ་དེ་ཡིན། རྗེས་ལ་རང་སྟོང་གི་ཁྱད་ཆོས་དང་ཁྱད་གཞི་མ་ཤི་ཚེ་རིང་བྱུང་ན་འབྲི་རྒྱུ་ཡིན། རང་སྟོང་ལ་ཡང་གཞན་སྟོང་ལྟར་རྒྱུ་མཚན་དང་རིགས་པ་ཟབ་མོ་ཡོད། བློ་གཟུར་བོར་གནས། རིགས་པ་སྟོང་ཕྲག་གི་བློ་རྒྱ་ཕྱེ། ཉེ་རིང་ལ་ཁྱད་པར་མེད་པར་ཞིབ་འཇུག་ཕྲ་ཞིང་ཞིབ་པར་བྱས་ན། དེ་གཉིས་ཀ་འགལ་བ་མི་མཐོང་ཞེས་སྔོན་གྱི་མཁས་པ་རྣམས་ཀྱིས་གསུངས།
ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་ཞེས་ངའི་སེམས་ལ་གསལ་བར་ཤར། དོལ་པོ་ཞེས་པ་དིང་སང་བལ་ཡུལ་གྱི་ཁུངས་སུ་ཡོད་པ་དེ་ཡིན་པ་ཐག་ཆོད། གཞན་སྟོང་ཤིང་རྟའི་སྲོལ་འབྱེད་དེ་ཉིད་དོལ་པོ་པ་ཤེས་རབ་རྒྱལ་མཚན་ཡིན་བསམ། འདི་ལ་དགག་པ་ཡོད་ན་ཡང་བདག་ལ་ཕན། ཁོང་གིས་བཀའ་བསྡུ་བཞི་པ་མཛད་པ་ཡིན་ཞེས་པ་ཞིག་བཀླགས། བཀའ་སསྡུ་བྱེད་པ་ལ་དགྲ་བཅོམ་པ་ལྔ་བརྒྱ་དགོས། ཁྱོད་ལ་དགྲ་བཅོམ་པ་ལྔ་བརྒྱ་ཡོད་དམ། ཞེས་པ་ལ་གཞན་སྟོང་སྟོན་པའི་གཞུང་ལྔ་བརྒྱ་པོ་དེ་དག་དགྲ་བཅོམ་ལྔ་བརྒྱའི་དོད་ཡིན་གསུངས། བླ་མ་འདིས་མཛད་པའི་རྒྱུད་བླ་མའི་འགྲེལ་པ་མཆོག་ཏུ་གྱུར་པ་ཞིག་ཡོད་པ་མཇལ། བོད་ལ་རྒྱུད་བླ་མ་ཡོངས་གྲགས་བྱུང་བ་འདིའི་བཀའ་དྲིན་ཞེས་དེབ་ཐེར་སྔོན་པོར་གསུངས། ཁོང་གི་སྐད་དེ་བོད་ཀྱི་མཁས་པ་རྣམས་ཀྱི་སྐད་ནང་ན་མཆོག་ཏུ་མཆོག་ཏུ་གྱུར་པ་ཡོད་ཚུལ་བྲིས་པ་མཐོང་། ཕྱིས་ཀྱི་བོད་ཀྱི་མཁས་པ་བསོད་ནམས་སེང་གེས་དོལ་པོ་པ་ཤེས་རབ་རྒྱལ་མཚན་རྟག་ལྟ་ལ་ལྷུང་ཞེས་བྲིས་སོ།
ལ་ལ་གཞན་སྟོང་ལ་ལ་རང་རང་སྟོང་ཨེ། །
སྟོང་ན་རང་སྟོང་གཞན་སྟོང་གཉིས་སུ་ངེས། །
རང་སྟོང་ཐ་སྙད་དཔྱོད་ངས་མ་མཐོང་། །
དགག་བྱ་གཞན་ཅིག་སྟོང་པས་གཞན་སྟོང་བསྒྲགས། །
འདི་ནི་ང་ཡི་རྨོངས་ཚོད་རུམ་ལས་འཁྲུངས། །
སྤོབས་མཐར་དྲི་བ་ཡོད་ན་ད་དུང་བཀོད། །
བཀའ་སསྡུ། ཞེས་པ་བཀའ་བསྡུ་ཞེས་ཞུས་དག་བྱས་སོ།
་་་་་ ཁོང་༼ཀུན་མཁྱེན་དོལ་པོ་པ་༽གི་སྐད་དེ་བོད་ཀྱི་མཁས་པ་རྣམས་ཀྱི་སྐད་ནང་ན་མཆོག་ཏུ་མཆོག་ཏུ་གྱུར་པ་ཡོད་ཚུལ་བྲིས་པ་མཐོང་། ་་་་་་་ཟེར།
ཤིན་དུ་ནས་ལེགས། འདི། ཤིན་ཏུ་ནས་ལེགས། ཞེས་འབྲི་དགོས་ཏེ། ཤིནད་ཏུ་ནས་ལེགས། ཞེས་པའི་ད་དྲག་ད་ཡང་འཇུག་ཅིག་དོན་ལ་ཐོབ་ཡོད་པའི་ཕྱིར་རོ།།
རང་སྟོང་གཞན་སྟོང་ཕར་ཚུར་ཆེར་རྩོད་ཀྱང་། །སྣང་སྟོང་ཕྱོགས་སུ་ལྷུང་ན་སུ་ལ་ཡང་སྐྱོན། །སྣང་སྟོང་མི་འགལ་ཟུང་འཇུག་དབུ་མའི་ལམ། །འདིར་འཛིན་ཕྱོགས་ལས་རྣམ་པར་རྒྱལ་མིན་ནམ། །
དེ་བཞིན་གཞན་སྟོང་གིས་བཏོན་པའི་འདྲི་བ་ནན་པོ་གཅིག་ལ་རང་སྟོང་པས་ལན་ལྕི་བོ་ཞིག་བརྒྱབ་མི་ཐུབ་པ་འདི་གཤམ་འདི་རེད། དཔེར་ན་གཞན་སྟོང་ན་རེ། ངེད་ཅག་སངས་རྒྱས་ཀྱི་གོ་འཕང་འདོད་པ་གཅིག་པ་རེད། ཡིན་ནའང་། མི་འདྲ་ས་དེ་གོ་འཕང་དེ་རེད། ཁོ་བོ་ཅག་གཞན་སྟོང་བ་ཚོས། བདེ་གཤེགས་སྙིང་པོ་དེ་འགྲུབ་བྱ་རེད། དེ་ང་ཚོས་འདོད་པའི་གོ་འཕང་དེ་རེད། རང་སྟོང་བ་ཚོས་བདེ་གཤེགས་སྙིང་པོ་དེ་ཡང་རང་བཞིན་གྱི་མ་གྲུབ་པ་དང་སྟོང་པ་རེད། དེས་ན་རང་སྟོང་བ་ཚོར་གོ་འཕང་མེད་ཟེར། འདི་ལ་རང་སྟོང་བ་ཚོས་ལན་ནན་པོ་ཞིག་ད་བར་རྒྱག་ཐུབ་མཁན་བྱུང་མིན་འདུག་སྙམས།
ཡང་སླ་བར་བྱས་ན། སངས་རྒྱས་ཀྱི་ས་དེ་ལྷ་ས་ལྟ་བུ་ཡིན་ན། གཞན་སྟོང་བ་ཚོས། ལྷ་ས་མིན་པའི་ས་ཆ་ཚང་མ་ང་ཚོར་དགོས་པ་མེད། དེ་དག་རྫུན་མ་རེད་ཟེར། ང་ཚོར་ལྷ་ས་དགོས། ལྷ་ས་བོད་ལ་ཡོད་ཟེར།
རང་སྟོང་བས། ལྷ་ས་དེ་ཡང་སྟོང་པ་རེད་ཟེར། འོ་ན་གཞན་སྟོང་བ་ཚོས། ཁྱོད་ཀྱི་འགྲུབ་བྱ་ཅི་ཡིན་ཟེར་དུས། དེ་ལ་ཐལ་གྱུར་བ་ཚོས་ལན་རྣལ་མ་ཞིག་ཐེབས་ཀྱི་མེད། རྒན་ལ་དྭགས་ལགས་ཀྱིས་གཅིག་གསུངས་དང་།
སྤོབས་པ་མཐའ་ཡས་ལགས། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན།། གློ་བུར་དག་གིས་ཁམས་སྟོང་གིས།། རྣམ་དབྱེར་མེད་པའི་མཚན་ཉིད་ཅན།། བླ་མེད་ཆོས་ཀྱིས་སྟོང་མ་ཡིན།། ཞེས་པ་ལྟར། མི་སྟོང་བ་ནི་རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོ་སངས་རྒྱས་ཀྱི་ཡོན་ཏན་ཡེ་ནས་ལྷུན་གྲུབ་ཏུ་ཡོད་པ་དེ་རེད། དེ་ནི་་ཆོས་གཞན་མ་དག་འཁོར་བའི་ཆོས་རྣམས་ཀྱིས་སྟོང་པ་རེད།
སྔོན་མ་གཞན་སྟོང་གི་རིགས་པ་ཟབ་པ་དང་། ལུང་ཡང་ཤིན་དུ་ཕུན་སུམ་ཚོགས་པ་ཡིན་སྟབས། བཀའ་གདམས་པ་ཕར་ཕུད་པའི་ཆོས་ལུགས་གཞན་དག་ཁག་གི་ནང་ལ་གཞན་སྟོང་གི་ལྟ་བ་ཤུགས་ཆེར་དར་ཡོད་ཚོད། ས་སྐྱ་དང་། སྙིང་མ། བཀའ་བརྒྱུད་ལ་སོགས་ཀྱི་བླ་ཆེན་རྣམས་ཀྱིས་གཞན་སྟོང་ཁས་ལེན་བྱེད་མཁན་མང་པོ་བྱུང་འདུག་རུང་། རྗེ་ཙོང་ཁ་པ་བྱོན་ནས། ཐལ་གྱུར་བའི་རིགས་པ་འབུར་འདོན་དང་དེ་ལ་བློ་རྩལ་དང་རྣམ་དཔྱོད་ཤིན་དུ་ཕྲ་བ་དང་ཟབ་པ་བཀོལ་ནས། བདག་མེད་གཉིས་བདེན་པས་སྟོང་སྟངས་ཀྱི་རིགས་པ་ཕུན་སུམ་ཚོགས་པ་བཀོལ་ནས་རང་བཞིན་གྱིས་གྲུབ་པའི་དྭོགས་པ་ཤིན་དུ་ནས་གསལ་བར་མཛད་སྟབས། དེས་རང་སྟོང་བ་མང་པོ་བློ་སྐྱེད་བྱུང་ནས་རང་སྟོང་གི་ལྟ་བ་བཙན་དུ་ཕྱིན་འདུག ལྷག་དོན་རྗེ་ཙོང་ཁ་པའི་ལེགས་བཤད་སྙིང་པོ་ཐོན་རྗེས། གཞན་སྟོང་བའི་ལྟ་བ་ལ་ཕོག་སྡུག་ཆེན་པོ་བྱུང་ནས། རང་སྟོང་གི་བཙན་ས་རྒྱ་སྐྱེད་བྱུང་བ་དང་། ཕྱིས་སུ། རྒྱལ་བ་ལྔ་པར་བོད་ཀྱི་སྲིད་དབང་ཐོབ་རྗེས། ཐལ་གྱུར་བར་ལུང་རིགས་ཙམ་མ་ཡིན་པར། ཁྲིམས་ཀྱི་མགོན་སྐྱབས་ཐོབ་ནས། སྐབས་དེ་ནས་བཟུང་དབུས་གཙང་ཁུལ་གྱི་གཞན་སྟོང་གི་སློབ་གཉེར་ཁང་རྣམས་ལྟག་ཆུ་ཟད་པའི་རྫིང་བུ་ལྟར་གྱུར་ནས་ཉམས་ཉེས་ཆེན་པོ་བྱུང་འདུག
གཞན་སྟོང་བ་ཚོས་རང་སྟོང་བའི་འདྲི་བ་གཅིག་ལ་ལན་ཚ་པོ་ཞིག་འདེབས་མ་ཐུབ་པ་ནི་འདི་ལྟར་ཏེ།
ཁམས་བདེ་གཤེགས་སྙིང་པོ་ཡོད་པར་འདོད་ན། དེ་རྒྱུ་གང་ལས་གྲུབ། རྒྱུ་མེད་པར་འབྲས་བུ་མི་ཡོང་བས། རྒྱུ་སྟོན་དགོས་ཤིང་། དེ་ལྟར་མིན་ན། རྟག་ལྟར་ལྷུང་བས། སྟོན་པའི་གསུང་གི་སྙིང་པོ་སྟེ། རྟེན་ཅིང་འབྲེལ་བ་དང་འགལ་བ་འོ་ཟེར་སྐབས། གཞན་སྟོང་རྣམས་ཀྱིས་ལན་གསལ་པོ་ཞིག་ད་བར་སྐྱོན་མ་ཐུབ་པར་སྣང་།
མདོ་རྒྱུད་གང་དང་ཡང་མཐུན་གྱི་མ་རེད། འདི་འདྲའི་རིགས་བགྲོ་གླེང་ལྷོད་ཀྱིས་བྱས་ན་ང་ཚོ་ལ་བློ་བསྐྱེད་རེག་རྒྱུ་རེད།
བསམ་ཤེས་ལགས། ཡོད་ན་རྒྱུ་དགོས་པའི་ཁྱབ་པ་སུའི་ལུགས་རེད། རིགས་ཁམས་ནི་རྟག་བརྟན་འགྱུར་བ་མེད་པའི་བདག་ཉིད་རེད། དེ་ལ་གློ་བུར་བའི་རྒྱུ་ཞིག་ག་ལ་ཡོད།
དོལ་བོ་པ་ན་རེ། ཤེར་ཕྱིན་ལ་སོགས་པའི་མདོ་སྡེ་རྣམས་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ནི། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལ་དགོངས་པ་ཡིན་གྱི། དོན་དམ་པའི་ཆོས་ལ་དགོངས་པ་མིན་ནོ་ཟེར་ན། འཁོར་ལོ་བར་བ་དང་འགལ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཀུན་བྱང་ཕྱོགས་གཉིས་ཀའི་འདྲེས་རྐང་བརྒྱ་རྩ་བརྒྱད་པོ་ཐམས་ཅད་ཁྱད་བཞིར་བཟུང་ནས་རེ་རེ་ངོ་བོ་ཉིད་མེད་པར་ཚིག་ཟིན་ལ་བསྟན་པ་དང་ཡང་འགལ། སྟོང་ཉིད་བཅུ་དྲུག་དང་ཉི་ཤུ་སོགས་གཏན་ལ་འབེབས་པའི་སྐབས་སུ། སྟོང་བ་ཉིད་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་སོགས་གཏན་ལ་ཕེབས་པས། དོན་དམ་པ་སྟོང་པ་མ་ཡིན་ནོ་ཟེར་སྟངས་དེ་འཁོར་ལོ་བར་བ་དང་འགྲིག་ཐབས་ག་ལ་ཡོད།
འཁོར་ལོ་མཐའ་མ་དང་ཡང་འགལ་བར་ཐལ། མདོ་སྡེ་དགོངས་འགྲེལ་ལས། དོན་དམ་ཡང་དག་འཕགས། ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། སྐྱེ་པ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། ཞེས་ཆོས་ཐམས་ཆད་ངོ་བོ་ཉིད་ཀྱིས་སྟོང་པར་གསུངས་པས་འཁོར་ལོ་མཐའ་མ་དང་ཡང་འགལ།
འཁོར་ལོ་དང་པོ་དང་འགལ་བ་ནི་སླ། ད་མདོ་རྒྱུད་གཞན་དང་མི་མཐུན་པ་མིན་ན་ཅི་ཡིན།
སློབ་དཔོན་དབྱིག་གཉེན་ཞབས་ཀྱིས། རི་རབ་དེ་ཡོད་ན། ས་རྡོ་རི་བྲག་ལས་གྲུབ་པ་གངས་རིན་པོ་ཆེའམ། ཇོ་མོ་གླང་མ་ལས་འགྲོ་ས་མེད་ན་ཡང་། དེ་ལྟར་མེད་པ་ནི། གངས་རིན་པོ་ཆེའི་གཡས་གཡོན་བྱང་ཐང་གི་གཡག་རྫི་ལུག་རྫི་ཨ་པོ་ཧོར་དེ་ཚོས་ཀྱང་། ཉི་མས་བསྒྲིབས་པས་གྲིབ་མས་ཉི་མཚན་མི་ཆགས་པ་དེ། ་བོད་ཀྱི་གནག་རྫིས་ཀྱིས་ཀྱང་ཤེས་ཐུབ་པ་ཅིག་རེད་འདུག་ག
ཡིན་ན་ཡང་། དུས་འཁོར་ནང་གི་ཕྱི་དུས་ཀྱི་འཁོར་ལོ་གསུང་སྐབས་རི་རབ་དེ་ནི། རྩེ་མོ་རྣོ་བ་མར་མིའི་འཇིག་རྟེན་ལ་ཟུག་པ་ལྟ་བའི་ཟླུམ་པོ་གཅིག་གསུངས་ཡོད་པ་དང་། དེའི་རི་མོ་ད་ལྟའི་རྡ་སའི་སྨན་རྩིས་ཁང་གི་སྡེ་ཚན་གྱིས་འོབ་ཚོད་ལ་བྲིས་པའི་རི་མོ་དེ་ངས་ཀྱང་མཐོང་མྱོང་ནས་ད་ལྟ་ངའི་དྲན་ཡུལ་དུ་འདུག་མོད། དུས་འཁོར་ཀྱི་རི་རབ་ནི། དུས་ད་ལྟ་ཡང་ང་ལ་། ཚན་རིག་པས་ཐོག་མར་ Black hole ལམ་བུ་ག་ནག་པོ་འདི་ཐོག་མར་འགྲེལ་བརྗོད་བྱས་པ་ལྟར། རི་རབ་གཟུགས་ཅན་ཡིན་ན་ཡང་། གཟུགས་ཅན་ཕྲ་བ་ཅིག་ལས་གཟུགས་ཅན་རག་པ་ཅིག་ལ་མི་འདོད་པ་འདྲ། ད་དུང་དཔྱད་དགོས་པ་ཤིན་ཏུ་མང་པོ་ལུས་མི་འདུག་གམ། ལགས། གཞོན་སྐྱེས་ཚོ།
དོལ་པོ་པ་ཟེར་ན་དོལ་བོ་ནས་ཡིན་རྒྱུ་རེད། གནའ་སྔོན་མ་དོལ་པོ་དེ་སྟོད་མངའ་རིས་ཁུངས་ལ་ཡིན་རྒྱུ་རེད། དེ་སང་བལ་ཡུལ་ཁུངས་ལ་ཡིན་པ་འདྲ་འདུག ཙོང་ཁ་པ་ཟེར་ན་ཙོང་ཁའི་ཡུལ་ནས་ཡིན་པ་བཞིན་ནོ།
གཞན་སྟོང་གི་བཞེད་སྟངས་དེ་འགའ་རེས་བཤད་ན་ཡོལ་མོ་མི་བསྐྱོད་རྡོ་རྗེས་སྲོལ་བཏོད་པ་རེད་ཟེར། ཡང་འགའ་རེས་བཤད་ན་དོལ་བོ་པ་ཤེས་རབ་རྒྱལ་མཚན་གྱིས་སྲོལ་བཏོད་པ་རེད་ཟེར།
འོ་དོལ་པོ་བ་དོལ་པོ་ནས་རེད་ཟེར། དེ་ཙམ་གྱིས་ང་ཡི་དྲིས་པ་དེར་བློ་ཁ་ཚིམས་མ་བྱུང། དོལ་པོ་གང་ནས་ཡིན་ནམ། སྟོད་མངའ་རིས་སུ་ཡོད་པའི་དོལ་ཞེས་པའི་ཡུལ་ཅིག་ཡོད་ཟེར་་བྱས་ཙང་གང་ནས་ཡིན་མིན་གསལ་ཁ་མ་མཐོང།
ལན་དེས་ཡིད་ཚིམ་པ་མ་བྱུང་ན། ཡང་བསྐྱར་ཅིག་བཤད་ནས་སྒྲོ་འདོགས་གཅོད་པར་བྱ། དོལ་རྒྱལ་དང་ཕ་ཡུལ་གཅིག་མིན་པ་འདྲ། སྔོན་མ་ང་གདན་སའི་དྲུང་ཡིག་ཡིན་པའི་སྐབས་ལ་དོལ་བོ་ནས་དགེ་འདུན་པ་གཉིས་སློབ་གཉེར་ལ་སླེབས། ཁོང་གཉིས་ཀྱིས་བཤད་པ་ལྟར་ན་ཀུན་མཁྱེན་དོལ་བོ་པ་ཁོང་ཚོ་ས་ཆ་ནས་རེད། ཁོང་གཉིས་ཀྱི་ཕ་ཡུལ་དོལ་པོ་དེ་དེང་སང་བལ་ཡུལ་འོག་ལ་རེད་ཟེར། བཙན་བྱོལ་ལ་ཡོངས་སྐབས་སྟོད་མངའ་རིས་བརྒྱུད་ནས་ཡོང་མཁན་ཚོས་ཤེས་ནི་རེད། ས་ཆ་དེ་བརྒྱུད་ནས་ཡོང་དགོས་པ་འདྲ་འདུག
གཞོན་ནུས་གསལ་ཙམ་གནང་བར་ཐུགས་རྗེ་ཆེ། ད་ཅུང་ཙམ་གསལ་པོ་ཆགས་སོང་འོན་ཀྱང་ཁྱེད་ཀྱིས་དེ་གསུངས་པ་དེ་ལུང་དང་ལོ་རྒྱུས་སོགས་ཀྱི་དཔང་ཐུབ་ཡོད་ན་དེ་བས་ཀྱང་གསལ་ངེས་འབྱུང། འོན་ཀྱང་ངས་དེ་སྔར་མཐོང་མྱོང་མེད་བྱས་ཙང་དཔེ་དེབ་དང་ཁོང་གི་ལོ་རྒྱུས་ཞིག་ལག་ཏུ་ལོན་པར་བྱེད་ཨེ་ཐུབ་བལྟ་འདོད།
ལྷ་སའི་ལྷོ་ན་ཡོད་པའི་ལུང་བ་ཞིག་གི་མིང་ཡིན་པ་འདྲ།
དོལ་ཆུ་མིག་ནས་བསམ་ཡས་ཀྱི་བར་ལ་གནས་པའི་ས་ཆ་ཞིག་རེད།
ལུང་བ་ཞིག་གི་སྟོད་སྨད་བར་གསུམ་ལ་དོལ་གྱི་ལུང་བ་ཟེར།
དོལ་རྒྱལ་ཡང་འདི་ནས་བྱུང་བར་གྲགས་ཆེ།
འོ། རང་སྟོང་དང་གཞན་སྟོང་གི་རྣམ་གཞག་འགལ་དང་མི་འགལ་གྱི་གནད་རྩ་བ་གང་ལ་གཏུགས་དགོས་ཞེ་ན། དང་པོ་གཞན་སྟོང་གཏན་ལ་འབེབས་བྱེད་ཀྱི་རིགས་པ་དེ་དབུ་མའི་གཏན་ཚིགས་ཆེན་པོ་ལྔ་ལྟ་བུའི་དོན་དཔྱོད་རིགས་པ་ཞིག་རེད་དམ་མ་རེད་བལྟ་དགོས་པ་རེད། དེ་མ་ཡིན་པས་རིགས་པ་གཞན་ཞིག་དབང་དུ་བཏང་ནས་བསྟན་པ་ཡིན་ན། རང་སྟོང་དང་གཞན་སྟོང་གི་རྣམ་འགལ་དགོས་པ་མེད་དེ་ཚད་མ་དང་རིགས་པ་སོ་སོའི་དབང་དུ་བཏང་ནས་བསྟན་པ་ཡིན་པའི་ཕྱིར། དཔེར་ན་བདེན་པ་གཉིས་ཀྱི་རྣམ་གཞག་བཞིན།
འདི་ནི་མི་ཕམ་གསུངས་པའི་རིགས་གནད་ཆེན་པོ་ཡིན་པར་མཐོང་།
རང་སྟོང་དང་གཞན་སྟོང་ཨེ། ཡོལ་མོ་པ་མི་བསྐྱོད་རྡོ་རྗེ་དང་། དོལ་བོ་པ་ཤེས་རབ་རྒྱལ་མཚན་གཉིས་ཨེ། ཡ་ཡ། ལགས་སོ། མུ་མཐུད་ནས་འབྲི་ཤོག་ཨ། ཕ་བཟང་གི་བུ་ཚོ།
ད་དོལ་པོ་དང་ཡོལ་ཚོ་ཡང་། ངར་བགྱིད་འདུག་གདའ།
ཤེར་ཕྱིན་གྱི་མདོ་སྡེ་ལ་བསམ་ན་རང་སྟོང་དང་གཞན་སྟོང་སྨྲ་བ་སོ་སོའི་དགོངས་པ་འགྲེལ་ཚུལ་རེ་ཡོད་པས་རང་སྟོང་སྨྲ་བའི་དགོངས་པ་ལེན་སྟངས་གཞིར་བཞག་ནས་གཞན་སྟོང་སྨྲ་བ་དགག་པ་ནི་དགག་བཞག་ཡང་དག་པའི་འགྲོ་སྟངས་ཤིག་མ་རེད།
གཞན་སྟོང་། ཡུལ་དང་གཟུང་བ་དང་ཡུལ་ཅན་འཛིན་པ་གཉིས་སུ་མེད་པ་རྟོགས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་ཡོངས་གྲུབ་ཡིན་ལ། དེ་གཞན་དབང་དང་ཀུན་བཏགས་སོགས་ཀུན་རྫོབ་པའི་ཆོས་གཞན་གྱིས་སྟོངས་པས་ན་གཞན་སྟོང་ཟེར།
ངས་བོད་སྔ་རབས་པས་བྲིས་པ་བཀའ་འགྱུར་གྱི་དཔེ་ཆ་ཞིག་ཀློག་པ་ན། ཐང་ཡངས་པ་ན་འགྲོ་བཞིན་པ་ཞིག་གི་ཚོར་སྣང་དང་། དིང་སང་ཁ་སྐད་ཤུགས་ཆེ་བ་བཀོལ་ནས་བྲིས་པའི་རྩོམ་ཡིག་དག་ཀློག་པ་ན། ཚིག་མི་གོ་བ་མང་དུ་ཡོད་པ་དང་། རྫ་གད་ན་འགྲོ་བའི་ཉམས་ཤིག་འདུག ཅེས་སོ།
རྫ་གད། ཅེས་པ་ངའི་ཁ་སྐད་ཡིན་ཤས་ཆེའོ།
http://rigpal.blogspot.co.uk/2011/08/blog-post_1199.html
བོད་ལྗོངས་དྲ་བ་ན་ཀུན་མཁྱེན་དོལ་བོ་པའི་རྣམ་ཐར་བསྡུས་པ་ཞིག་འདུག་པ་འདི་ལྟར། རྒྱལ་བའི་ལུང་བསྟན་ཀུན་མཁྱེན་ཇོ་ནང་པ། ཀུན་མཁྱེན་དོལ་པོ། རྟོན་པ་བཞི་ལྡན་ཀུན་མཁྱེན་ཇོ་ནང་པ། ཆོས་རྗེ་ཀུན་མཁྱེན། ཀུན་མཁྱེན་ཆེན་པོ། ཀུན་མཁྱེན་དོལ་བུ། རིགས་ལྡན་སྤྲུལ་སྐུ། ཀུན་མཁྱེན་དོལ་པོ་སངས་རྒྱས། ཇོ་ནང་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་སོགས་མཚན་གྱི་རྣམ་གྲངས་མང། སྤྱི་ལོ་༡༢༩༢ཆུ་ཕོ་འབྲུག་ལ་ཡུལ་གཙང་སྟོད་མངའ་རིས་དོལ་པོ﹙དེང་ནེ་པ་ལའི་ཁོངས﹚བྱ་བར་ཡབ་ཡེ་ཤེས་དབང་ཕྱུག་དང་། ཡུམ་ཚུལ་ཁྲིམས་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། གཞོན་དུས་མཚན་ལ་ཤེས་རབ་མགོན་དང་། རབ་བྱུང་མཚན་ལ་ཤེས་རབ་རྒྱལ་མཚན་ཞུ། རྒྱལ་བ་སངས་རྒྱས་ཀྱི་ལུང་བསྟན་བཞིན་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པའི་སྲོལ་འབྱེད་ཆེན་པོར་གྱུར། དགུང་ལོ་སོ་དགུ་ལ་ཇོ་ནང་རི་ཁྲོད་དུ་སྐུ་འབུམ་ཆེན་མོ་ཞེས་སྙན་གྲགས་ཅན་འདི་བཞེངས་ཤིང་དེ་ལ་དཔེ་བལྟས་ནས་རྒྱལ་རྩེ་སྐུ་འབུམ། གཅུང་རི་བོ་ཆེ་སྐུ་འབུམ་སོགས་རིམ་བཞིན་བཞེངས། དགུང་ལོ་བདུན་ཅུ་བཞེས་པ་སྤྱི་ལོ་༡༣༦༡ལོའི་ཟླ་བ་༡༠པའི་ཚེས་༦ཉིན་ཇོ་ནང་རི་ཁྲོད་དུ་དགོངས་པ་རྫོགས། ཇོ་ནང་ནི་ས་མིང་ཞིག་ཡིན་ལ་བོད་ལྗོངས་གཞིས་ཀ་རྩེའི་ཁོངས་ལྷ་རྩེ་རྫོང་ཕུན་ཚོགས་གླིང་གི་ཕུ་རུ་ཡོད། ཆོས་བརྒྱུད་ནི་སྒྲུབ་རྒྱུད་གཙོ་བོར་འཛིན་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཞིག་ཡིན། དེང་སང་སྐྱབས་རྗེ་བླ་མ་དམ་པ་ཡེ་ཤེས་མཐར་ཕྱིན་མཆོག་གི་དྲིན་ལས་ཇོ་ནང་སྐུ་འབུམ་གསར་བཞེངས་ལེགས་གྲུབ་བྱུང་ལ་ཕྱོགས་འདི་དང་དབུས་དམ་རིང་སོགས་སུ་ཇོ་ནང་བསྟན་པ་ཡར་ངོས་ཟླ་བཞིན་ནོ།།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་པ་ལེགས་བཤད་ཉི་མའི་འོད་ཟེར་ཞེས་བྱ་བ།
ཀུན་མཁྱེན་དོལ་པོ་སངས་རྒྱས། འདི་དེང་སང་ནང་བསྟན་རིག་མཛོད་ཆེན་མོ་ན་ཡོད་པའི་རྒྱུད་བླ་དོལ་
འགྲེལ་གྱི་རྩོམ་པ་པོའི་མཚན་བྱང་ལ་བཀོད་འདུག
༣༧༽ གཞོན་ནུ་ཟླ་མེད་ནས།
་་་་་་ སྤྱི་ལོ་༡༢༩༢ཆུ་ཕོ་འབྲུག་ལ་ཡུལ་གཙང་སྟོད་མངའ་རིས་དོལ་པོ﹙དེང་ནེ་པ་ལའི་ཁོངས﹚བྱ་བར་ཡབ་ཡེ་ཤེས་དབང་ཕྱུག་དང་། ཡུམ་ཚུལ་ཁྲིམས་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། གཞོན་དུས་མཚན་ལ་ཤེས་རབ་མགོན་དང་། རབ་བྱུང་མཚན་ལ་ཤེས་རབ་རྒྱལ་མཚན་ཞུ། རྒྱལ་བ་སངས་རྒྱས་ཀྱི་ལུང་བསྟན་བཞིན་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པའི་སྲོལ་འབྱེད་ཆེན་པོར་གྱུར། ་་་་ཟེར།
བོད་ཀྱི་ཚི་མཛོད་ཆེན་མོ་ལས།
ཀུན་མཁྱེན་དོལ་བུ་པ། དོལ་བུ་པ་ཤེས་རབ་རྒྱལ་མཚན། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་མོ་ནང་དུ་དགོན་པ་བཏབ། དོལ་བུ་པ་དེར་བཞུགས་ནས་གྲུབ་མཐའ་འདི་རྒྱ་ཆེར་སྤེལ་བས་དེ་ནས་བཟུང་བརྒྱུད་འཛིན་རྣམ་ས་ལ་ཇོ་ནང་པ་ཞེས་གྲགས་པ་བྱུང་།
གོང་དུ་བསམ་གཏན་སྒྲོལ་མས་བཤད་པའི་དོལ་ཆུ་མིག་ཟེར་བ་དེ་ཀུན་མཁྱེན་དོལ་བོ་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་ཡུལ་མ་རེད། དོལ་རྒྱལ་ཐོག་མར་ཡོང་ས་དེ་ཡིན་པ་འདྲ་འདུག དོལ་བོ་ལུང་པ་དང་༏ དོལ་ཆུ་མིག་ཟེར་ས་དེ་གཉིས་ས་ཁ་ཐག་རིང་བའི་ཡུལ་ལུང་སོ་སོ་པ་གཉིས་རེད།
བལ་བོད་ས་མཚམས་དོལ་པོའི་ཡུལ་དུ་ཡང་། །
ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན་འཁྲུངས། །
དབུས་གཙང་ཁུལ་གྱི་དོལ་དང་ཆུ་མིག་སར། །
ལྟས་ངན་ངན་པ་དགུ་འཛོམས་དོལ་རྒྱལ་སྐྱེས། །
རྣམ་པ་ཚོས་དཔྱད་གླེང་གང་ལ་གང་འཚམས་གནང་འདུག གཞོན་ནུ་ཟླ་མེད་ཀྱིས་ལུང་གི་སྒྲུབ་བྱེད་དེས་གར་ཡང་ཕྱིན་གྱི་མི་འདུག དེའི་ལྡོག་ཕྱོགས་ཀྱི་ལུང་ཡང་ཧ་ཅང་མང་པོ་འདུག
ད་ལ་དྭགས་པ་འདིས་ཅི་བཤག་པ་རེད། བོད་སྔ་རབས་ཀྱི་རྩོམ་ཟེར་ན་ཅི་རེད། བོད་སྔ་རབས་པ་དང་བོད་ཕྱི་རབས་པ་ཟེར་བ་དེ་ཐེག་པ་ཆེན་པོ་དབུ་མའི་ལུགས་ཀྱི་བཤད་སྲོལ་ལ་རྗེ་ཙོང་ཁ་པའི་སྔོན་གྱི་མཁས་པའི་བཤད་སྲོལ་གྱི་རྗེས་སུ་འབྲངས་མཁན་དག་ལ་བོད་སྔ་རབས་པ་ཟེར་བ་རེད། རྗེ་ཙོང་ཁ་དང་དེའི་རྗེས་འབྲངས་དག་ལ་བོད་ཕྱི་རབས་པ་ཟེར་བ་རེད། དེ་མིན་སྐད་ཡིག་ལ་བོད་སྔ་རབས་པ་དང་བོད་ཕྱི་རབས་པ་ཟེ་རབའི་ཁྱད་འབྱེད་སྲོལ་ཞིག་མེད་པ་རེད། སྐད་ཡིག་ལ་བོད་སྔ་ཕྱིའི་ཁྱད་ཟེར་བ་ཞིག་འབྱེད་སྲོལ་མེད་པ་རེད།
དོལ་རྒྱལ་གྱི་མིང་གི་འབྱིང་ཁུངས་དོལ་ཟེར་བ་དེ་ལྷོ་ཁ་ས་ཁུལ་ཞིག་ཡིན་ས་མ་རེད་པས།
སྤོབས་མཐའ་ལགས་ཀྱིས། གོ་བ་དཔེ་ཐོག་ཏུ་ལུས་པ་འདི་ལས་སྡུག་ཅིག་སའི་སྟེང་དང་གནམ་གྱི་འོག་ན་མི་འདུག ཅེས་གསུངས་པའི་སྡུག་འདིས་ང་ཡང་མནར་བཞིན་ཡོད་པས་ཚིག་འདི་ཐོས་དུས་ཚ་ཟིང་ཟིང་དུ་གྱུར་སོང་།
མིང་གི་འབྱུང་ཁུངས་སུ་བཅོས་རོགས། དགོངས་དག
ཁྱོད་ཚོས་བསམ་ན་ཡོད་པ་དང་། རང་བཞིན་གྱིས་ཡོད་པ། རང་ངོས་ནས་ཡོད་པ་ལ་ཁྱད་པར་འདུག་གམ།
ཐལ་འགྱུར་བའི་ལུགས་ལ། རང་བཞིན་གྱིས་ཡོད་པ། རང་ངོས་ནས་ཡོད་པ་ལ་ཁྱད་པར་མེད་པར་འདོད་ལགས།
དེ་ཟེར་གི་མེད ཡོད་པ་དང་རང་ངོས་ནས་ཡོད་པ་གཉིས་ལ་ཁྱད་པར་ཡོད་དམ་ཟེར་གི་ཡོད།
འོ་འོ། ཡོད་པ། ཆོས། གཞི་གྲུབ། ཚད་མས་གྲུབ་པ་རྣམས་དོན་གཅིག་པས། དེ་རང་ངོས་ནས་ཡོད་པ་དང་རང་བཞིན་གྱིས་ཡོད་པ་ལ་ཁྱད་པར་ཆེ་སྟེ། རང་བཞིན་གྱིས་ཡོད་པ་དང་རང་བཞིན་གྱིས་གྲུབ་པ་གཉིས་དོན་གཅིག་ཏུ་མཐོང་བས། གཞི་གང་ཡང་རུང་བ་ཅིག་རང་ངོས་ནས་ཡོད་ན། རང་ལས་གཞན་པ་སྟེ། རྒྱ་གཞན་དང་རྐྱེན་གཞན་ནམ། ལྟོས་པ་མེད་པར་རང་ངོས་ནས་གྲུབ་ན། བདེན་གྲུབ་པ་པ་རྒྱལ་ཁ་ཐོབ་པར་ངེས་པས་སོ།།
ཀ་རྡོའི་མཆན་ལ་ནང་འགལ་སླེབས་སོང་།
ཡོད་ན། རང་བཞིན་གྱིས་ཡོད་པ་དང་། རང་ངོས་ནས་ཡོད་པ་མ་ཡིན་པས་ཁྱབ་བོ། སྤོབས་མཐའ་ལགས།
ཁྱད་པར་གང་ཡོད་དཔེ་དང་བཅས་ཤོད་དང་
དྲི་བ། ཡོད་པ་དང་རང་བཞིན་གྱི་ཡོད་པ་ལ་ཁྱད་པར་ཡོད་དམ། ལན། འདི་ཧོབ་དེ་ལྟོས་ན་ཁྱད་པར་འབྱེད་མི་ཐུབ་པ་དང་ཁྱད་པར་འབྱེད་དཀའ་པ་ཡིན། ཡིན་ན་ཡང་ཞིབ་ཏུ་བརྟག་ན་ཁྱད་པར་འབྱེད་ཐུབ། དེ་ཡང་བློ་ལ་སྣང་པའི་རིམ་པ་ནས་བཞག་ན། ༡༽ཐོག་མར་རང་ཉིད་ལ་སྣང་བའི་སྙིང་སྡུག་ཞིག རང་གི་བློ་ངོ་ན་བུད་མེད་དེ་ཁྱད་པར་གང་གི་ཡང་ཁྱད་པར་མ་བྱས་པར་སྣང་པ་དེ་ཉིད། ཐ་སྙད་ཙམ་དང་ཡོད་པ་ཙམ་རེད། དེའི་སྟེང་གི་རང་བཞིན་གྱི་གྲུབ་པ་ངོས་འཛིན་པ་ལ། དེ་ཉིད་བློ་ལ་ཤར་བ་སྔོན་དུ་འགྲོ་དགོས་པའམ། དེ་བཟུང་བའི་བློ་ཐབས་སུ་གྱུར་དགོས། ཟླ་བ་གྲགས་པས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་།། གསུངས་པ་དེ་ཡིན། ༢༽དེ་ནས་དེའི་རང་བཞིན་གྱི་གྲུབ་པ་ནི། དེའི་འདོགས་བྱེད་ཕུང་སོགས་ལ་མ་རྟེན་པར་བུད་མེད་དེ་ཉིད་སྣང་ས་དེར་ཚུགས་ཐུབ་པར་སྣང་པ་དེ་ཡིན། རྗེ་བླ་མས། དགག་བྱ་ངོས་འཛིན་པ་ནི་ཤིན་ཏུ་གལ་ཆེ་སྟེ་གསུངས་པ་དེ་ཡིན་ལ། རང་བཞིན་གྱིས་ཡོད་པ་ཟེར་བ་ཡང་དེ་ཡིན། ཡང་བསྐྱར་གཅིག་བཤད་ན། བློ་རྣལ་ལ་ཕབ་ནས་ཡོད་པའི་སྐབས་སུ་མོ་རང་གིས་ཁྱོད་ལ་སྤྱོད་ངན་ཞིག་བྱས་ན་ཡང་། རང་གི་ངོས་ནས་མོ་རང་གིས་མ་ཤེས་པ་རེད་ཟེར་ནས་བཟོད་པ་སྒོམ་ཐུབ་པ་ནི་མོ་རང་ཚུགས་ཐུབ་པས་བྱས་པ་མིན་པར་མོ་རང་གི་མ་ཤེས་པ་སོགས་ཕུང་པོ་གཞན་གྱིས་མོ་རང་ལ་བྱས་བཅུགས་པར་སྣང་ནས་ཡོང་གི་ཡོད་པའི་རྟགས་རེད། དེ་པས་ན་མོ་རང་སྣང་པའི་སྐབས་སུ་འདོགས་བྱེད་ཕུང་སོགས་ལ་རྟེན་ནས་སྣང་བའི་རྟགས་མཚན་ལོས་ཡིན། འོན་ཀྱང་སྐབས་ལ་ལར་མོ་རང་གིས་ཡག་པོ་ཞིག་བྱས་ན་ཡང་ཁྱི་མོ་འདིས་ང་ལ་འགོ་སྐོར་གཏོང་གི་འདུག་ཟེར་ནས་ཤིན་ཏུ་ཁོང་ཁྲོ་བའི་སྐབས་སུ་རང་གི་བློ་ངོ་ལ་ལྟོས་དང་། འདོགས་བྱེད་ཕུང་སོགས་ལ་མ་ལྟོས་པར་མོ་རང་ཕར་ཕྱོགས་ན་ཚུགས་ཐུབ་ཏུ་ཚུར་རང་ཉིད་ལ་དགྲ་བོ་བཞིན་ཁ་གཏད་དུ་ལངས་བསྡད་ཡོད་པ་རེད། སྐབས་དེ་དུས་མོ་རང་ལ་ཕུང་བོ་གཞན་གྱིས་བསྐུལ་པ་ཡང་དྲན་མི་ཐུབ་པ་ནི་དེ་དང་མ་འབྲེལ་པར་ཚུགས་ཐུབ་ཏུ་སྣང་བའི་རྟགས་རེད། སྐབས་དེ་དུས་རང་བཞིན་གྱི་ཡོད་པའམ། དགག་བྱ་ངོས་བཟུང་ན་ངོས་འཛིན་ཐུབ་པའི་ཁྱད་ཡོད་པར་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་གསུངས།
༣༽ དེ་ནས་འདོགས་བྱེད་ལ་མ་ལྟོས་པར་ཚུར་ཚུགས་ཐུབ་ཏུ་གྲུབ་པ་དེ་ཉིད་ལ་བློ་གཏད་ནས་ཇི་ལྟར་གྲུབ་པར་རིགས་པའི་རྣམ་གྲངས་གིས་དཔྱད་དགོས་པ་རེད། དཔྱད་དཔྱད་པའི་མཐར་མ་རྙེད་པ་ནི་སྟོང་ཉིད་མེད་དགག་གི་རྣམ་ཅན་དེ་རེད། མདོ་ལས། མ་མཐོང་པ་ནི་མཐོང་པ་དམ་པའོ། གསུངས་པ་ཡང་དེ་ལྟར་དགག་བྱ་དེ་ཉིད་བཙལ་བཙལ་བའི་མཐར་མ་རྙེད་པའམ་མ་མཐོང་པ་ནི་མཐོང་བ་དམ་པ་སྟེ་སྟོང་བ་ཉིད་དམ་དོན་དམ་བདེན་པ་ཡིན་ཅེས་པའི་དོན་ནོ། དེ་དང་མཐུན་པར་ལྕང་སྐྱས། ཕ་རྒན་བཙལ་ནས་ནི་མ་རྙེད་པ་དེ།། མ་རྒན་ཁོ་རང་ནི་ཡིན་པར་འདུག་གོ། གསུངས་སོ། དཔལ་ལྡན་ཟླ་བས། དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ།། གསུངས་པ་དེ་ཡིན་ལ། གོང་གི་ཡོད་པའམ་ཐ་སྙད་བདེན་པ་དང་། འདིའི་དོན་དམ་བདེན་པ་གཉིས་ཐབས་ཐབས་བྱུང་དུ་འགྱུར་ཚུལ་ཡང་གོ་རིམ་འདི་ལྟར་བཙལ་དགོས་པའི་དོན་ཡིན།
༤༽སྟོང་ཉིད་མེད་དགག་གི་རྣམ་ཅན་འདི་ཉིད་ཐོགས་མར་རྙེད་པ་ན་སྟོང་སངས་གི་རྣམ་པ་ཤར་ནས་སྐྲག་སྣང་དང་སྐྱི་གཡའ་པ་ལྟ་བའི་ཚོར་སྣང་འབྱུང་ལ། དེ་མ་ཐག་ཏུ་བློ་ཁ་ཡོད་པའམ་སྣང་ཕྱོགས་ལ་སྐོར་ནས་བློ་ལ་རང་གི་སྙིང་སྡུག་འདོགས་བྱེད་ལ་མ་རྟེན་པར་ཚུགས་ཐུབ་ཏུ་མ་གྲུབ་ཀྱང་། ཡོད་པའམ་ཐ་སྙད་ཙམ་ཏུ་ཡོད་པར་སྣང་བ་ནི། ཐ་སྙད་སྒྱུ་མ་ལྟ་བུ་ཟེར་བ་དེ་ཡིན་ལ། འདི་ནི་ཐ་སྙད་ཙམ་ཏུ་ཡོད་པ་ཡང་ཟེར་བ་ཡང་ཡིན། དགེ་ཕྱོགས་ཀྱི་མཁས་པ་ལ་ལས་སྟོང་ཉིད་མ་ཡིན་དགག་གི་ཐ་སྙད་ཡང་མཛད་ཡང་འདི་ཡིན་ནམ་སྙམ།
༥༽ དེ་ལྟར་གོང་གི་བདེན་པ་གཉིས་པོ་སློབ་པ་ལམ་གྱི་གནས་སྐབས་སུ་གཙོ་བོ་ཤེས་རབ་ཀྱིས་རེས་མོས་སུ་སྒོམ་པའམ། བློ་གཉིས་ཟིན་བྱ་ཟིན་བྱེད་ཀྱི་ཚུལ་ཏུ་སྒོམ་ནས་སངས་རྒྱས་ཀྱི་ས་ལ་བགྲོད་ལུགས་ནི་མདོ་ཕྱོགས་ནས་བསྟན་པའི་སློབ་ལམ་གྱི་བདེན་གཉིས་ཀྱི་སྒོམ་སྟངས་ཡིན་ཏེ། དབུ་མ་འཇུག་པ་ལས། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་བ།། ངང་པའི་རྒྱལ་བོ་དེ་ནི་སྐྱེས་པོ་ངང་པ་ཡི།། མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས།། རྒྱལ་བའི་ཡོན་ཏན་རྒྱ་མཚོ་མཆོག་གི་ཕ་རོལ་འགྲོ། གསུངས་པ་ཡིན་ནོ།
༦༽སྔགས་ཀྱི་སྐབས་སུ་ནི། བདེན་གཉིས་ཀྱི་ཁྱད་པར་ནི་གཅིག་པ་ཡིན་ལ། སྒོམ་ཚུལ་ནི་མི་འདྲ་སྟེ། མདོ་ཡི་སྐབས་སུ་ནི་གོང་དུ་བཤད་པ་ལྟར་བློ་གཅིག་གིས་རེས་མོས་སུ་བདེན་པ་གཉིས་སྒོམ་པའམ་བློ་གཉིས་ཀྱིས་ཟིན་བྱ་ཟིན་བྱེད་ཀྱི་ཚུལ་ཏུ་སྒོམ་དགོས་པ་ཡིན་པ་གོང་ལྟར་དང་། སྔགས་ཀྱི་སྐབས་སུ་ནི་བདེན་གཉིས་བློ་གཅིག་གིས་ཅིག་ཅར་ཏུ་སྒོམ་པ་ཡིན་ནོ། དེ་ཡང་གསང་སྔགས་འབྲས་བུ་དང་མཐུན་པར་སྒོམ་ཟེར་བ་དེ་ཡིན་ནོ། དེའི་དོན་ཡང་འབྲས་བུ་སངས་རྒྱས་ཀྱི་སྐབས་སུ་བདེན་པ་གཉིས་པོ་རྣམ་མཁྱེན་གཅིག་གིས་མཉམ་པར་འཇོག་པ་ཡིན་ནོ།
མཁྱེན་ཡངས་པ་སྤོབས་པ་མཐའ་ཡས་ཀྱི་བཀའ་འདྲི་ལ་རྨོངས་ཚོད་ཀྱི་ལན་ཙམ་དོ་རྒྱ་དགེ་བཤེས་ཀྱི་ཕུལ་བའོ།།
གདགས་གཞི་སོགས་ལ་མ་རྟེན་པར
༼དེའི་དོན་ཡང་འབྲས་བུ་སངས་རྒྱས་ཀྱི་སྐབས་སུ་བདེན་པ་གཉིས་པོ་རྣམ་མཁྱེན་གཅིག་གིས་མཉམ་པར་འཇོག་པ་ཡིན་ནོ།༽ དེ་འདྲ་ཡིན་ན་་་ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་དང་། ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་་་་གཉིས་ག་འདྲ་བྱས་ནས་བྱུང་བ་ཡིན་ནམ། །
ཇི་ལྟ་ཇི་སྙེད་ཀྱི་རྣམ་མཁྱེན་གཉིས་ནི་རྒྱུ་ལ་ཁྱད་པར་ཡོད་ནས་ཡིན་གྱི་ངོ་བོ་ལ་ཁྱད་པར་ཡོད་ནས་མ་ཡིན་ནོ། སློབ་པ་ལམ་གྱི་གནས་སྐབས་སུ་ཇི་ལྟ་བ་སྒོམ་པའི་བློ་དེའི་རྒྱན་ཕྱི་མ་སངས་རྒྱས་ཀྱི་ས་ལ་སླེབས་པ་ན། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་དང་། དེ་བཞིན་ཇི་སྙེད་པ་རྟོགས་པའི་རྒྱུན་ཕྱི་མའི་རྣམ་མཁྱེན་ལ་ཇི་རྙེད་པ་རྟོགས་པའི་རྣམ་མཁྱེན་ཟེར་བ་ཡིན་ནོ། ཡང་ན་དེ་གཉིས་སྒོམ་པའི་ལག་རྗེས་ལ་སངས་རྒྱས་ས་ནས་སོ་སོར་བཏགས་པ་ཡིན་ནོ། ཐམས་ཅད་མཁྱེན་པ་ཟེར་བ་ཡང་དེ་ལྟར་ཆོས་གཅིག་གི་སྟེང་གི་བདེན་པ་གཉིས་པོ་ཅིག་ཅར་ཏུ་བློ་གཅིག་གིས་མངོན་སུམ་ཏུ་མཁྱེན་པ་ལ་ཟེར་ཡི། ཡོད་ཚད་པོ་རྟོགས་པའི་དོན་ལ་བཤད་ན་དོན་སྙིང་ཆེན་པོ་ཡོད་པ་མ་རེད། དཔལ་ཆོས་ཀྱི་གྲགས་པས། འདི་ཡིས་སྲིན་པའི་གྲངས་མཁྱེན་པ།། ང་ལ་འགར་ཡང་ཉེར་མཁོ་མེད།། གསུངས་སོ།།
སངས་རྒྱས་ཀྱི་ས་ཞེས་བརྗོད་པ་ནི་ང་ཚོ་འཇིགས་རྟེན་པའི་ས་འདི་ལྟར་མ་ཡིན་པར་མཁྱེན་པའི་ཡེ་ཤེས་ལ་འཇོག་པར་གསུངས། དེ་འདྲ་བའི་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ཀྱི་ངོར་བདེན་པ་གཉིས་ཀྱི་རྣམ་བཞག་ངེས་པར་དུ་འཇོག་དགོས་པར་སེམས། ཅིས་ན་སངས་རྒྱས་ཀྱི་ས་ལ་ཡང་བདེན་པ་གཉིས་པོ་ཡོད་པའི་ཕྱིར། དེ་ཡོད་པར་ཐལ་རང་དོན་དུ་བོན་གྱི་སྐུ་བདེ་བ་ཆེན་པོ་དང་། གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཡོད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཇི་ལྟ་བ་དང་ཇི་སྙེད་པ་ཡོངས་སུ་རྫོགས་པ་མཁྱེན་པ་རེད་དམ་ཟེར་ན་མཁྱེན་པ་ཁས་ལེན་དགོས། དེ་ཁས་མ་བླངས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཡིན་པར་ཐལ་འགྲོ་བ་དང་། འོན་ཀྱང་འདི་ལ་ཁས་ལེན་ཟིན་མཚམས་ཤིག་ཡོད་པ་རེད། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱིས་ཇི་སྙེད་པ་མཁྱེན་ཀྱང་་་མཁྱེན་པའི་རྣམ་མཁྱེན་མིན་་་ཟེར་དགོས་པ་དང་། དེ་བཞིན་ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་གྱིས་ཇི་ལྟ་བ་རྟོགས་ཀྱང་་་རྟོགས་པའི་རྣམ་པའི་རྣམ་མཁྱེན་མིན་་་ཟེར་ནས་ཟིན་མཚམས་བྱེད་དགོས་པ་རེད། འདི་ལ་རྒྱུ་མཚན་ཆེན་པོ་ཡོད་པ་ངེས་པར་དུ་ཤེས་དགོས། དེ་ལྟར་མ་ཡིན་ན་སངས་ཀྱི་ས་ལ་བདེན་པ་གཉིས་ཀྱི་རྣམ་བཞག་འཇོག་མི་ཐུབ་པའི་སྐྱོན་ཡོང་བར་སེམས། བདེན་པ་གཉིས་ཀྱི་རྣམ་བཞག་འཇོག་པར་བྱེད་པ་ལ་དེ་འཇོག་བྱེད་ཀྱི་བློ་རིག་མི་འདྲ་བ་གཉིས་ངེས་པར་དུ་ཡོད་པ་དང་། གཞན་བདེན་པ་གཉིས་ཀྱི་རྣམ་བཞག་ཇི་ལྟར་འཇོག་པར་བྱེད། བདེན་པ་གཉིས་ཀྱི་རྣམ་བཞག་འཇོག་ཅེས་པ་ནི་བདེན་པ་གཉིས་པོ་ལྕོག་རྩེའི་སྒང་ལ་བཞག་པ་འདྲ་པོ་ནི་ཡིན་གྱི་མ་རེད། རྒྱུ་མཚན་འདི་ལ་རྟེན་ནས་སངས་ཀྱི་ས་ལ་ཡིན་ནའང་མཁྱེན་པའི་ཡེ་ཤེས་གཉིས་ཡོད་པ་ཁས་ལེན་དགོས་པར་སེམས། ད་དུང་སངས་རྒྱས་ས་ལ་སོ་སོར་རྟོགས་པའི་ཡེ་ཤེས་ཡོད་པ་ཡང་ཁས་ལེན་དགོས་ཀྱི་ཡོད་འགྲོ། །
“ད་ལ་དྭགས་པ་འདིས་ཅི་བཤག་པ་རེད། བོད་སྔ་རབས་ཀྱི་རྩོམ་ཟེར་ན་ཅི་རེད། “མིག་ལེགས་པར་ལྟོས་ལ་མཆན་འབྲི་ན་ཆོག ངས་གང་ཡང་བཤག་མེད། བོད་སྔ་རབས་ཀྱི་རྩོམ་ཟེར་ག་པར་བྲིས་འདུག གཉིད་མ་ལོག་གོང་དུ་འདི་མི་འབྲི་ཐབས་མེད་ཆགས་སོང་། སྤོབས་མཐའ་ཁྱོད་ཀྱང་གཉིད་ཉལ་ཟིན་མེད་ན་ཡང་ཉལ་བ་ལ་མངོན་དུ་ཕྱོགས་པ་ཡིན་ངེས། ཞེས་སོ།
ད་ལ་དྭགས་པ་འདིས་ནམ་ཡིན་ཡང་ཡིག་ནོར་ཙག་ཙིག་རེ་བཏོག་ནས་འདུག་རྒྱུ་མ་གཏོགས་ཅི་ཡོད།་ན་ཅི་རེད། གཉིད་པ་དང་ཉལ་བ་གཉིས་པོ་ཁ་ཁ་རེད།
གཞོན་ནུ་བདག་མེད་ལ་བཀྲིས་བདེ་ལེགས་ཞུ། ཁྱེད་ཐོས་བཟང་ཅན་ཞིག་རེད་འདུག མུད་མཐུད་གླེང་རོགས
གཞོན་ནུ་ཟླ་མེད་ལགས། དགེ་ལྡན་པའི་ཕྱོགས་ནས། ཁམས་བདེ་གཤེགས་སྙིང་པོ་ལ་འགྲེལ་བ་ཇི་ལྟར་སྐྱོན་ནམ། རྒྱལ་ཚབ་རྗེའི་རྒྱུད་བླ་ཊི་ཀའི་ནང་ལ་ཇི་ལྟར་འགྲེལ་བ་ལན་མདོར་ཙམ་གསུངས་རོགས།
དེ་བཞིན་ཉིད་ཀྱི་གཟིགས་ཡོད་མེད་མི་ཤེས་རུང་། རྗེ་རིན་པོ་ཆེའི་བླ་མ་ཆོས་རྗེས་དོན་གྲུབ་རིན་ཆེན་གྱི་རྒྱུད་བླ་ཞིག་ཡོད་པ་གོ་མྱོང་། དེའི་འགྲེལ་སྟངས་འདི་དགེ་ལྡན་པའི་འགྲེལ་སྟངས་དང་གཅིག་པ་རེད་དམ།
༥༤༽ སྤོབས་པ་མཐའ་ཡས་ནས།
ཁྱད་པར་གང་ཡོད་དཔེ་དང་བཅས་ཤོད་དང་།
ལན་དུ།
ཡོད་མེད་གཉིས་ཀ་རྟོག་པས་བཏགས་ཙམ་ཡིན་པ་མཚུངས་ཀྱང་། དཔེར་ན། དགོང་མོ་ཐག་པ་སྦྲུལ་དུ་སྣང་བ་དང་། བདེན་འཛིན་གཉིས་ཀ་ཡང་རྟོག་པས་བཏགས་ཚུལ་མཚུངས་ཀྱང་། ཐག་པ་དངོས་དང་་དེ་ཡོད་པ་གཉིས་ཀྱང་རྟོག་པས་བཏགས་ཙམ་ཡིན་ཚུལ་གོང་དང་མཚུངས་ཡང་། གདགས་གཞི་སྦྲུལ་གྱི་ཕུང་པོ་ཡོད་པ་་ལ་ཚད་མས་གནོད་པ་མེད་པས། ཡོད་པ་རེད། འོན་ཀྱང་རང་བཞིན་གྱིས་ཡོད་པ་དང་། རང་ངོས་ནས་ཡོད་སྟངས་ནི། དེ་ལས་བཟློག་པས་སོ།། ཅིག་གོ་སོང་ངམ། སྤོབས་མཐའ་ལགས།
ཡང་ཁྱི་མོ་འདིས་ང་ལ་འགོ་སྐོར་གཏོང་གི་འདུག་ཟེར་ནས་
ཞེས་དང་།
དེ་དང་མཐུན་པར་ལྕང་སྐྱས།
ཕ་རྒན་བཙལ་ནས་ནི་མ་རྙེད་པ་དེ།།
མ་རྒན་ཁོ་རང་ནི་ཡིན་པར་འདུག་གོ། གསུངས་སོ།
དང་།
དབུ་མ་འཇུག་པ་ལས།
་་་་་།། ངང་པའི་རྒྱལ་བོ་དེ་ནི་སྐྱེས་པོ་ངང་པ་ཡི།།
ཞེས་པའི་ཟླ་མེད་ལགས་ཀྱིས། མཐའ་ཡས་ལགས་ལ། བློ་བསྐྱེད་ཡག་པོ་ཅིག་གནང་འདུག་ལ། ང་ལ་ཕན་ཐོགས་ཅུང་ཟད་ཅིག་བྱུང་ཡང་། འདིར་དག་ཆར་ཅུང་ཟད་དཔྱད་ན། འགོ་སྐོར་འདི། མགོ་སྐོར་མིན་ནམ། ཕ་རྒན་འདི་ཡང་། མ་རྒན་མི་དགོས་སམ། ངང་པའི་རྒྱལ་པོ་འདི་ཡང་རྒྱལ་བོ་ཞེས་བྲིས་འདུག་གམ་ཡང་བསྐྱར་ཅིག་དཔྱདཔར་་འཚལ།
ཀ་རྡོའི་ཐག་པ་སྦྲུལ་འཛིན་གྱི་དཔེ་དེ་ངའི་དྲི་བའི་དོན་ཐོག་ཏུ་འབྱོར་མི་འདུག
གཞོན་ནུ་ཟླ་མེད་ལགས། དེ་ཡིན་ན་ད་དགག་དགོས་པ་དེ་གང་རེད། མ་གཞི་ང་ལ་དེང་སང་སྙིང་སྡུག་འདྲ་མེད་པའི་ཐོག་ལ་བུད་མེད་སུ་ལ་ཡང་སྙིང་ཐག་པ་ནས་སེམས་ཤོར་མི་ཐུབ་པའི་ན་ཚལྟ་བུ་ཞག་ཕོག་འདུག་པས་དཔེ་དེས་ང་ལ་ཕན་ཐོགས་མིན་མི་ཤེས་དེ་དགེ་བཤེས་ལགས་སྙིང་སྡུག་གི་དཔེ་དེ་ལ་མཉེས་པོ་ཡོད་པ་འདྲ་བས་ངེད་གཉིས་ཀྱིས་དེའི་སྟེང་ནས་གླེང་།
ཐོག་མེད་ནས་བདེན་འཛིན་ལ་གོམས་པའི་སྐྱེ་བོ་ང་ལྟ་བུ་ཞིག་གིས་རང་གི་གྲོགས་མོ་མཐོང་བའི་དུས་སུ་ངའི་གྲོགས་མོའོ་སྙམ་པའི་བློ་དེ་དགག་བྱ་རེད་དམ་མ་རེད། དགག་བྱ་མིན་ཟེར་ན་ནི་འཇུག་པར་བདག་གི་འདི་ཞེས་དངོས་ལ་ཆགས་སྐྱེད་པ་སོགས་དགག་བྱར་བཤད་འདུག དགག་བྱ་ཡིན་ཟེར་ན་ངའི་གྲོགས་མོ་མིན་པར་གཞན་ཞིག་ཡིན་སྙམ་དགོས་པ་རེད་དམ་གྲོགས་མོ་ཡིན་ཡང་དོན་དམ་པར་མ་གྲུབ་པའི་ཁྱར་པར་ཅན་རང་རྒྱུད་པའི་གཏན་ཚིག་ལྟར་སྒོམ་དགོས་པ་རེད། ན་རོ་པ་ཡིན་ནམ་ཞག་གིས། བུ་སྣང་བས་མི་འཆིངས་ཞེན་པས་འཆིངས།།གསུངས་པའི་ཞེན་པ་དེ་གྲོགས་མོའོ་སྙམ་པའི་བློ་དེ་རེད་དམ་གྲོགས་མོ་ཉལ་སའི་ནང་དུ་བཟང་སོགས་ཀྱི་ཁྱད་པར་སྦྱར་བའི་བློ་དེ་རེད།
ཀ་རྡོའི་ཐག་པ་དང་སྦྲུལ་འཛིན་གྱི་དཔེ་དེ་ཡོད་པ་ཙམ་དང་རང་བཞིན་གྱིས་ཡོད་པའི་དཔེ་མཚོན་དུ་འགྲོ་གི་མི་འདུག སྟོང་ཉིད་མ་རྟོགས་མཁན་གྱི་མི་ཞིག་ཡིན་ཕྱིན་ཐག་པ་སྦྲུལ་དུ་བཟུང་རུང་རང་བཞིན་གྱིས་གྲུབ་པའི་སྦྲུལ་ཞིག་ཏུ་འཛིན་གི་རེད། ཐག་པ་ཐག་པར་བཟུང་རུང་རང་བཞིན་གྱིས་གྲུབ་པའི་ཐག་པར་འཛིན་གྱི་རེད། དེ་གཉིས་ལ་ཁྱད་པར་འབྱེད་ཐུབ་གི་མ་རེད། ཐལ་འགྱུར་བའི་ངོར་ཐག་པ་སྦྲུལ་དུ་བཟུང་བ་འཁྲུལ་སྣང་རེད་ལ་ཐག་པ་ཐག་པར་བཟུང་བ་ཡང་འཁྲུལ་སྣང་རེད། ཡང་དག་དང་ལོག་པའི་ཁྱད་པར་ཙམ་མ་གཏོགས་གཉིས་ཆར་ཀུན་རྫོབ་རེད།
ཡང་དག་དང་ལོག་པའི་ཁྱད་པར་ཙམ་མ་གཏོགས་གཉིས་ཆར་ཀུན་རྫོབ་རེད། ་་་ཨེ། ཏོག་ཙམ་སྒུགས་ཨང་། ད་ལྟ་མགྲོན་པོ་སླེབས་ནས་བྲེལ་ཟིང་ངང་ལ་ཡོད།
སྤོབས་མཐའ་ཁྱོད་ལ་”གཉིད་པ་དང་ཉལ་བ་གཉིས་པོ་ཁ་ཁ་རེད།” འདི་ལ་ཁུངས་ཤིག་སྐྱལ་རྒྱུ་ཡོད་དམ། འབྲེལ་པ་ཆེ་ཡང་དྲི་བ་འདི་འབྲི་ལོང་བྱུང་། ཞེས་སོ།
གཉིད་པ་ཡིན་ན་གཉིད་ཁུགས་པས་ཁྱབ། དེས་ན་འཇུག་ཤེས་ནང་དུ་བསྡུས་པས་ཁྱབ།
ཉལ་ན་གཉིད་ཁུགས་པས་མ་ཁྱབ། དེས་ན་འཇུག་ཤེས་རང་དབང་མེད་པར་ནང་དུ་བསྡུས་པས་མ་ཁྱབ།
ཡང་མིན་ན། གཉིད་པ་དང་ཉལ་བ་གཉིས་ལ་མུ་གསུམ་ཡོད། གཉིད་པ་ཡིན་ན་ཉལ་བས་ཁྱབ། ཉལ་ན་གཉིད་པས་མ་ཁྱབ། ཉལ་ཁྲིའི་སྟེང་དུ་ཉལ་ནས་དེབ་ཀློག་བཞིན་པའི་སླ྄ོབ་ཕྲུག་བུ་མོ་དབྱངས་ཅན་བོན་ཅན། གཉིས་ཀ་ཡིན་མཁན་སླའོ།
ཀུ་རྩེད་ཞུས་ཡིན། ཁ་རྒྱག་པས་བཤད་པ་ལ་ཡིད་བཏོན་མེད།
བསམ་ཤེས་ལགས་ཀྱི་དྲི་བ་དེར་ཅུང་ཟད་བསམ་བློ་གཏོང་དགོས་འདུག རྗེས་ནས་ལན་བཏབ་ཆོག་པར་ཟུ། དྲི་བ་ཆ་ང་ཆུང་ངེ་རིགས་ལ་ལན་སྟབས་བདེ་རེ་བཏབ་ནས་ཕྱི་ལ་འགྲོ་གི་ཡིན།
༡༽བོན་པོ་ལགས་ལ། སངས་རྒྱས་སའི་ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་བོན་ཅན། ཆོས་ཅད་མཁྱེན་པའི་རྣམ་མཁྱེན་མ་ཡིན་པར་ཐལ། ཁྱོད་ཀྱི་ཁས་ལེན་འཛིན་ཚུལ་དེའི་ཕྱིར། འདོད་མི་ནུས་དེ་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར་རོ། འདིར་མ་ཁྱབ་ཟེར་ན། ཐམས་ཅད་མཁྱེན་ཡང་ཅི་སྙེད་མི་མཁྱེན་འགལ།། ཟེར་བ་དེ་རེད།
༢༽ཀ་རྡོ་ལགས་ལ། ཕ་རྒན་བཙལ་ནས་ཟེར་དགོས་པ་རེད། འདིའི་སྐབས་ཀྱི་ཕ་རྒན་དེ་དགག་དགོས་རྒྱུའི་རིགས་པའི་དགག་བྱ་ཟེར་བ་དེ་རེད། དེ་མ་རྙེད་པ་ཙམ་ལ་མ་རྒན་ཟེར་གྱི་ཡོད་པ་རེད། འདི་རྙེད་དགོས་རྒྱུའི་སྟོང་ཉིད་དེ་རེད། གཞན་པ་པོ་བ་བོའི་སྐོར་དེ་ང་རང་ལ་རྣམ་བཞག་ཞིག་ཡོད། སྤྱིར་ན་པ་བ་འཇུག་ཚུལ་ནི།། ག་ད་བ་ས་ན་མ་པ།། ང་འ་ར་ལ་མཐའ་མེད་བ།། བདག་པོའི་སྒྲ་ལ་པ་ཉིད་དོ།། ཅེས་ཟི་ལིང་མཱ་པུའུ་ཧྤང་གི་དྲུང་ཡིག་ཆེན་མོ། སྡེ་ཚ་པ་ཨ་ཁུ་གསུང་རབ་ཚ་ཁུ་ནས་སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས་སུ་གསུང་བ་དེ་འཐའ་ཕྱོགས་སུ་འཛིན།
༣༽སྤོབས་མཐའ་ལ། སངས་རྒྱས་ཀྱིས་ཀྱང་ངའི་ཆོས་གོས། ངའི་ཉན་ཐོས། སོགས་ལོས་འཛིན། དེ་བདེན་འཛིན་དང་དགག་བྱ་འཛིན་པ་ག་ལ་ཡིན། འཇུག་པའི་དེ་ནི་ང་ཡི་སྙིང་སྡུག་ཟེར་ནས་བདགས་གཞི་ལ་མ་རྟེན་པར་འཛིན་པ་དེ་ལོས་ཡིན།
རྩོད་པ་ལྷག་མའི་ལན་ནི་འཆད་པར་འགྱུར་རོ།
སྤོབས་པ་མཐའ་ཡས་ལགས།
ཁྱེད་ཀྱིས། “རྒྱལ་བ་རིན་པོ་ཆེས་རིས་མེད་བསྟན་རྒྱས་སྨོན་ལམ་ཞེས་པ་ཞིག་མཛད་འདུག དེའི་ནང་དུ། མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི། །ཞེས་ཀུན་མཁྱེན་དོལ་པོ་བ་ཆེན་པོའི་བཞེད་པ་དེ་ནི་མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པ་ཞིག་ཡིན་པར་གསུངས་འདུག མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི་མདོ་རྒྱུད་གཞན་དེ་གང་ལ་གོ་དགོས་སམ། ཀུན་མཁྱེན་དོལ་པོ་བའི་ཁྱད་ཆོས་གཙོ་བོ་དེ་མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པ་ཙམ་ལས་མེད་ན་དེ་བཞིན་གཤེགས་པའི་བཀའ་བར་པ་ངེས་དོན་དུ་བཞེད་པ་པོ་དག་ཀྱང་མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པར་འགྱུར་དེ་བཀའ་ཐ་མའི་གཤེགས་སྙིང་བསྟན་པའི་མདོ་བཅུ་སོགས་ཀྱི་དགོངས་དོན་དང་མི་མཚུངས་པས་སོ།་།ཡིན་ན་ཡང་ཀུན་མཁྱེན་དོལ་པོ་བ་ཆེན་པོ་རང་ཉིད་ཀྱིས་ནི་བདེ་བར་གཤེགས་པའི་བཀའ་ཐ་མའི་དགོངས་དོན་འཁྲུལ་མེད་དེ་ངེས་དོན་མཐར་ཐུག་ཡིན་པར་ཞལ་གྱིས་བཞེས་པ་ལས་མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པ་ཞིག་ཡིན་པར་གསུངས་མི་འདུག” ཅེས་པར།
༧ གོང་ས་མཆོག་གིས།
“མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི།།” ཞེས་པ་འདི་ཀུན་མཁྱེན་དོལ་པོ་བའི་ལྟ་གྲུབ་ལ་གོ་རྒྱུ་མ་ཡིན་ཏེ། དེ་ལྟ་ན་རྐང་པ་གསུམ་པར། “ལུང་རྟོགས་བཀའ་བབས་བུ་ཇོ་ལུགས་ཟུང་གིས།།” ཞེས་གསུངས་པ་དང་འགལ་བའི་ཕྱིར། དེས་ན་བཤད་སྲོལ་མི་མཚུངས་པའི་དོན་འདི་ལྟར་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འདི་གཞི་ལམ་འབྲས་གསུམ་གང་གི་གནས་སྐབས་སུའམ་བསྐྱེད་རྫོགས་ཀྱི་ལམ་རིམ་པ་གཉིས་ཀྱི་འགྲོས་རྒྱུད་སྡེ་གཞན་མི་འདྲ་བ་ཡོད་པ་དེ་ལ་གོ་དགོས་པའི་ཕྱིར་ཏེ། རྐང་པ་གཉིས་པར། “ཕྱི་ནང་གཞན་གསུམ་དུས་ཀྱིས་འཁོར་ལོ་ཡི།། ཅེས་གསུངས་པའི་ཕྱིར་དང་། སྔགས་ཀྱི་ས་ལམ་སྟོན་པའི་གཞུང་དག་ན་དུས་འཁོར་གྱི་ས་ལམ་བགྲོད་ཚུལ་ལོགས་སུ་བཤད་པ་དག་གཟིགས་ན་ཧ་ཅང་གསལ་བའི་ཕྱིར།
ལྷག་པར་དུ། “མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི།།” ཞེས་པ་འདི་༧ གོང་ས་མཆོག་གིས་ཀུན་མཁྱེན་དོལ་པོ་བའི་ལྟ་གྲུབ་ལ་དགག་པ་མཛད་པའི་དོན་དུ་གོ་བ་ལེན་པ་ནི་ཤིན་ཏུ་ནས་འོས་པ་མ་ཡིན་ཏེ། རྐང་པ་ཐ་མར། “གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག།” ཅེས་གསུངས་པ་ལྟར་བོད་བརྒྱུད་ནང་བསྟན་ཀུན་ཕན་ཚུན་དག་སྣང་ནོར་བུའི་འོད་དང་མ་བྲལ་བར་སྐྱེ་འགྲོའི་གསོས་སྨན་དམ་པར་དར་རྒྱས་་ཡུན་དུ་གནས་པའི་ཐུགས་སྨོན་མཛད་པ་ལས་རྟོགས་ནུས་པའི་ཕྱིར་རོ།།
ཀར་རྡོ་ཞུ་བ་ཁོང་གིས་ཡོད་པ་དང་རང་ངོས་ཡོད་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་རབས་གསུངས་ཡོང་གི་འདུག དེ་གཉིས་ཀྱི་ཁྱད་པར་གྱི་གནད་འགག་རྩད་གཅོད་བྱས་ན་ཐ་སྙད་ཚད་གྲུབ་ལ་ཐུག་འགྲོ་ཡི་འདུག ངས་མང་པོ་མི་ཤེས་མོད་ཉེ་ཆར་སེམས་དང་སྲོག་གི་ཚན་རིག་གི་བགྲོ་གླེང་ནང་། (Albert Einstein) གྱི་ལྟོས་གྲུབ་རྣམ་གཞག་གི་འདོད་ཚུལ་གླེང་སྐབས། ཐ་སྙད་ཚད་གྲུབ་ཟེར་བ་དེར་མངོན་སུམ་གྱི་དཔེའི་ལམ་ནས་ཡར་ལང་མེད་པའི་དགག་པ་ཞིག་བརྒྱབ་སོང་བས་དེར་འགྲེལ་བཤད་ཇི་ལྟར་རྒྱག་དགོས་མིན་ངས་ཤེས་ཀྱི་མི་འདུག ད་དུང་རང་རེའི་བོད་ཀྱི་མཚན་ཉིད་སྨྲ་བའི་སློབ་དཔོན་ཆེན་པོ་དགེ་འདུན་ཆོས་འཕེལ་མཆོག་གིས་ཀྱང་། ད་ལྟའི་བར་ལན་བཏབ་པ་ལས་ཐེབས་མེད་པའི་དགག་པ་ཡ་ང་བ་ཞིག་བརྒྱབ་འདུག་པ་དེའི་གནད་ཀྱང་ཇི་ལྟར་འགྲེལ་དགོས་མིན་ཆ་མ་འཚལ།
དེ་མིན་སྤོབས་པ་མཐའ་ཡས་ལགས་ཀྱིས་སེམས་ཙམ་པས་འདོད་པའི་རང་རིག་རང་གསལ་དང་། བཀའ་མཐའ་མ་ནས་བསྟན་པའི་བདེ་གཤེགས་སྙིང་པོར་འགལ་འགྲེལ་གང་ཡོད་མེད་ཅིག་དྲིས་གནང་འདུག ང་ལ་མཚོན་ན་དོགས་པ་འདི་གསར་པ་ཡིན་པས་ཁྱེད་ཀྱིས་དོགས་སློང་གནང་བར་བཀའ་དྲིན་ཆེ་ཞུས་པ་ཡིན་ལགས།
༧༢༽ གཞོན་ནུ་ཟླ་མེད་ལགས་ཀྱིས།
་་་་་ གཞན་པ་པོ་བ་བོའི་སྐོར་དེ་ང་རང་ལ་རྣམ་བཞག་ཞིག་ཡོད། སྤྱིར་ན་པ་བ་འཇུག་ཚུལ་ནི།། ག་ད་བ་ས་ན་མ་པ།། ང་འ་ར་ལ་མཐའ་མེད་བ།། བདག་པོའི་སྒྲ་ལ་པ་ཉིད་དོ།། ཅེས་ཟི་ལིང་མཱ་པུའུ་ཧྤང་གི་དྲུང་ཡིག་ཆེན་མོ། སྡེ་ཚ་པ་ཨ་ཁུ་གསུང་རབ་ཚ་ཁུ་ནས་སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས་སུ་གསུང་བ་དེ་འཐའ་ཕྱོགས་སུ་འཛིན། ་་་་ཟེར།
ལྕང་སྐྱས། ཕ་རྒན་བཙལ་ནས་ནི་མ་རྙེད་པ་དེ།། མ་རྒན་ཁོ་རང་ནི་ཡིན་པར་འདུག་གོ། ་་་་ཟེར།
༦༨༽ སྤོབས་པ་མཐའ་ཡས་ལགས་ཀྱིས།
ཀ་རྡོའི་ཐག་པ་དང་སྦྲུལ་འཛིན་གྱི་དཔེ་དེ་ཡོད་པ་ཙམ་དང་རང་བཞིན་གྱིས་ཡོད་པའི་དཔེ་མཚོན་དུ་འགྲོ་གི་མི་འདུག སྟོང་ཉིད་མ་རྟོགས་མཁན་གྱི་མི་ཞིག་ཡིན་ཕྱིན་ཐག་པ་སྦྲུལ་དུ་བཟུང་རུང་རང་བཞིན་གྱིས་གྲུབ་པའི་སྦྲུལ་ཞིག་ཏུ་འཛིན་གི་རེད། ཐག་པ་ཐག་པར་བཟུང་རུང་རང་བཞིན་གྱིས་གྲུབ་པའི་ཐག་པར་འཛིན་གྱི་རེད། དེ་གཉིས་ལ་ཁྱད་པར་འབྱེད་ཐུབ་གི་མ་རེད། ཐལ་འགྱུར་བའི་ངོར་ཐག་པ་སྦྲུལ་དུ་བཟུང་བ་འཁྲུལ་སྣང་རེད་ལ་ཐག་པ་ཐག་པར་བཟུང་བ་ཡང་འཁྲུལ་སྣང་རེད། ཡང་དག་དང་ལོག་པའི་ཁྱད་པར་ཙམ་མ་གཏོགས་གཉིས་ཆར་ཀུན་རྫོབ་རེད། ་་་་ཟེར་བའི་ལན་དུ།
སྤོབས་མཐའ་ལགས།
ཐག་པ་སྦྲུལ་དུ་འཛིན་པའི་བློ་ངོར་བདེན་སྣང་ཡོད་དུ་ཆུགས་ཀྱང་། དེ་ལོག་ཤེས་རེད་གདའ། ཐག་པ་ཐག་པར་འཛིན་པའི་བློ་ངོར་བདེན་སྣང་གི་འཁྲུལ་སྣང་གལ་སྲིད་ཡོད་ན་ཡང་། དེ་ལོག་ཤེས་མ་ཡིན་པར། དེ་ཚད་མ་རེད་དོ། །དེ་བཞིན་དུ། ཐག་པ་ཐག་པར་འཛིན་པ་ལྟར་ཡུལ་ལ་ཐག་པ་ཡོད་པ་དང་། ཐག་པ་སྦྲུལ་དུ་འཛིན་པ་ལྟར་ཡུལ་ལ་སྦྲུལ་དུ་མེད་པ་རེད། ད་དཔེ་མཚོན་དུ་འགྲོ་བགྱིད་འདུག་གགམ་མི་འདུག སོ་སྐྱེ་སྟོང་ཉིད་མ་རྟོགས་པའི་བློ་ངོར་ཐལ་འགྱུར་བའི་ལུགས་ལྟར་བདེན་སྣང་འཁྲུལ་མཚུངས་པ་ཡིན་ནི། ངས་འདོད་མི་འདུག་གམ། ལགས། ད་ཡང་ལོག་གི་ཁྱད་པར་ཙམ་མ་ཟད། ལོག་ཤེས་དང་ཚད་མའི་ཁྱད་པར་ཡོད་པ་དེ་ཡང་མཁྱེན་ཆུབ་ཡོང་བར་མཁྱེེན།
ལྕང་སྐྱས།
ཕ་རྒན་བཙལ་ནས་ནི་མ་རྙེད་པ་དེ།།
མ་རྒན་ཁོ་རང་ནི་ཡིན་པར་འདུག་གོ།
་་་་ཟེར་བའི་ང་ལ་གོ་རྟོག་བྱུང་བ་དེ་ནི། ཕ་རྒན་གྱི་ཉལ་ཁྲིའི་སྟེང་དུ་མ་རྒན་ཉལ་བསྡད་ཡོད་པ་ལ། མིག་གཅིག་ཞར་བ་དེས་ཕ་རྒན་བཙལ་མཐར་མ་རྒན་ཉལ་བ་མཐོང་བ་འདིས། དགག་བྱ་ཕ་རྒན་བཙལ་ནས་མ་རྙེད་པར་གཤིས་ལུགས་མ་རྒན་མཐོང་བའི་དཔེ་དོན་དང་ཚིག་དོན་གང་ལ་ཡང་མཚུངས་པར་གསུང་སྟངས་ལ་བལྟས་། ལྕང་སྐྱས་ཀྱང་། འཚམས་འཚམས་ང་འདྲ་བར་ཆང་རག་འཐུང་ནས་དྲ་རྒྱར་འོངས་པ་ལྟར། དགེ་སློང་ཁོང་ཡང་བཟི་བའི་སྐབས་ཡོད་པ་ཡིན་ནམ། ཡང་ན། མྱོས་ཆུ་འཐུང་ནས་སྤོབས་མཐས་བཤུས་པ་མིན་ནམ། ཧ་ཧ། ཀུ་རེ་དང་བཅས།
ག་ད་བ་ས་ན་མ་པ།།
ལག་པ། སྟོད་པ། འཆབ་པ། བལྟས་པ། ཕན་པ། ཕམ་པ་ལྟ་བུ་ཞེས་སྦྱར་རྒྱུ་ཡིན་ནམ། ཡང་ན། དཔེར་མཚོན་གཞན་ཅིག་བཞག་རྒྱུ་ཡོད།
ང་འ་ར་ལ་མཐའ་མེད་བ།།
རྐང་བ། འཛའ་བ། གར་བ། རྒྱལ་བ། རྟ་བ་ལྟ་བུ་ཞེས་སྦྱར་རྒྱུ་ཡིན་ནམ། ཡང་ན། དཔེར་མཚོན་གཞན་ཅིག་བཞག་རྒྱུ་ཡོད།
བདག་པོའི་སྒྲ་ལ་པ་ཉིད་དོ།།
གཡག་པ། བོད་པ། ངལ་དུབ་པ། གཡས་ཕྱོགས་པ། པ་ནམ་པ། བྱང་པ། མདའ་པ། གར་པ། དོལ་པ། ལྷ་ས་པ། གཞིས་ཀ་རྩེ་པ། ལོ་ཙྰ་པ། རྟ་པ་ལྟ་བུ་ཞེས་སྦྱར་རྒྱུ་ཡིན་ནམ། ཡང་ན། དཔེར་མཚོན་གཞན་ཅིག་བཞག་རྒྱུ་ཡོད་དམ། སྡེ་ཚ་པ་ཨ་ཁུ་གསུང་རབ་ཚ་ཁུའི་སློབ་མ་༧༢༽གཞོན་ནུ་ཟླ་མེད་ལགས།
༧༤༽ བཀྲ་ཤིས་དོན་འགྲུབ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༡༦ སྐར་མ་ ༠༠
ཀར་རྡོ་ཞུ་བ་ཁོང་གིས་ཡོད་པ་དང་རང་ངོས་ཡོད་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་རབས་གསུངས་ཡོང་གི་འདུག དེ་གཉིས་ཀྱི་ཁྱད་པར་གྱི་གནད་འགག་རྩད་གཅོད་བྱས་ན་ཐ་སྙད་ཚད་གྲུབ་ལ་ཐུག་འགྲོ་ཡི་འདུག ་་་་ཞེས་པའི་ལན་དུ།
རྗེ་རིན་པོ་ཆེས་ཐ་སྙད་ཚད་གྲུབ་འདོད་པ་མ་ཟད། ངས་ཀྱང་ཐ་སྙད་ཚད་གྲུབ་འདོད་ལགས།
ངས་མང་པོ་མི་ཤེས་མོད་ཉེ་ཆར་སེམས་དང་སྲོག་གི་ཚན་རིག་གི་བགྲོ་གླེང་ནང་། (Albert Einstein) གྱི་ལྟོས་གྲུབ་རྣམ་གཞག་གི་འདོད་ཚུལ་གླེང་སྐབས། ཐ་སྙད་ཚད་གྲུབ་ཟེར་བ་དེར་མངོན་སུམ་གྱི་དཔེའི་ལམ་ནས་ཡར་ལང་མེད་པའི་དགག་པ་ཞིག་བརྒྱབ་སོང་བས་དེར་འགྲེལ་བཤད་ཇི་ལྟར་རྒྱག་དགོས་མིན་ངས་ཤེས་ཀྱི་མི་འདུག ་་་ཞེས་པའི་ལན་དུ།
ཅུང་ཟད་ལྐོག་འགྱུར་དང་ཤིན་ཏུ་ལྐོག་འགྱུར་གཉིས་ཀའི་ཚུལ་གསུམ་རྟགས་བརྟེན་ན་རྟགས་པ་ལ་ཆོས་ཅན་དང་དཔེ་སོགས་མངོན་གསུམ་བརྟེན་པར་རྟོགས་སྟངས་གསར་པ་ཅིག་མེད་དགསོ་སམ་ལགས།
ད་དུང་རང་རེའི་བོད་ཀྱི་མཚན་ཉིད་སྨྲ་བའི་སློབ་དཔོན་ཆེན་པོ་དགེ་འདུན་ཆོས་འཕེལ་མཆོག་གིས་ཀྱང་། ད་ལྟའི་བར་ལན་བཏབ་པ་ལས་ཐེབས་མེད་པའི་དགག་པ་ཡ་ང་བ་ཞིག་བརྒྱབ་འདུག་པ་དེའི་གནད་ཀྱང་ཇི་ལྟར་འགྲེལ་དགོས་མིན་ཆ་མ་འཚལ། ་་་་ཞེས་པའི་ལན་དུ།
ཁྱེད་ཀྱི་མཚན་ཉིད་སྨྲ་བའི་སློབ་དཔོན་ཆེན་པོ་དགེ་འདུན་ཆོས་འཕེལ་མཆོག་གིས་ལན་མ་ཐེབས་ཀྱང་། རྒྱ་གར་དང་བོད་ཀྱི་བླ་མ་གྲུབ་ཐོབ་མང་པོས་ལན་ཐེབས་ནས་རང་རྒྱུད་རྟོགས་པ་ཡང་གོང་མཐོང་མཁན་ཡང་ཤིན་ཏུ་མང་པོ་བྱུང་ཡོད་པར་ཁས་མ་བླངས་ཐབས་མེད་རེད་དོ།།
བསམ་ཤེས་ཀྱི་དྲི་བ། གཞོན་ནུ་ཟླ་མེད་ལགས། དགེ་ལྡན་པའི་ཕྱོགས་ནས། ཁམས་བདེ་གཤེགས་སྙིང་པོ་ལ་འགྲེལ་བ་ཇི་ལྟར་སྐྱོན་ནམ། རྒྱལ་ཚབ་རྗེའི་རྒྱུད་བླ་ཊི་ཀའི་ནང་ལ་ཇི་ལྟར་འགྲེལ་བ་ལན་མདོར་ཙམ་གསུངས་རོགས། དེ་བཞིན་ཉིད་ཀྱི་གཟིགས་ཡོད་མེད་མི་ཤེས་རུང་། རྗེ་རིན་པོ་ཆེའི་བླ་མ་ཆོས་རྗེས་དོན་གྲུབ་རིན་ཆེན་གྱི་རྒྱུད་བླ་ཞིག་ཡོད་པ་གོ་མྱོང་། དེའི་འགྲེལ་སྟངས་འདི་དགེ་ལྡན་པའི་འགྲེལ་སྟངས་དང་གཅིག་པ་རེད་དམ།
ལན། རྡོ་རྗེ་གནས་བདུན། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་།། ཡོན་ཏན་སངས་རྒྱས་འཕྲིན་ལས་ཐ་མ་སྟེ།། བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུས་ན།། རྡོ་རྗེ་ཡི་ནི་ལུས་བདུན་འདི་དག་གོ། གསུང་བའི་ཁམས་བདེ་བར་གཤེགས་པའི་སྙིང་བོ་ལ། དོན་དམ་བའི་ཁམས་སམ་རང་བཞིན་གནས་རིགས་དང་། ཀུན་རྫོབ་པའི་ཁམས་སམ་རྒྱས་འགྱུར་གྱི་རིགས་གཉིས་སུ་ཡོད། དང་བོ་ལ། དར་ཊྲིཀ་ལས། ཁམས་ལ། དོན་དམ་པའི་ཁམས་ནི་སེམས་ཅན་གྱི་རྒྱུད་ཀྱི་སེམས་རང་བཞིན་གྱིས་གྲུབ་པས་སྟོང་བ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དོ། ཞེས་པ་དང་རྒྱུད་བླ་མ་ལས། དང་བོའི་སྐུ་ནི་དང་བོ་སྟེ། ཞེས་གསུངས་སོ། དེ་ན་རང་བཞིན་གནས་རིགས་ཀྱི་མཚན་ཉིད་ནི། རང་གི་ཐོབ་བྱའི་ངོ་བོ་ཉིད་སྐུར་འགྱུར་རུང་གི་ཆོས་ཉིད་དེ་འཇོག གཉིས་པ་ལ་དར་ཊྲིཀ་ལས། ཀུན་རྫོབ་པ་ནི། སེམས་ཅན་གྱི་སེམས་ཀྱི་སྟེང་ན་ཡོད་པའི་འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་རུང་གི་ནུས་པའི་ཆའོ། ཞེས་དང་རྒྱུད་བླ་མ་ལས། གཉིས་པ་ཡིས་ནི་ཕྱི་མ་གཉིས། ཅེས་གསུངས་སོ། དེ་ན་རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད་ནི། ཐོས་སོགས་ཀྱི་གསོས་བཏབ་པའི་རང་གི་ཐོབ་བྱའི་སངས་རྒྱས་སུ་འགྱུར་རུང་གི་དངོས་པོ་དེ་འཇོག འདི་ལ་ཡེ་ཤེས་ཆོས་སྐུར་འགྱུར་རུང་གི་སེམས་ཀྱི་ནུས་པ་དང་། གཟུགས་སྐུར་འགྱུར་རུང་གི་སེམས་ཀྱི་ནུས་པ་གཉིས་ཡོད།
རིགས་དང་ཁམས་བདེ་བར་གཤེགས་པའི་སྙིང་བོ་དོན་གཅིག སེམས་ཅན་གྱི་གནས་སྐབས་ན་རིགས་སམ་ཁམས་བདེ་བར་གཤེགས་པའི་སྙིང་བོ་ཅེས་ཐ་སྙད་འདོགས་ལ། སངས་རྒྱས་པའི་ཚེ་ཆོས་སྐུའི་ཐ་སྙད་འདོགས་དགོས་དེ། དར་ཊྲིཀ་ལས།། དེ་བཞིན་ཉིད་གཅིག་པུ་དྲི་མ་དང་བཅས་པའི་གནས་སྐབས་ན་སེམས་ཅན་གྱི་ཁམས་དང་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྙད་ལ་དྲི་མ་མཐའ་དག་གིས་དབེན་པ་ན་ཆོས་ཀྱི་སྐུའོ། ཞེས་དང་། རྒྱུད་བླ་ཐོགས་འགྲེལ་དུ་སེངྒེ་ང་རོའོ་མདོ་དྲངས་པ་ལས། ཤཱ་རིའི་བུ། སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི་དྲི་མ་ཅི་རིགས་པ་སྤངས་ཤིང་ཅུང་ཟད་དང་བཅས་པའི་གནས་སྐབས་ན་དེ་བཞིན་གཤེགས་པའི་སྙིང་བོའི་ཚིག་བླ་དྭགས་སོ། ཤཱ་རིའི་བུ། དེ་བཞིན་གཤེགས་པའི་སྙིང་བོ་ཞེས་བྱ་བ་འདི་ནི་དྲི་མ་མཐའ་དག་གིས་དབེན་པ་ན་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། ཞེས་པ་ལྟར་རོ།
དྲི་བ་གཉིས་པའི་ལན། གྲྭ་ས་ནས་སློབ་སྦྱོང་བྱེད་སྐབས། མངོན་རྟོགས་རྒྱན་གྱི་རིགས་རྩོད་བའི་སྐབས་ལས་འཕྲོས་ནས་རྒྱུད་བླ་མའི་ལེའུ་དང་བོ་ཁམས་བསྟེན་པ་དང་དེའི་རྒྱུད་བླ་ཐོགས་འགྲེལ། དར་ཊྲིཀ མདོ་སྡེའི་རྒྱན་གྱི་རིགས་ཀྱི་དབྱེ་བ་བཅས་ཁ་བསྐངས་ནས་སློབ་ཁྲིད་བྱེད་པ་མ་གཏོགས། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྒྱུད་བླ་མའི་འགྲེལ་བ་ཁྲིད་མ་མྱོང་ལ། མཐོང་ཡང་མ་མྱོང་། རྗེས་སུ་གོ་སྐབས་རེག་ན་དེར་ངེས་བར་དུ་བགས་ཆགས་འཇོག་ངེས་ཡིན་ལ། དེའི་སྟེང་ནས་བགྲོ་གླེང་ཡང་བྱེད་ངེས་ཡིན། ཐུགས་རྗེ་ཆེ།
ཀ་རྡོ་ནས་ངའི་བ་པའི་འཇུག་ཚུལ་གྱི་རྩ་ཚིག་ལ་དཔེ་བརྗོད་བཞག་པ་ཡག་བོ་འདུག དགེ་ཕྲུག་ཡ་རབས་ཞིག་རེད་འདའ། དེ་ལྟར་སློབ་སྦྱོང་བྱས་དང་རྗེས་མ་རྔན་པ་སྤྲོད་ཀྱི་ཡིན། རྩ་ཚིག་འདི་ངས་རྗེས་མ་རྒན་འཇམ་དཔལ་ལ་ཡང་གཅིག་འབུལ་རྩིས་ཡོད།
ཀ་རྡོ་དང་དགེ་བཤེས་ལགས་གཉིས་ལ་དྲི་བ་འདི་འབུལ། ཀ་བ་ཙམ་དུ་འཛིན་པ་དེ་སྤངས་བྱ་མིན། ཀ་བ་རང་བཞིན་གྱིས་གྲུབ་པ་དེ་སྤངས་བྱ་ཡིན་ཟེར་ན་སངས་རྒྱས་ཀྱི་མཁྱེན་པའི་ཀ་བ་ཙམ་དུ་འཛིན་པ་དེ་ཡོད་དམ་མེད།
འ་ཡོ། ད་སྤོབས་པ་འདི་ལོ་ལོན་གི་ལོན་གི་གླེན་རྟགས་ཚ་རུ་ཚ་རུ་འགྲོ་གི་འདུག ཀ་བ་རང་བཞིན་གྱིས་གྲུབ་པ་དེ་སྤངས་བྱ་ཡིན་ཟེར་མཁན་སུ་ཡང་ཡོད་ནི་མ་རེད། ཀུན་མཁྱེན་དོལ་བོ་པས་མི་ཟེར། བོད་སྔ་རབས་པ་ཡོད་མིན་མེད་མིན་པས་ཡང་མི་ཟེར། བོད་ཕྱི་རབས་པས་དེ་ནི་རྟགས་ཀྱི་དགག་བྱ་ཡིན་ཟེར་ནི་རེད། རྟགས་ཀྱི་དགག་བྱ་ཡིན་ན་མེད་པས་ཁྱབ་ཟེར་ནི་རེད། ལམ་གྱི་སྤངས་བྱ་ཡིན་ན་ཡོད་པའ་ཁྱབ་ཟེར་ནི་རེད། ཐ་ན་རྒྱ་ནག་ཧྭ་ཤིང་གིས་ཀྱང་དེ་སྤངས་བྱ་ཡིན་ཟེར་ནི་མ་རེད། ད་ཅི་འེ་དྲག ཀ་རྡོ་ངེད་གཉིས་ཀྱི་མདུན་ན་སྙིང་ཁ་ནང་དུ་སླེབས་བསྡད་ཡོད་ནི་མ་རེད་ཝ།
ཡྰ་ཡ། ལགས། ལགས་སོ།། དེ་དེ་བཞིན་ནོ།།
གཞོན་ནུ་ཟླ་མེད་ལགས་ཀྱིས། །
༡༽བོན་པོ་ལགས་ལ། སངས་རྒྱས་སའི་ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་བོན་ཅན། ཆོས་ཅད་མཁྱེན་པའི་རྣམ་མཁྱེན་མ་ཡིན་པར་ཐལ། ཁྱོད་ཀྱི་ཁས་ལེན་འཛིན་ཚུལ་དེའི་ཕྱིར། འདོད་མི་ནུས་དེ་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར་རོ། འདིར་མ་ཁྱབ་ཟེར་ན། ཐམས་ཅད་མཁྱེན་ཡང་ཅི་སྙེད་མི་མཁྱེན་འགལ།། ཟེར་བ་དེ་རེད། གསུངས་པ་ལ། །
སངས་རྒྱས་སའི་ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་བོན་ཅན། ཆོས་ཅད་མཁྱེན་པའི་རྣམ་མཁྱེན་མ་ཡིན་པར་ཐལ། ཅིའི་ཕྱིར། དེར་ཐལ། ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་མ་ཡིན་ཕྱིར། ཟེར་ན། ཁྱབ་པ་མ་བྱུང་། ཁྱབ་པ་མེད་དེ། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་དེ་ཇི་ལྟ་བ་རྟོགས་པའི་ཁྱད་པར་དུ་བྱས་པའི་རྣམ་མཁྱེན་ཡིན་པ་གང་ཞིག། ཇི་སྙེད་པ་མཁྱེན་ཡང་མཁྱེན་པའི་ཁྱད་པར་དུ་བྱས་པའི་རྣམ་མཁྱེན་མ་ཡིན་པའི་ཕྱིར། དེར་ཐལ། རྣམ་མཁྱེན་སྤྱི་བཙན་གྱིས་སྒོ་ནས་ཆོས་ཐམས་ཅད་མཁྱེན་པའི་རྣམ་མཁྱེན་ཡིན་ཡང་། ཡུལ་སོ་སོར་རྣམ་པར་འབྱེད་པའི་སྒོ་ནས་རང་རང་གི་ངོ་ལྐལ་དུ་གྱུར་བའི་རྣམ་མཁྱེན་རེ་རེ་འཇོག་པའི་ཕྱིར། དེར་ཐལ། ཇི་ལྟ་བ་དོན་དམ་དང་ཇི་སྙེད་པ་ཀུན་རྫོབ་གཉིས་ཡུལ་གྱི་ངོས་ནས་སོ་སོར་ལྡོག་པ་ཐ་དད་པ་ཡིན་པ་གང་ཞིག། དེ་གཉིས་མཁྱེན་པར་བྱེད་པའི་ཡུལ་ཅན་རྣམ་མཁྱེན་སོ་སོར་ཐ་དད་པ་གཉིས་ངེས་པར་དུ་ཡོད་དགོས་པའི་ཕྱིར། དེ་ལྟར་མ་ཡིན་ན་ལྡོག་པ་ཐ་དད་པ་ཡིན་པའི་རྒྱུ་མཚན་གྱིས་་་ཀ་བའི་སྟེང་གི་སྟོང་ཉིད་དང་བུམ་པའི་སྟེང་གི་སྟོང་ཉིད་གཉིས་་་སྟོང་ཉིད་མི་འདྲ་བར་ཐ་དད་པ་གཉིས་སུ་་འདོད་པའི་གྲུབ་མཐའ་འཛིན་པའི་ལུགས་འདི་འཇིག་པར་མི་འགྱུར་རམ། །
ཧཧཧཧ ཀརྡོ་ལགས་ཀྱིས་རྒྱ་གར་དང་བོད་ཀྱི་བླ་མ་དེ་ཚོ། ཐ་སྙད་ཚད་གྲུབ་ཉམས་སུ་བླངས་ནས་རྟོགས་པ་གོང་མཐོར་སོང་ཡོད་པར་ཁས་ལེན་པ་འདི་ཡ་མཚན། ངས་བལྟས་ནས་ཐ་སྙད་ཚད་གྲུབ་ཉམས་སུ་བླངས་ནབདག་འཛིན་གོང་མཐོར་གཏོང་རྒྱུར་ཕན་ཐོགས་ན་མ་གཏོགས། བདག་འཛིན་ལ་གནོད་བྱེད་དུ་འགྲོ་མི་ཐུབ་པ་ནི་གཟུ་བོར་གནས་མཁན་ཞིག་ཡིན་ན་མྱོང་བའི་སྒོ་ནས་ཤེས་ཐུབ་པས་དེ་ལ་རིགས་པ་ཅི་ལ་དགོས། དེ་མིན་གྲུབ་མཐའི་རྩ་བ་ཤིང་རྟ་ཆེན་པོའི་གཞུང་ལ་ཁུངས་གཏུགས་པའི་ལུགས་སུ་བྱས་ན། ཐ་སྙད་ཚད་གྲུབ་ཟེར་བ་དེ་འདྲ་ཐལ་འགྱུར་པའི་ཤིང་རྟའི་སྲོལ་འབྱེད་དག་གི་གཞུང་དུ་ནི་མ་མཐོང་མོད། གསར་གཏོད་འདྲ་ཡིན་ན་ཅི་ཤེས། དེ་བས་ད་དུང་ཀརྡོ་ལགས་ཀྱིས་ལྐོག་འགྱུར་དང་ཤིན་ཏུ་ལྐོག་འགྱུར་ཟེར་བའི་མིང་ཚིག་འདི་ལན་གཉིས་ཙམ་ཞིག་བཟླས་འདུག་ལ། རྟགས་ཡིན་དང་བརྟགས་གང་ཡིན་ཆ་མི་འཚལ་བ་འགའ་ཞིག་ཀྱང་གསུངས་འདུག་མོད། ཡིག་ལམ་ནས་བགྲོ་གླེང་བྱེད་པར་བརྡ་དག་དང་སྡེབ་སྦྱོར་གྱི་འགྲོས་གཙང་མ་ཞིག་མེད་ན་ལན་འདེབས་ཐབས་མི་འདུག་པས། སྐུ་མཁྱེན་ཡིག་ནོར་ཅུང་ཙམ་ཉུང་དུ་གཏོང་རོགས་གནོངས་དང་ངས་ཀྱང་རང་ཚོད་ཀྱིས་ལན་འདྲ་འདེབས་ཨེ་ཐུབ་ལ་བལྟ་བར་འདོད། ཧཧཧཧ
གཞོན་ནུ་ཟླ་མེད་ལགས་སུ། གུས་པའི་འདྲི་བ་དེར་ལན་གནོངས་པར་ཐུགས་རྗེ་ཆེ། རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་དེ་ལ་གནད་འགག་འདུག
༨༧༽ བཀྲ་ཤིས་དོན་འགྲུབ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༨ གི་ཆུ་ཚོད་ ༣ སྐར་མ་ ༣༡
ཧཧཧཧ ཀརྡོ་ལགས་ཀྱིས་རྒྱ་གར་དང་བོད་ཀྱི་བླ་མ་དེ་ཚོ། ཐ་སྙད་ཚད་གྲུབ་ཉམས་སུ་བླངས་ནས་རྟོགས་པ་གོང་མཐོར་སོང་ཡོད་པར་ཁས་ལེན་པ་འདི་ཡ་མཚན། ངས་བལྟས་ནས་ཐ་སྙད་ཚད་གྲུབ་ཉམས་སུ་བླངས་ནབདག་འཛིན་གོང་མཐོར་གཏོང་རྒྱུར་ཕན་ཐོགས་ན་མ་གཏོགས། བདག་འཛིན་ལ་གནོད་བྱེད་དུ་འགྲོ་མི་ཐུབ་པ་ནི་གཟུ་བོར་གནས་མཁན་ཞིག་ཡིན་ན་མྱོང་བའི་སྒོ་ནས་ཤེས་ཐུབ་པས་དེ་ལ་རིགས་པ་ཅི་ལ་དགོས། ་་་་ཞེས་པའི་ལན་དུ།
ཐ་སྙད་ཚད་གྲུབ་དང་གཞི་གྲུབ། ཡོད་པ། ཤེས་བྱ་ཚང་མ་དོན་གཅིག་མིང་གི་རྣམ་གྲངས་རེད། ཡོད་པ་ཙམ་ལ་བརྟེན་ནས་བདག་འཛིན་གོང་མཐོར་འགྲོ་ན་སངས་རྒྱས་ཐམས་ཅད་སངས་རྒྱས་མ་ཡིན་པར་ཐལ་ལོ།།
་་་་གསར་གཏོད་འདྲ་ཡིན་ན་ཅི་ཤེས། དེ་བས་ད་དུང་ཀརྡོ་ལགས་ཀྱིས་ལྐོག་འགྱུར་དང་ཤིན་ཏུ་ལྐོག་འགྱུར་ཟེར་བའི་མིང་ཚིག་འདི་ལན་གཉིས་ཙམ་ཞིག་བཟླས་འདུག་ལ། རྟགས་ཡིན་དང་བརྟགས་གང་ཡིན་ཆ་མི་འཚལ་བ་འགའ་ཞིག་ཀྱང་གསུངས་འདུག་མོད། ་་་་ཞིས་པའི་ལན་དུ།
མྱུ་གུ་ཆོས་ཅན། བདེན་པར་མ་གྲུབ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་བཞིན། ཞེས་པའི་རྟགས་ཀྱི་སྒྲུབ་བ་ྱསྟོང་ཉིད་དེ་ཅུང་ཟད་ལྐོག་འགྱུར་ཡིན་ཀྱང་། གཞན་མྱུ་གུ། རྟེན་འབྲེལ་དང་། བྱད་བཞིན་གྱི་གཟུགས་བརྙན་སསོགས་ཚང་མ་མངོན་སུམ་ཚད་མའི་ཡུལ་ཕྱི་རོལ་རྒྱང་འཕེན་པས་འདོད་པ་ཤ་སྟག་རེད་དོ། དེས་ན། རྗེ་རིན་པོ་ཆེ་དང་། ང་གཉིས་ཀྱིས་གསར་གཏོད་བྱས་པའི་ལུགས་གསར་ཅིག་གང་དུ་འདུག་སྟོན་ཅིག དེ་སྟོན་ཐུབ་ན་ཁྱོད་དངོས་གནས་བཀྲ་ཤིས་པ་དོན་འགྲུབ་པ་མིང་དོན་མཚུངས་པ་ཅིག་གྱུར་ངེས་སོ།།
༨༧༽ བཀྲ་ཤིས་དོན་འགྲུབ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༨ གི་ཆུ་ཚོད་ ༣ སྐར་མ་ ༣༡
ཧཧཧཧ ཀརྡོ་ལགས་ཀྱིས་རྒྱ་གར་དང་བོད་ཀྱི་བླ་མ་དེ་ཚོ། ཐ་སྙད་ཚད་གྲུབ་ཉམས་སུ་བླངས་ནས་རྟོགས་པ་གོང་མཐོར་སོང་ཡོད་པར་ཁས་ལེན་པ་འདི་ཡ་མཚན། ་་་་་་ཞེས་པའི་ལན་དུ།
ང་ལ་ཐ་སྙད་ཚད་གྲུབ་ཟེར་ན། ཐ་སྙད་དུ་ཡོད་པ་ཚད་མས་གྲུབ་ཟེར་བའི་དོན་ལ་གོ་བས། ཡོད་ཚད་དམ་གཞི་གྲུབ་ཚད་རང་རང་ཡོད་པར་རྟོགས་པའི་ཐ་སྙད་པའི་ཚད་མས་གྲུབ་པར་ངེས་པས། ཐ་སྙད་ཚད་གྲུབ་ཁས་མི་ལེན་མཁན་ཅིག་ཡོད། དེ་ནི་ཆད་མཐར་ལྷུང་ཟིན་པའམ། ཆད་མཐར་ལྷུང་བར་སྲིད་པས་གཟབ་དགོས་པ་ཡོད་ད། །ཞེས་བཀྲ་ཤིས་དོན་འགྲུབ་སོགས་ལ་གདམས་པའོ།།